ཀྲུང་གོ་བོད་ཀྱི་དྲ་བ།

འཁྱམ་སྨྱོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འཁྱམ་རུ་གནམ་ལྷ་རྒྱལ།   སྤེལ་དུས། : 2016-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཁྱམ་རུ་གནམ་ལྷ་རྒྱལ།(པེ་ཅིན)

འཁྱམ་སྨྱོན་ནི་སྙན་ངག་པ་ཞིག་གི་སྨྱུག་མིང་ཡིན།

ཁོའི་སྙན་ངག་ལ་གཞན་སེམས་འགུག་ནུས་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་མངའ་བས།  ཁོ་ལ་དགའ་བསུ་ཐོབ་པའི་ཀློག་པ་པོ་ནི་བགྲང་གིས་མི་ལང་།  ང་ཡང་ཁོའི་སྙན་ངག་ཀློག་རྒྱུར་ཤིན་ཏུ་དགའ་བོ་ཡོད་པའི་དང་རྟེན་མི་སྣ་ཞིག་ཡིན་ཕྱིར།  ཁོའི་སྙན་ངག་མང་པོ་ནི་མིག་བཙུམས་ན་བློ་ནས་ཤར་མར་སྐྱོར་ཐུབ།

ལོ་གཅིག་གི་ཡར་སྔོན་དུ། ཁོའི་སྙན་ངག་ལ་དུས་དེབ་གྲགས་ཅན་ག་གེ་མོའི་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ་སྟེ།  ཁོའི་སྙན་པའི་གྲགས་པ་སྔར་བར་འབར་བ་དང་བསྟུན།  ཀློག་པ་པོའི་གྲངས་ཀ་ནི་ལྡབ་འགྱུར་གྱིས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་།  རྒྱལ་ཁབ་ཕྱི་ནང་ཀུན་ན་ཁོའི་སྙན་ངག་ལ་དཔྱད་བརྗོད་སྤེལ་མཁན་དང་།  ལད་ཟློས་བྱེད་མཁན།   དབྱངས་ལ་གྱེར་མཁན་སོགས་ནི་ཧ་ཅང་མང་།   ཧ་ཅང་མང་།

ཡུན་རིང་མ་འགོར་བར། དུས་དེབ་མང་པོ་ཞིག་གི་སྟེང་དུ་སྙན་ངག་པ་འཁྱམ་སྨྱོན་གྱི་པར་དང་བཅས་ཏེ་ཁོའི་སྙན་ངག་མང་པོ་བཀོད་ཡོད་ལ། རྩོམ་སྒྲིག་ཁང་ལ་ལས་ད་དུང་འཁྱམ་སྨྱོན་གྱི་སྙན་ངག་ཆེད་བསྒྲིགས་ལེ་ཚན་བཟོ་འཆར་ཡོད་པའི་གཏམ་བཟང་ཞིག་ཀྱང་ག་སར་བསྒྲགས་མ་ཐག   དུས་དེབ་མངགས་ཉོ་བྱེད་མཁན་ནི་རིམ་གྱིས་ཇེ་མང་དུ་གྱུར་ཅིང་།   ང་རང་ཡང་དེ་ལས་མ་འདས་ཏེ།   ལོ་རེའི་དུས་དེབ་ཆ་ཚང་མངགས་ཉོ་བྱས་པ་ཡིན།

རྩོམ་སྒྲིག་པ་ཚོས་དུས་དེབ་དུས་ལྟར་བསྐུར་ཡོང་ངེས།

ང་ལ་འབྱོར་བའི་དུས་དེབ་ནི་ཐོག་མར་ང་ཚོའི་ལས་ཁུངས་ཀྱི་ཚགས་ཡིག་གཏོང་ལེན་ཁང་དུ་འབྱོར་བ་ཡིན་ལ།   དེ་ནས་དེ་གའི་འགན་ཁུར་མི་སྣས་ང་ལ་ཁ་པར་བཏང་སྟེ་དངོས་པོ་ལེན་པར་འབོད་པ་དང་།  སྐབས་རེར་ང་དངོས་སུ་སོང་སྟེ་ཐད་ཀར་ཁྱེར་ཡོང་བ་ཡིན།   ཡིན་ཡང་།   ཟླ་འགའི་སྔོན་ནས་བཟུང་།  ང་ལ་དུས་དེབ་གཅིག་ཀྱང་འབྱོར་མ་བྱུང་།  དངོས་འབྲེལ་འབྱོར་མ་བྱུང་།   ངས་ཇི་ལྟར་བསྒུགས་རུང་དུས་དེབ་ནི་ཅིས་ཀྱང་འབྱོར་མ་བྱུང་།  ངས་དུས་དེབ་ཁང་སོ་སོར་ཁ་པར་ལན་འགའ་བཏང་ཡང་། རྩོམ་སྒྲིག་པ་ཚོས་ང་ལ་དུས་དེབ་བསྐུར་ཟིན་ཞེས་ནན་ནན་ཏིག་ཏིག་གིས་བརྗོད།   ངས་ང་ལ་མ་འབྱོར་བའི་རྒྱུ་མཚན་གསལ་བོར་བརྗོད་པ་ན།  ཁོ་ཚོས་དེས་ན་ཡང་བསྐྱར་བསྐུར་ཡོང་ཞེས་ཁས་འཆེས་མོད།  ཡ་མཚན་པ་ལ།   ངས་སྔར་ལྟར་ཇི་ལྟར་བསྒུགས་རུང་དུས་དེབ་གཅིག་ཀྱང་ལག་ཏུ་རེག་མ་བྱུང་།

ང་རང་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་སྟེ་ལས་གྲོགས་འགའ་ལ་གནས་ཚུལ་འདི་བརྗོད་པར།  ལས་གྲོགས་ཚོས་ཡ་མཚན་པའམ་ཡིད་མི་ཆེས་པའི་མིག་ཟུང་གིས་ང་ལ་ལྟ་བ་ལས་གཅིག་གིས་ཀྱང་སྐད་ཆ་ལུགས་མཐུན་ཞིག་བརྗོད་མ་སོང་།   དེ་བས་ངས་མུ་མཐུད་དུ་དུས་དེབ་ལག་ཏུ་འབྱོར་བར་རེ་བསྒུག་བྱས།   དེའང་མཐར་གཏུགས་ན། ངས་འཁྱམ་སྨྱོན་གྱི་སྙན་ངག་གསར་བ་དག་ཀློག་འདོད་པའི་འདུན་པ་དྲག་ཏུ་འཕྱུར་བས་མ་ཡིན་ནམ།

འདི་ལྟར།   ངས་འཁྱམ་སྨྱོན་གྱི་སྙན་ངག་ལ་བསྒུགས་ཏེ་རེ་ཞིག་འུ་ཐུག་སོང་།

ཉིན་ཞིག ང་ལས་ཚོགས་གྲོལ་ཏེ་ཕྱི་ལ་ལོག་པའི་སྐབས་སུ།   བགྲེས་མོ་དབུ་སྐྲ་དཀར་པོ་ཅན་ཞིག་ལས་ཁུངས་ཀྱི་ཚགས་ཡིག་གཏོང་ལེན་ཁང་དུ་ལུས་པོ་འཁྱར་འཁྱོར་གྱིས་སྒོར་བུད་བྱུང་ལ། མཆན་དུ་དཔེ་དེབ་འགའ་བཅུག་ནས་ག་ལེར་མདུན་ཕྱོགས་སུ་ཆས་པ་མཐོང་བྱུང་།   ངས་བགྲེས་མོ་དེའི་མཆན་འོག་གི་དཔེ་དེབ་དེ་དག་ལ་ཞིབ་ཀྱིས་ཐེངས་ཤིག་བལྟས་པ་ན།  དེ་དག་གི་རྒྱབ་ཤོག་ནི་ངས་ཡར་སྔོན་མངགས་ཉོ་བྱས་པའི་དཔེ་དེབ་དག་གི་ཁ་དོག་དང་གཅིག་མཚུངས་ཡིན་འདུག   ང་རེ་ཞིག་ནེམ་ནུར་གྱི་ངང་ནས་སྡོད་པ་ལ།   བགྲེས་མོའི་མཆན་དུ་བཅུག་པའི་དཔེ་དེབ་དག་ལས་དེབ་གཅིག་གློ་བུར་དུ་ས་ལ་ལྷུང་སོང་།   ངས་ལམ་སེང་གོམ་གསུམ་མདུན་དུ་སྤོས་ཏེ་བལྟས་ཚེ།   ཏག་ཏག་ང་ལ་མ་འབྱོར་བའི་དུས་དེབ་དེ་ཡིན་འདུག

ཡ་མཚན་པ་ལ།

བགྲེས་མོ་དེ་རྐུན་མ་ཞིག་ཡིན་ནམ་སྨྱོན་པ་ཞིག་ཡིན་ནམ། ཁོ་མོའི་ཆ་བྱད་ལ་བརྟགས་ན་ཕལ་ཆེར་བོད་མི་ཞིག་ཡིན་པ་འདྲ།

སྐབས་དེར།   ངས་རང་ལ་ཅིའི་ཕྱིར་དུས་དེབ་གཅིག་ཀྱང་འབྱོར་མ་བྱུང་བ་གཞི་ནས་ཧ་གོ་སོང་།  བགྲེས་མོ་དེས་ས་ལ་ལྷུང་བའི་དཔེ་དེབ་དེ་ཡར་བསྒྲུགས་རྗེས་མུ་མཐུད་དུ་ལུས་པོ་འཁྱར་མ་འཁྱོར་གྱིས་མདུན་ཕྱོགས་སུ་ག་ལེར་བསྐྱོད་བཞིན་ཡོད་ལ། ང་ནི་སྔར་གྱི་གནས་སུ་འགྲེང་སྟེ་ཡུད་ཙམ་ལ་བསམ་གཞིག་གི་ལས་ལ་རོལ་དགོས་བྱུང་།

“ཨ་ཕྱི་བགྲེས་མོ་ལགས—” ང་བགྲེས་མོའི་རྗེས་སུ་རྒྱུགས་ཏེ་ཅུང་གུས་ལུགས་དང་བཅས་ཁོ་མོ་བོས་ནའང་།  སེམས་སུ་དོགས་གཞི་སྣ་ཚོགས་ཤིག་དབྱར་གྱི་སྤྲིན་པ་ཇི་བཞིན་ལང་ལོང་དུ་འཕྱུར་བཞིན་གདའ།

བགྲེས་མོ་དེས་གོམ་པའི་འདེགས་མཚམས་བཞག་ཏེ་མགོ་བོ་ག་ལེར་ཕྱིར་འཁོར་བྱུང་།

“ཨ་ཕྱི་བགྲེས་མོ་ལགས—” ངས་བགྲེས་མོའི་གདོང་ལ་བལྟས་ཏེ་ཟོལ་བཅོས་ཀྱི་འཛུམ་ཞིག་བསྟན་རྗེས “ཨ་ཕྱི་བགྲེས་མོ་ལགས།  ཁྱེད་རང་གང་དུ་ཕེབས་སམ”ཞེས་བོད་སྐད་ཀྱི་ལམ་ནས་དྲིས་པར།   བགྲེས་མོས་ངའི་མགོ་རྐང་ཀུན་ལ་ཐེངས་ཤིག་བལྟས་རྗེས།   “ཁྱོད་སུ་ཡིན”ཞེས་བོད་སྐད་ཀྱིས་ལབ་བྱུང་།   དེའི་དུས་ངའི་སེམས་སུ་བགྲེས་མོ་འདི་མ་གཞི་བོད་པ་ཞིག་རེད་ཨང་སྙམ་ནས་དགའ་སྣང་ཞིག་དང་སྐྱོ་སྣང་ཞིག་ལྷན་དུ་བསྡེབས་ཏེ་འཕོས་བྱུང་།

“ཨ་ཕྱི་བགྲེས་མོ་ལགས།  ངས་ལས་ཁུངས་འདི་གར་བྱ་བ་གཉེར་བཞིན་ཡོད།”ངས་གོང་འཛུབ་ཀྱིས་ལས་ཁུངས་ཕྱོགས་སུ་སྟོན་ཙམ་བྱས་རྗེས།   མིག་གིས་བགྲེས་མོའི་མཆན་འོག་གི་དཔེ་དེབ་གཞན་དག་ལ་འཁྱུག་ཙམ་བལྟས་པར་ཏན་ཏན་ང་ལ་མ་འབྱོར་བའི་དུས་དེབ་དེ་དག་ཡིན་འདུག  བར་སྐབས་དེར། ང་ལ་དོགས་མི་བདེ་བའི་སེམས་ཚོར་ཞིག་ཐོལ་གྱིས་བརྡོལ་ཡོང་ནའང་། རང་ལ་དུས་དེབ་དེ་དག་འབྱོར་བའི་ཆེད་དུ་ངག་སྒོ་འདི་ལྟར་མི་ཕྱེས་ཐབས་མེད་བྱུང་སོང་།    “ཨ་ཕྱི་བགྲེས་མོ་ལགས།   ཁྱེད་ཀྱིས་བསྣམས་པའི་དཔེ་དེབ་འདི་དག་ངའི་མ་ཡིན་ནམ།   ང་ལ་དུས་དེབ་འདི་དག་མ་འབྱོར་ཡུན་རིང་འགོར་སོང་།”

བགྲེས་མོ་དེས་ཡུད་ཙམ་ལ་ཁ་ཅི་ཡང་མ་གྲག་པར་བསྡད་པས།   ང་སྔར་བས་ཡ་མཚན་ཆེན་པོ་སྐྱེས་ཏེ་རེ་ཞིག་ཁོ་མོའི་གདོང་ལ་ཅེར་ནས་འདུག་དགོས་བྱུང་།

“ཅི་ཟེར།   འདི་དག་ཁྱོད་ཀྱི་ག་ལ་ཡིན།  མིན་ཏེ་ངའི་ཡིན། ”སྐབས་ཤིག་ལ་ཨ་ཕྱི་བགྲེས་མོས་བདེན་ཅོག་ཅོག་གིས་དེ་ལྟར་བརྗོད་ཅིང་།   མིག་ཟུང་དུ་རང་རློམ་དང་ཡིད་ཆེས་ཀྱིས་ཁེངས་འདུག

 “ཨ་ཕྱི་བགྲེས་མོ་ལགས།   དུས་དེབ་འདི་དག་ངས་ལོ་རེར་མངགས་ཉོ་བྱས་པ་ཡིན།   འོན་ཏེ།  ཟླ་འགའི་སྔོན་ནས་བཟུང་།   ང་ལ་དུས་དེབ་གཅིག་ཀྱང་འབྱོར་མ་བྱུང་།   མ་གཞི་ཁྱེད་ཀྱིས་ཁྱེར་སོང་བ་རེད་ཨང་།”ངས་ཡང་བསྐྱར་ཟོལ་བཅོས་ཀྱི་འཛུམ་ཞིག་བསྟན་རྗེས་བགྲེས་མོས་ཅི་ཟེར་ལ་བསྒུག་ནས་བསྡད།

“ཅི་ཟེར།  ཁྱོད་ཀྱིས་ངས་བརྐུས་པ་རེད་ཟེར་བ་ཡིན་ནམ།”ཨ་ཕྱི་བགྲེས་མོ་གློ་བུར་དུ་ཁོང་ཁྲོ་ལངས་ཏེ།   ཅི་ཞིག་ལ་འདང་ཞིག་བརྒྱབ་རྗེས་ཡང་བསྐྱར། “ཨ།  ཁྱོད་ཀྱིས་ངས་བརྐུས་པ་རེད་ཟེར་བ་ཡིན་ནམ”ཞེས་ནན་འདྲི་བྱས་བྱུང་།

“ག་ལ།  ག་ལ།   དེའི་དོན་ག་ལ་ཡིན……”ང་ལ་འཚུབ་ཆ་གློ་བུར་བ་ཞིག་ལྡང་བྱུང་བས་ཡུན་ཙམ་ལ་ཅི་ཞིག་འཆད་དགོས་པའང་མ་ཤེས་པར་ལུས།

“འོ་ན?” ཨ་ཕྱི་བགྲེས་མོའི་གདོང་ལ་རང་ལ་མ་ཉེས་ཁ་གཡོགས་ཐེབས་པའི་རྣམ་འགྱུར་ཞིག་གིས་ཁེངས་འདུག

“དེའི་དོན་གཏན་ནས་མིན།  ང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཁྱེད་ཀྱིས་དུས་དེབ་འདི་དག་བསྣམས་ནས་ཅི་ཞིག་བྱའམ།”ངའི་རང་གི་དོགས་པ་སེལ་ཆེད་སྐད་ཆ་ཡག་ལམ་ལ་བསྒྱུར།

“འོ་ན།  ཁྱོད་ལ་འདི་དག་གིས་ཅི་བྱའམ།”ཨ་ཕྱི་བགྲེས་མོས་དེ་མ་ཐག་ང་ལ་ལྡོག་འདྲི་བྱས་བྱུང་།

“ངས་དུས་དེབ་འདི་དག་ལས་འཁྱམ་སྨྱོན་གྱི་སྙན་ངག་ཀློག་འདོད་པ་དེ་ཡིན།” ངས་དང་ཐོག་དྲིས་ལན་གཞན་ཞིག་ལ་བསམ་གཞིག་བཏང་མོད།    མཐར་ཨ་ཕྱི་བགྲེས་མོ་དེ་ལ་འདི་ལྟར་དྲང་གཏམ་བརྗོད་པ་ཡིན།

ཨ་ཕྱི་བགྲེས་མོས་ངའི་སྐད་ཆ་དེ་ཐོས་འཕྲལ།  གདོང་ལ་བཅོས་མིན་ལྷུན་གྱིས་གྲུབ་པའི་དགའ་སྣང་ཞིག་མངོན་བྱུང་མོད།   འོན་ཀྱང་།  ཡུད་ཙམ་གྱི་རྗེས་སུ་དགའ་སྣང་དེ་ཅིས་ཀྱང་རྟོགས་དཀའ་བའི་སྐྱོ་སྣང་ཟབ་མོ་ཞིག་ཏུ་གྱུར་སོང་།

ཕྱིས་སུ་རྩད་གཅོད་བྱས་པ་ན།  ཨ་ཕྱི་བགྲེས་མོ་དེ་ནི་ང་ཚོའི་ལས་ཁུངས་ཀྱི་ལས་བྱེད་རྒན་རབས་པ་ཞིག་ཡིན་ལ།  ལས་འཁྱུར་ངལ་གསོ་བྱས་ཏེ་ལོ་ངོ་ཉི་ཤུ་ལྷག་འགོར་འདུག   ཁོ་མོའི་ཁྱོ་ག་ནི་ང་ཚོའི་ལས་ཁུངས་གསར་དུ་འཛུགས་པའི་སྐབས་ཀྱི་འགོ་ཁྲིད་དང་པོ་དེ་ཡིན་པ་དང་།   ཁོའི་མཛད་འཕྲིན་ནི་བསམ་གྱིས་མི་ཁྱབ་ལ་མཚན་སྙན་གྲགས་ཤིན་ཏུ་ཆེ་ཞེས་ད་ལྟའི་ལས་བྱེད་རྒན་པ་དག་གིས་སྨྲ།  ཡིན་ཡང་ཨ་ཕྱི་བགྲེས་མོའི་ཁྱོ་ག་དེ་ནི་ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ་མི་འདོད་ནད་ཀྱི་གཟེབ་འོག་ནས་ཅིས་ཀྱང་ཐར་བའི་སྐལ་བ་མ་བྱུང་བས་ཚེ་ཡི་འཕེན་པ་རྫོགས་སོང་།    ཁོང་གཉིས་ལ་མིང་ལ་རྡོ་རྗེ་གྲགས་པ་ཟེར་བའི་བུ་ཞིག་ཡོད་པ་གཞོན་དུས་ནས་ཕྱི་རྒྱལ་ལ་སློབ་སྦྱོང་དུ་མངགས་མོད།  རྟིང་སོར་ཕྱིར་ལོག་ཏེ་བྱ་བའི་ལས་རྐང་དུའང་མ་ཞུགས་པར་ག་ས་གང་དུ་འཁྱམས་ནས་བསྡད།

“ཨ་མའི་ལོ་ལོ།   ཁྱོད་འདི་ལྟར་མ་འདུག་ཨང་།   ལས་ཀ་ཞིག་རེག་ཨེ་ཐུབ་འབད་ན་མི་བཟང་ངམ།”

ལན་ཞིག་རྡོ་རྗེ་གྲགས་པ་ཕྱིར་ཡུལ་དུ་ལྡོག་པར།   ཨ་མས་ཐུགས་འཁུར་དང་སེམས་ཁྲལ་ཆེན་པོས་དེ་ལྟར་བརྗོད།   དེ་དུས་རྡོ་རྗེ་གྲགས་པའི་ཨ་ཕ་སྔ་མོ་ནས་འདས་ཟིན་ལ།  ཨ་མ་ཡང་ལས་བསྐྱུར་ངལ་གསོ་བྱས་ཏེ་རིང་ཙམ་ཕྱིན་འདུག   ཡིན་ནའང་།   ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཟེར་བའི་དཔེ་ལྟར་རྡོ་རྗེ་གྲགས་པས་ནི་ཨ་མའི་རེ་བ་ལྟར་ལས་ཀ་ཅི་ཡང་བཙལ་མ་བྱུང་།  མཐར་ཨ་མའི་རེ་བའང་མར་མེ་ཟད་པ་ལྟར་གྱུར་ཞིང་། ནམ་རྒྱུན་ཕ་རྒོད་པོ་ཤ་གཟན་ཞིག་ལ་བུ་ཁྭ་ཏ་སྐྱག་གཟན་ཞིག་འདུག་ཅེས་རང་གི་བུ་ལ་སྡིགས་དམོད་གཏོང་།   དེ་ནས་བཟུང་།  རྡོ་རྗེ་གྲགས་པ་ཐེངས་གཅིག་ལའང་ཕྱིར་ཡུལ་དུ་ལྡོག་རྒྱུ་མ་བྱུང་ལ།   ཨ་མས་ཀྱང་རྡོ་རྗེ་གྲགས་པའི་སྐོར་གྱི་སྐད་ཆ་ཚིག་གཅིག་ཀྱང་ཐོས་ཐུབ་མ་བྱུང་།

ཉིན་དེར།   ངས་ཨ་ཕྱི་བགྲེས་མོ་དེ་ལ་ངས་དུས་དེབ་འདི་དག་ལས་འཁྱམ་སྨྱོན་གྱི་སྙན་ངག་ཀློག་འདོད་པ་དེ་ཡིན་ཞེས་བརྗོད་མ་ཐག   ཁོ་མོའི་གདོང་གི་དགའ་སྣང་དེ་རྟོགས་དཀའ་བའི་སྐྱོ་སྣང་ཟབ་མོ་ཞིག་ཏུ་གྱུར་སོང་།   དེ་ནས་དར་ཅིག་འགོར་རྗེས།   ཁོ་མོས་ངའི་ལག་པར་འཇུས་ཏེ་ང་ལ་ཞུ་བའི་ཚུལ་དུ་འདི་ལྟར་བརྗོད་བྱུང་།

“ཁོ་རང་ད་ལྟ་ཡུལ་གང་དུ་ཡོད་པ་ཤེས་སམ།  ངས་ཁོ་རང་འདི་ལྟར་པར་ངོས་ལས་མཐོང་ཐུབ་པ་ལས་དངོས་སུ་མཇལ་མི་ཐུབ།  འདི་ནི་ང་ལ་མཚོན་ན་མནར་གཅོད་ཅིག་རེད། བུ་ཆུང་གནམ་གྱིས་སྲུང་རྒྱུ་བོ།   ངས་ཁྱོད་ལ་སྐད་ཅིག་བསྐུར།   གལ་སྲིད་ཁྱོད་རང་ངའི་བུ་འཁྱམས་པོ་དེ་དང་ཕྲད་ཚེ།   ཁོ་ལ་ཁྱོད་ཀྱི་ཨ་མ་ནད་ཀྱིས་གཟིར་ཏེ་འཆི་ལ་ཉེ་ཞེས་བརྗོད་རོགས་ཞུ།  ངེས་པར་བརྗོད་རོགས་ཞུ། བུ་ཆུང་གནམ་གྱིས་སྲུང་རྒྱུ་བོ། …… ”

ཨ་ཕྱི་བགྲེས་མོས་ཁ་ཤ་ལྷབ་ལྷུབ་ཏུ་འདར་བཞིན་འདི་ལྟར་བརྗོད་རྗེས།  མཆན་གྱི་དཔེ་དེབ་དེ་དག་ཡུན་གྱིས་ང་ལ་སྤྲད་བྱུང་ལ།   དེ་ནས་ལུས་པོ་འཁྱར་འཁྱོར་གྱིས་མདུན་ཕྱོགས་སུ་ཆས་སོང་།

གོམ་འགྲོས་ཧ་ཅང་དལ།   ཧ་ཅང་དལ།

ངས་ཨ་ཕྱི་བགྲེས་མོའི་རྒྱབ་གཟུགས་ལ་ཅེར་བཞིན་མིག་མཐར་དབང་མེད་དུ་མཆི་ཞགས་འཁོར་བྱུང་ལ།   ཁོ་མོས་ང་ལ་སྤྲད་པའི་དུས་དེབ་ཅིག་གི་རྒྱབ་རོལ་དུ་འཁྱམ་སྨྱོན་གྱི་མགོ་པར་ཞིག་བཞག་ཡོད་པ་མཐོང་འཕྲལ།   སེམས་ཀྱི་ག་ཤེད་ཅིག་ནས་རང་ཉིད་མཆོག་ཏུ་དགའ་བའི་སྙན་ངག་པ་དེ་ལ་སྡང་སེམས་ཤིག་ཀྱང་འགོག་མེད་དུ་འཕོས་བྱུང་།

༢༠༡༦ལོའི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་གྱི་མཚན་མོར་པེ་ཅིན་མཁར་ནས་རྫོགས་པར་བྲིས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།