ཀྲུང་གོ་བོད་ཀྱི་དྲ་བ།

རྒད་པོ་ཉི་མ་དང་ཁོའི་སྟོད་ཉི་མ་ལྷ་ས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྒོ་མེ་ཚེ་རིང་བཀྲ་ཤིས།   སྤེལ་དུས། : 2016-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒོ་མེ་ཚེ་རིང་བཀྲ་ཤིས།

རྒད་པོ་ཉི་མས་དབྱར་ཆར་མི་ཁོགས་ཤིང་དགུན་ཙག་མི་ཐུབ་པའི་སྦྲ་རྒན་རྙིང་རལ་དེ་སྲེག་བྱེད་ཀྱི་ཁ་ལ་ཕངས་མེད་དུ་སྦྱིན་རྗེས།སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་ཆས་སོང་།འབྲོག་སྡེ་ཆེན་པོ་དེའི་མི་གཅིག་ཀྱང་སྟོད་ཉི་མ་ལྷ་སར་སོང་མ་མྱོང་ནའང་།འབྲོག་སྡེ་ཆེན་པོ་དེའི་གྲུ་ག་སོ་སོར་སྟོད་ཉི་མ་ལྷ་སའི་སྐོར་གྱི་ངག་རྒྱུན་སྣ་ཚོགས་རླུང་ལྟར་ལྡང་བཞིན་འདུག་པས།རྒད་པོ་ཉི་མས་ཆུང་ངུའི་དུས་ནས་ཕ་མེས་ཚོའི་ཁ་ནས་སྟོད་ཉི་མ་ལྷ་སའི་གཏམ་རྒྱུད་མང་དུ་ཐོས་མྱོང་།ཡང་གཅིག་བཤད་ན།རྒད་པོ་ཉི་མ་ནི་སྟོད་ཉི་མ་ལྷ་སའི་གཏམ་རྒྱུད་ཁྲོད་ནས་ནར་སོན་ཞིང་རྒས་པ་ཡིན།ཡིན་ཀྱང་།ད་ལྟ་འབྲོག་སྡེ་དེའི་གྲུ་ག་སོ་སོར་སྟོད་ཉི་མ་ལྷ་སའི་སྐོར་གྱི་གཏམ་རྒྱུད་གླེང་མཁན་མེད་པར།རྒད་པོ་ཉི་མ་སྟོད་ཉི་མ་ལྷ་སར་བུད་སོང་བའི་གཏམ་རྒྱུད་ནི་གཅིག་ཁ་གཅིག་བརྒྱུད་ཅིང་། བརྒྱ་ཁ་སྟོང་བརྒྱུད་ནས་རླུང་ལྟར་ལྡང་བཞིན་འདུག

རྒད་པོ་ཀ་པས།  “ཉི་མ་གླེན་སྟུག་དེ་སྟོད་ཉི་མ་ལྷ་སར་བསླེབ་ཐུབ་བམ”ཟེར།

རྒད་པོ་ཁ་པས།  “མི་ངན་དེ་གདང་ལ་ནས་ཁངས་མི་འགྲོ་ཨང”ཟེར།

རྒད་པོ་ག་པས།  “བསྟན་དགྲ་དེ་སྤྱང་ཀིའི་ཁ་ཟས་སུ་གྱུར་འགྲོ་བ་ཁོ་ཐག་ཡིན”ཟེར།

རྒད་པོ་ང་པས།  “ཧ་བོ། ཁྱི་སྐྱག་དེ་ཡང་སྟོད་ཉི་མ་ལྷ་སར་འགྲོ་ཐུབ་བམ”ཟེར།

རྒད་པོ་ཅ་པས།  “……”

ཁོ་དང་རུ་སྡེ་གཅིག་པའི་ན་མཉམ་རྒད་པོ་ཚོས་གཞུ་ཆག་སྣེ་མོ་གང་འཕྲོད་དུ་སྦྱར་ཏེ།གཏད་མེད་གཏོད་མེད་ཀྱི་སྦིར་གཏམ་སྒྲོག་ཐུབ་ཐུབ་བྱེད་ཀྱང་།རྒད་པོ་ཉི་མ་སྟོད་ཉི་མ་ལྷ་སར་བུད་སོང་བ་ནི་བདེན་པ་ཤ་སྟག་ཡིན།ཉིན་དེར་རྒད་པོ་ཉི་མས་འབྲོག་སྡེ་ཆེན་པོ་དེའི་གཉའ་ཡི་མི་སྣ་ཉག་ཅིག་གི་སྣ་དང་འདྲ་བའི་ཉག་ག་ཞིག་ཡོད་པ་དེ་རུ།རང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་དང་རང་ཉིད་འཚར་ལོངས་བྱུང་སའི་རུ་སྡེ་ཁྲ་མོའི་ཕྱོགས་སུ་འཁོར་ཏེ་ཕྱག་གསུམ་བཙལ་རྗེས།ཕྱིར་འཁོར་མེད་པར་བུད་སོང་།རྣམ་པ་དེ་འབྲོག་སྡེ་ཆེན་པོ་དེའི་མི་ཚང་མའི་མངོན་སུམ་མིག་གི་མཐོང་ཡུལ་དུ་གྱུར།

རྒད་པོ་ཉི་མ་ནི་མི་ལས་ངན་ཞིག་སྟེ།རིག་གསར་གྱི་རླུང་འཚུབ་ག་ས་ཀུན་ཏུ་ལྡང་བཞིན་པའི་ལོ་ཟླ་ནག་པོ་དེའི་ནང་དུ།ཁོ་ཚང་གི་མགོར་ཡོང་ཡོང་ཞིག་འབྲོག་སྡེ་ཆེན་པོ་དེའི་མི་ཚང་སུ་ཞིག་གི་མགོར་ཡང་ཡོང་མ་མྱོང་།གྲལ་རིམ་གྱི་དབྱེ་བ་ཧ་ཅང་གསལ་བའི་ལོ་དེ་དག་གི་རིང་ལ།ཁོ་ཚང་ནི་བླ་མའི་ཁྱིམ་རྒྱུད་དུ་གཏོགས་པའི་དབང་གིས་རྒྱུ་ནོར་ཡོད་ཚད་གཞུང་བཞེས་གནང་ཞིང་།ཁྱིམ་མི་རྣམས་ཀྱི་མགོ་ལ་ཞྭ་མོ་གང་དགར་བསྐོན་ནས་འདོད་འདོད་ཅིག་བྱས་མྱོང་།དཀའ་སྡུག་གི་དུས་ཡུན་རིང་མོ་དེའི་ནང་ཁོ་ཚང་གི་ཨ་བ་ཨ་མ་རྣམས་གསོད་དགོས་པ་བསད།མ་བསད་པ་དག་གིས་ཀྱང་ཉིན་མཚན་མེད་པའི་མནར་གཅོད་དྲག་པོ་མ་བཟོད་པར་གཡང་ལ་མཆོངས་པའམ་ཆུ་ལ་ལྕེབས་པ།གང་ལྟར་སྡུག་བསྔལ་ལྕི་མོ་མྱངས་པའི་གོ་རིམ་དེའི་ཁྲོད་ཁོ་ཚང་གི་ཉེ་འབྲེལ་རྩ་ལག་རེ་རེ་བཞིན་ཤ་ཟད་ནས་རུས་ལ་གཏུགས་ཤིང་།རུས་ཟད་ནས་རྐང་ལ་གཏུགས་ཏེ་སྔ་ཕྱིར་མུན་ནག་ཕྱི་མའི་ཡུལ་དུ་འཁྱམ་སོང་།ཤུལ་དུ་ལུས་པ་ནི་སྒྲུང་གཏམ་འདིའི་བརྗོད་བྱར་གྱུར་པའི་རྒད་པོ་ཉི་མ་གཅིག་པུ་ཡིན།

དྲང་མོར་བཤད་ན།རྒད་པོ་ཉི་མ་ལའང་ཁག་མི་འདུག་སྟེ།མུན་ནག་གི་ལོ་ཟླ་དེར་རང་གི་ཚེ་སྲོག་གི་རྒྱུན་བསྲིང་ཆེད། ཡང་ན་ཁྱིམ་རྒྱུད་དེ་ཚེ་སྲོག་གི་ས་བོན་འཇིག་རྟེན་དཀར་ངོགས་ནས་ཤུལ་མེད་དུ་མི་འགྲོ་བའི་ཆེད་དུ།མ་ཡུམ་གྱི་གདམ་ངག་ཡིད་ལ་དམ་པོར་བཅངས་ཏེ་མི་ལས་དགུ་ལས་ཅི་ཡང་བྱས་མྱོང་།མ་ཡུམ་ལགས་ཕྱི་མའི་འཕྲང་ལམ་འགྲིམ་ཁ་མར་ཁོར་མཆི་མ་ཉིལ་ལེར་མགྲིན་པ་རྣོང་བཞིན་ཞུ་ཚིག་འདི་འདྲ་ཞིག་ཕུལ་མྱོང་སྟེ། “ཉི་མ་ལོ་ལོ། ཁྱོད་ནི་ངེད་ཚང་གི་ཤུལ་འཛིན་གཅིག་པུ་ཡིན་པས། ཁྱོད་ཀྱིས་ཕ་རོ་མ་རོ་བསློག་དགོས་ཀྱང་འཇིག་རྟེན་དུ་གསོན་ཐབས་བྱེད་དགོས།ང་ལ་རེ་བ་འདི་ལས་ཅི་ཡང་མེད།ངས་ཕྱི་མའི་ཡུལ་ནས་ཁྱེད་ལ་འཁང་ར་དང་དམོད་ཚིག་འབོར་མི་སྲིད་ལ། ཁྱོད་ཀྱི་ཕ་མེས་ཡང་མེས་ཀྱིས་ཀྱང་ཁྱོད་ལ་གུ་ཡངས་གཏོང་ཁོ་ཐག་ཡིན”ཟེར། རླབས་ཆེན་གྱི་མ་ཡུམ་ཁོག་རྒྱ་ཅན་དེས་ཁོའི་ལག་མགོར་འཇུས་ཏེ་དེ་ལྟར་ཞུ་བ་ཕུལ་ རྗེས་མིག་ཟུང་ཡོངས་སུ་ཟུམ་སོང་།

སྐྱེ་བོ་ཚན་པོ་ཆེ་མུན་དོང་དུ་ཚུད་ཅིང་།གྲལ་རིམ་འཐབ་རྩོད་ཟོ་ཆུན་འཁྱུད་མོ་བཞིན་འཁོར་བའི་ཁྲོད་དུ། ཁོས་ཕ་རོ་མ་རོ་མ་སློག་ཀྱང་།མེ་སྤུར་རླུང་སྐུལ་གྱི་ཚུལ་དུ་མི་མང་པོར་སྐུལ་སློང་བྱས་ཤིང་།ཕ་མེས་ཡང་མེས་རྣམས་ནི་རང་གི་དགྲ་བོའི་ཚད་ལ་བཞག་སྟེ་དགག་རྒྱག་གི་མདུང་ཁ་རྣོན་པོས་བསྣུན་ཅི་ཐུབ་བྱས་མྱོང་།ཁོས་ལྷ་ཁང་མཆོད་ཁང་མེ་ལ་བསྲེགས་ཤིང་། ཁོས་འཇིམ་སྐུ་ཤིང་སྐུ་རྡུལ་དུ་བརླགས་ནས། ཚེ་གང་བོར་མི་ཐེག་པའི་ཉེས་པ་བསོག་ཅི་ཐུབ་ཀྱིས་རང་ཉིད་ལ“དཀར་འདོན”བྱས་མྱོང་སྟེ། ཁོ་ཡང་གཞན་གྱི་དགག་ཡུལ་ནས་གཞན་ལ་དགག་པའི་གསར་བརྗེ་པ་འཁྲུལ་མེད་ཅིག་ཏུ་གྱུར་ཅིང་།མང་ཚོགས་ཕལ་པ་ཞིག་ནས་ཧུར་བརྩོན་པ་ཞིག་དང་། ཧུར་བརྩོན་པ་ཞིག་ནས་དམར་སྲུང་དམག་གི་རུ་གཙོ་རུ་གྱུར།

ལ་ལས་ནི་རྣམ་སྨིན་ཡིན་ཟེར།ལ་ལས་ནི་ལས་དབང་ཡིན་ཟེར།གང་ལྟར་མི་རྣམས་ཀྱི་སྙིང་རླུང་སྟོད་ལ་འཚང་དུ་འཇུག་པའི་རླུང་འཚུབ་དེ་རེ་ཞིག་ ཞི་འཇགས་སུ་སོང་རྗེས། རྩྭ་ཐང་གི་ཁྱོན་ལ་རེ་བའི་ཉི་ཟེར་ཕྲ་མོ་བསྐྱར་དུ་འཕྲོས་ཀྱང་།ཉི་འོད་དེ་ནི་བསམ་བཞིན་དུ་རྒད་པོ་ཉི་མའི་མགོར་འཕྲོ་རྒྱུ་མ་བྱུང་།ར་དཀར་པོ་ལུག་ཁྱུར་མི་ཚུད་པའི་དཔེ་ལྟར།ཁོ་ནི་མི་ཚོགས་ཀྱི་མཆིལ་ཞགས་དང་སྡང་མིག་འཕེན་ཡུལ་དུ་གྱུར་པ་ནི་སྨོས་མེད་ཡིན་ཀྱང་།མ་བསམས་ས་ནས་ཁྱིམ་བཟའ་ཚང་བུས་ཕྲུག་དང་བཅས་པ་རྐྱེན་གློ་བུར་བ་སྣ་ཚོགས་ཀྱི་ཁྲོད་ནས་སྔ་ཕྱིར་ཁོ་དང་གྱེས་ཏེ་ཕྱི་མའི་འཕྲང་ལམ་འགྲིམས་སོང་བས་ཁོ་ནི་ཟླ་མེད་སྨྲ་བཅད་དུ་ལུས་ཤིང་།ཁོ་ཚང་གི་ཤུལ་འཛིན་གཅིག་པུར་གྱུར།

འཇིག་རྟེན་མི་ཡུལ་དུ་བྱུང་དང་འབྱུང་བཞིན་པའི་དོན་དག་དག་ནི།གཟུགས་མེད་ཀྱི་བཀོད་འདོམས་པ་གང་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱས་པ་དང་འདྲ་ལ། རི་གཟར་བོའི་ངོས་ཀྱི་རྦབ་རྡོ་དང་ཡང་འདྲ་སྟེ། དེ་ནི་སུ་ཡིས་ཀྱང་བཟློག་པར་དཀའ་འོ།།

རྒད་པོ་ཉི་མས་རང་གི་སྡིག་སྒྲིབ་བསྲབ་ཆེད།དེ་ལྟར་ཕ་ཁྱིམ་གྲུ་བཞི་དང་ཕ་ས་གོར་མོར་གྱེས་ཕྱག་ཕུལ་ཏེ་སྟོད་ཉི་མ་ལྷ་སར་ཆས་པ་རེད།རྒད་པོ་ཉི་མ་རུ་སྡེ་ཁྲ་མོ་དེའི་རྒད་པོ་ཚོས་བཤད་པ་ནངབཞིན།གདང་ལ་ནས་ཙག་གིས་མ་ཁངས་ཤིང་སྤྱང་ཀིའི་ཁ་ཟས་སུའང་མ་གྱུར་པར།རྒད་པོ་ཉི་མ་ཉི་འོད་ལམ་ལམ་འབར་བའི་ཉིན་མོ་ཞིག་ལ་སྟོད་ཉི་མ་ལྷ་སར་བདེ་བླག་ངང་བསླེབས་སོང་།

སྟོད་ཉི་མ་ལྷ་ས་ཟེར་བ་ནི་ཁོའི་སེམས་ནང་དུ་དྲན་པ་དེ་ལྟ་བུ་ཞིག་གཏན་ནས་མ་ཡིན། ཁོས་སྔོན་ཆད་མེས་པོ་ཚོའི་ཁ་ནས་གོ་བའི་སྟོད་ཉི་མ་ལྷ་ས་ནི་ག་ས་གང་དུ་མཇལ་སྐོར་པའི་རས་གུར་གྱིས་བཀང་ཞིང་། ཁྱི་ལྡོམ་དག་ནི་གཞན་ལ་འཚེ་བ་མེད་པར་ཡར་ རྒྱུག་མར་རྒྱུག་བྱེད་པ། བསང་དྲི་དང་སྤོས་དྲི་ག་སར་ཁྱབ་པ་ཞིག་ཡིན་ཀྱང་། ཁོའི་མཐོང་ལམ་དུ་མངོན་པའི་སྟོད་ཉི་མ་ལྷ་ས་ནི། ལྡོག་སྟེ་རླངས་འཁོར་གྱི་ཚོགས་སྨྱོན་པ་རྒྱུག་རྒྱུག་བྱེད་ཅིང་མི་ཚོགས་ཀྱི་འདུ་འགོད་རབ་ཏུ་འཁྲུགས་པས། ཁོའི་སེམས་ནང་གི་སྟོད་ཉི་མ་ལྷ་ས་དང་ཁོའི་མཐོང་ལམ་གྱི་སྟོད་ཉི་མ་ལྷ་ས་གཉིས་བར་ཧེ་བག་ཆེན་པོ་བྱུང་།

རྒྱང་ནས་བལྟས་ཚེ།པོ་ཏ་ལ་ནི་མཐོན་པོ་གནམ་གྱི་ཀ་བ་བཞིན་རྔམ་བརྗིད་དང་བཅས་ ཀྲོང་ངེར་འགྱིང་འདུག པོ་ཏ་ལ་མཐོང་བས་རྒད་པོ་ཉི་མར་སྤྲོ་སྣང་དང་སྐྱོ་སྣང་དུས་གཅིག་ཏུ་སྐྱེས་ བྱུང་། རྒད་པོ་ཉི་མའི་ཡིད་ཀྱི་ངོས་གང་ཞིག་ཏུ་མེ་ཐེལ་གླན་པ་བཞིན། ཙག་ཤེད་ཅིག་བརྒྱུགས་པ་དང་ཆབས་ཅིག་མདངས་ཤོར་བའི་མིག་ཟུང་ལས་མཆི་མའི་དོག་པ་ནི་ཕྲེང་ཐག་ཆད་པ་བཞིན་ཐོར་ཡོང་།

རྒད་པོ་ཉི་མས་རེ་འདོད་དང་དད་པ་སེམས་ཀྱི་ཡོལ་གོར་བཅུག་ཅིང་། ལག་ཏུ་ཁ་བཏགས་དང་མཆོད་མར་སོགས་ཐོགས་ཏེ་པོ་ཏ་ལའི་ཕྱོགས་སུ་ཆས། པོ་ཏ་ལ་ནི་སྔར་བཞིན་རྒྱང་རིང་དུ་ཀྲོང་ངེར་འགྱིང་པ་ལས་ཉེ་སར་བཏུད་མ་ཐུབ། རྒད་པོ་ཉི་མས་ཁྲོམ་ལམ་ཞིག་དེད་ནས་སོང་སོང་མཐར་ཡང་བསྐྱར་སྔོན་གྱི་ཁ་མལ་དེར་བསླེབས་འདུག

“ཨ་ཙི།ཅི་ཞིག་བྱུང་སོང་བ་ཡིན་ནམ།”

སྐབས་དེར་རྒད་པོ་ཉི་མའི་སེམས་ལ་ཅི་ཡིན་འདི་ཡིན་སྙམ་བྱུང་། འདི་ལྷ་ས་མིན་མི་སྲིད། ལྷ་སར་སུས་མཇལ་མ་མྱོང་། ལྷ་སར་འགྲོ་མ་མྱོང་ཟེར་ན་བདེན་མོད། བོད་པ་ཞིག་ཡིན་ཕྱིན་ལྷ་སར་མཇལ་མ་མྱོང་མཁན་ཞིག་ག་ལ་ཡོད་དེ། ཁྱིམ་ཚང་རེ་ན་ལྷ་ས་རེ་བཞུགས་ཤིང་། མི་རེའི་སེམས་ན་ལྷ་ས་རེ་ཡོད།

སྐབས་དེར། རྒད་པོ་ཉི་མར་རྣམ་རྟོག་གློ་བུར་བ་ཞིག་སྐྱེས་བྱུང་། རང་གི་ཚེ་འདིར་བསགས་པའི་ཉེས་པ་རེ་རེས་འདི་སྣང་གི་ལྷ་ས་བསྒྲིབས་ཟིན་པས་ཡིན་ནམ།

རྒད་པོ་ཉི་མའི་སེམས་སུ་གསལ་ལེར་འཁོར་འོངས་པ་ནི་ལོ་དེའི་ཉིན་མོ་དེ་ཡིན། ཁོས་ཡོད་ཚད་བརྗེད་ཟིན་ཀྱང་ཉིན་མོ་དེ་གཏན་ནས་བརྗེད་མི་སྲིད། ཉིན་མོ་དེ་ནི་སྤྱི་ལོ1958ལོའི་ཟླ5བའི་ཚེས14ཉིན་ཏེ། སྐབས་རེར་གནམ་ངོ་དྭངས་ཤིང་གསལ་ལ་མཚམས་རེར་རྡུལ་འཚུབ་ལང་ལོང་འཁྲུགས་པར་བྱེད། རེད་ཡ། དེ་བཞིན་དུ་ཉིན་མོ་དེར་བྱུང་བའི་བྱ་བ་དག་ཀྱང་རྒད་པོ་ཉི་མའི་བློ་ངོར་སྒྲིབ་བྲལ་བསུབ་མེད་དུ་ལྷང་ངེར་ཡོད་དེ། འབྲོག་སྡེ་ཆེན་པོ་དེའི་གོང་རོལ་དུ་ཆགས་པའི་དགོན་པ་དེར་མི་མང་རུབ་ཚོགས་བྱས་ འདུག རྒད་པོ་ཉི་མ་མི་ཚོགས་ཀྱི་གདོང་ལ་བུད་ནས། འདུ་ཁང་གི་སྒོ་ཆེན་ལ་རྡོག་ཐོས་གཞུ་ཐེངས་ཤིག་གིས་ཁྲོག་སེ་ཕྱེ་ཞིང་།ཐད་ཀར་འདུ་ཁང་གི་གཙོ་རྟེན་བྱམས་སྐུ་གཟས་ཏེ་སོང་ཞིང་། སྐེ་ལ་ཞགས་པ་འཕངས་ཏེ་ཤེད་ཀྱིས་འཐེན་པ་ན་བྱམས་སྐུ་ནི་དངོས་གནས་འཐེན་རན་ཅང་ མི་འདུག་སྟེ། རྡུལ་འཚུབ་བེར་འགྱེལ་ཐེངས་ཤིག་གིས་ཁོའི་མདུན་སར་ལོག་སོང་། རྒད་པོ་ཉི་མས་མིད་པ་བསངས་ཙམ་བྱས་རྗེས་བྱམས་སྐུའི་དབུ་ལ་རྐང་པས་ཆག་ཆག་བྱེད་ཞོར།“ང་ཚོ་རྨོངས་མུན་གྱི་དོང་དུ་འཕེན་མཁན་ནི་འདི་ཡིན་པ་རེད། འདིས་ང་ཚོར་མགོ་གཡོག་མགོ་སྐོར་བཏང་ནས་ད་རག་བར་སྡུག་ལ་སྦྱར་པ་རེད”ཅེས་གནོན་ དཀའ་བའི་ཁོང་ཁྲོ་དང་བཅས་བཤད་བྱུང་། བྱམས་སྐུ་ནི་ངོ་མ་ཉེས་པ་རི་བཞིན་བསགས་པའི་བཙོན་མ་ཞིག་དང་འདྲ་བར་གྲག་མེད་འགུལ་མེད་དུ་ཉན་འདུག དེ་དང་བསྟུན་ནས་མི་ཚོགས་ཀྱིས་བྱམས་སྐུའི་སྟེང་དུ་མཆིལ་ཞགས་འཕེན་ཐུབ་ཐུབ་བྱེད། བར་སྐབས་ཤིག་ལ་རྒད་པོ་ཉི་མ་མི་ཚོགས་ཀྱི་དཀྱིལ་དུ་འགྲེང་ཞིང་སྐད་ལ་བརྒྱབ་ནས “རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་བརྒྱབ་པ་ན། དེར་འདུས་ཀུན་གྱིས་ཀྱང་། “རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག”ཅེས་མཉམ་དུ་འུར་བྱུང་། དེ་ལྟར་ལན་གསུམ་ལ་བསྒྲགས་རྗེས། སྔོན་གྱི་བྱམས་སྐུའི་ཚབ་ཏུ་བྱམས་བརྩེའི་འཛུམ་གྱིས་ཕྱུག་པའི་རླབས་ཆེན་གཙོ་འཛིན་མོའོ་ཀྲུའུ་ཞིའི་སྐུ་པར་སྦྱར ……

རྒད་པོ་ཉི་མའི་ཡིད་ཀྱི་མེ་ལོང་གཙང་མར་དོན་དག་དེ་ཝལ་གྱིས་ཤར་བས་དྲན་པའི་གསལ་འདེབས་སུ་གྱུར་ཏེ་ཡིད་བློང་བློང་དུ་གྱུར་ཅིང་། ཕྱིར་དྲན་གྱི་མཚམས་ཀྱང་རེ་ཞིག་ཆད་པར་གྱུར། བསམ་ཞིང་བསམས་ན། རྒད་པོ་ཉི་མའི་ཉི་མ་རེ་རེ་ནི་དངངས་སྐྲག་གི་ཕྱིར་དྲན་རིང་མོའི་ཁྲོད་ནས་འདས་པ་རེད། ཕྱིར་དྲན་རིང་མོ་དེའི་ཁྲོད་ནས་རྒད་པོ་ཉི་མར་དབང་བ་ནི་མུན་ནག་གི་ལོ་ཟླ་དེ་ཁོ་ན་རེད། རྨི་ལམ་འཚུབ་པོ་ཞིག་དང་འདྲ་བའི་མུན་ནག་གི་ལོ་ཟླ་དེས་རྒད་པོ་ཉི་མའི་བློ་ སེམས་ཏར་ཙམ་ལའང་བདེ་རུ་བཅུག་མ་མྱོང་། རྒད་པོ་ཉི་མའི་ཁ་ནས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར། “ཨོ་མ་ཎི་པདྨེ་ཧུ། ཨོ་མ་ཎི་པདྨེ་ཧུ། ”ཞེས་ཤུགས་ཀྱིས་ཤོར་སོང་། རྒད་པོ་ཉི་མས་ཧ་ཅང་སྐྲག་སྣང་དང་བཅས་མདུན་ཕྱོགས་སུ་བལྟས་པ་ན། པོ་ཏ་ལ་ནི་གནའ་བོའི་གྱད་མི་ཞིག་དང་མཚུངས་པར། ལོ་རྒྱུས་ཀྱི་དོད་དུ་འོད་ལམ་ལམ་གྱི་ཉི་འོད་འོག་ཏུ་ཀྲོང་ངེར་འགྱིང་འདུག་ལ། དེ་ནི་དེ་འདྲའི་བརྗིད་ཆགས་ཤིང་ལྟ་ན་སྡུག་པ་ཞིག་ཨང་། ཡིན་ཀྱང་། ལྟ་ཕྱོགས་ཤིག་གིས་པོ་ཏ་ལས་ཁོར་ཁྲོ་ཉམས་དང་བཅས་ཅེར་འདུག་པའི་སྣང་བ་ཞིག་སྟེར།

“ཨ་ཧོ། འདི་ཅི་ཡིན་ནམ། འདི་ཅི་ཡིན་ནམ། ”

རྒད་པོ་ཉི་མས་གཡས་ལྟ་གཡོན་ལྟ་ཞིག་བྱས་པ་ན། མདུན་ཕྱོགས་སུ་མི་ཚོགས་ནི་ཆུ་བོ་བཞུར་བཞུར་བྱེད། གཏམ་ཞིག་འདྲི་བསམ་ཡང་སུ་ལ་འདྲི་དགོས་པའང་མི་ཤེས། སྐབས་དེར་ཡག་ཡག་ལ་སྲང་ལམ་དེའི་བཞི་མདོ་རུ་བཅིངས་འགྲོལ་དམག་འགས་སྐོར་སྐྱོད་ བྱེད་ཀྱིན་འདུག ཁོ་རྐང་མགྱོགས་ལག་མགྱོགས་ངང་དེ་དག་གི་གན་དུ་བརྒྱུགས་ཏེ།“བཅིངས་འགྲོལ་དམག་ ལོ་ལོ།འདི་ནས་པོ་ཏ་ལར་ཇི་ལྟར་འགྲོ་དགོས” ཞེས་དྲིས།

བཅིངས་འགྲོལ་དམག་ལོ་ཆུང་དེ་དག་གིས་མིག་གིས་རིག་རིག་ངང་ཁོར་ཅེར་འདུག སྐབས་དེར་དེ་ཚོས་ཕན་ཚུན་ལ་ཤུབ་ཤུབ་ངང་ཅི་ཞིག་བཤད་རྗེས། དེའི་ཁྲོད་ཀྱི་གཅིག་གིས་བོད་སྐད་ད་མ་དིག་གིས “ག་རེ་ཟེར། པུའུ་ཏ་ལ་གོན་ཟེར་རམ། འདི་ནི་པེ་ཅིང་ཤར་ལམ་རེད།འདི་ནས་ཐད་ཀར་སོང་ལ་མདུན་ཕྱོགས་སུ་ཕར་དཀྱོགས་དང་ བསླེབ་སྲིད”ཟེར།

“ཨ— ཅི་ཟེར། པེ་ཅིང་། དཔེ་མི་སྲིད། འདི་ནི་ལྷ་ས་ཡིན། པེ་ཅིང་ག་ལ་ཡིན། པེ་ཅིང་མཁར་ཟེར་བ་གང་གི་གང་རེད། ཁྱོད་ཚོས་རྫུན་མ་བཤད……”

རྒད་པོ་ཉི་མས་ཧ་ལས་པའི་ཉམས་ཀྱིས་མུ་མཐུད་དུ་ཅི་ཞིག་བཤད་ཀྱིན་འདུག་མོད། བཅིངས་འགྲོལ་དམག་དེ་ཚོ་སྔར་ནས་མི་ཚོགས་ཀྱི་ཀློང་དུ་འཐིམ་སོང་། རྒད་པོ་ཉི་མས་ཇི་ལྟར་འདང་བརྒྱབ་ཀྱང་། འདི་ནི་ལྷ་ས་ལས་པེ་ཅིང་ཡིན་མི་སྲིད།

“འདི་ཚོས་མི་ལ་རྫུན་གཏམ་བཞིན་འདུག ཕེ— འདི་ནི་ལྷ་ས་ཡིན།”

རྒད་པོ་ཉི་མས་ཤུལ་ཙམ་ཡང་མི་མཐོང་བའི་བཅིངས་འགྲོལ་དམག་དེ་དག་གི་རྗེས་ལ་མཆིལ་ཞགས་ཤིག་འཕངས།

རྒད་པོ་ཉི་མས་མདུན་ཕྱོགས་ཀྱི་བཞི་མདོ་དེ་བརྒྱུད་ནས་སོང་བ་ན། ཁོ་རང་གི་མིག་ལའང་ཡིད་མི་ཆེས་པ་ཞིག་བྱུང་སྟེ། ཁོས་མགོ་བོ་བཀྱགས་ནས་བལྟས་ཚེ། མདུན་ཕྱོགས་ཀྱི་པང་ལེབ་ཅིག་གི་སྟེང་དུ་དངོས་གནས“པེ་ཅིང་ཤར་ལམ”ཞེས་པའི་ཡིག་ འབྲུ་ཆེན་པོ་བཞི་བྲིས་འདུག

“ཨ་ཙི།མིག་འཁྲུལ་བྱུང་བ་མིན་ནམ།”ཁོས་མིག་གཉིས་ཕུར་ཕུར་ཞིག་བྱས། པང་ལེབ་སྟེང་དུ་སྔར་བཞིན“པེ་ཅིན་ཤར་ལམ”ཞེས་པའི་ཡིག་འབྲུ་ཆེན་པོ་བཞི་བྲིས་ འདུག་པ་མཐོང་།

“སྟོད་ཉི་མ་ལྷ་ས་ནི་ནམ་ཞིག་ལ་པེ་ཅིང་དུ་གྱུར་སོང་ངམ། ”

ཁོས་ཐེ་ཚོམ་གྱི་དྲི་རྟགས་ཤིག་སེམས་ལ་རུམ་ཏེ་མུ་མཐུད་དུ་མདུན་དུ་སོང་།ལམ་ གྱི་གཡས་གཡོན་ན་ཚོང་ཁང་མང་པོ་གཅིག་འཕྲོར་གཅིག་བསྟར་འདུག ཁོས་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན། སྒོ་བྱང་གི་ངོས་སུ“པེ་མ་ཝང་ཙེ་ཀྱོན་ཆས་ཚོ་ང་ཁང”(གྱོན་ཆས་ཚོང་ཁང)ཞེས་བལྟས་ ཚེ་བོད་ཡིག་ཡིན་ཀྱང་ཧ་མི་གོ་བའི་ཁང་པ་ཞིག་གི་སྒོ་ཁར་མི་མང་རུབ་ནས་འདུག་ཅིང་། ཁོ་ཚོས་ཅི་ཞིག་རྩོད་གླེང་བྱེད་པ་དང་འདྲ་བར་སྦག་སྦག་སྦག་སྐད་མགོ་ནི་གཅིག་ལས་གཅིག་མཐོ། རྒད་པོ་ཉི་མས་དེ་ཚོར་ལམ་ཞིག་འདྲི་བསམས་ནས་སོང་བ་ན། མ་གཞི་དེ་ཚོས་སྔོན་ཆད་ཁོ་རང་དམར་སྲུང་དམག་གི་མགོ་པ་ཡིན་དུས། ཁོ་ཚང་གི་སྦྲ་ནང་དུ་ཡོང་བའི་ལས་བྱེད་རུ་ཁག་གི་ལོ་ཀྲང་རྩེད་རྒྱུར་དགའ་བའི “ཤང་ཆི”ཟེར་བའི་མིག་མངས་དེ་རྩེད་ཀྱིན་འདུག

“ཨ་རོག པོ་ཏ་ལར་ཇི་ལྟར་འགྲོ་དགོས་པ་རེད”

ཁོས་དེ་ཚོར་གཏམ་དྲིས་པ་ན། ཁོ་ལ་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་། དེ་ཚོ་མིག་མངས་ཀྱི་སྟེང་ལ་མགོ་འཁོར་འདུག ཁོས་ཡང་བསྐྱར“ཝེ། པོ་ཏ་ལར་ཇི་ལྟར་འགྲོ་དགོས་པ་རེད”ཞེས་དྲིས་ཀྱང་སྔར་བཞིན་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་།

ཁོས་ཁ་ནས་སྡིགས་དམོད་འབོར་གྱིན་མདུན་དུ་ཅུང་ཟད་སོང་བ་ན་ཚོང་ཁང་ངམ་ཅི་ཡིན་ མི་ཤེས་མོད། ཤེལ་གྱིས་བཅད་པའི་ཁང་པ་ཞིག་གི་ནང་དུ་བུ་མོ་འགའ་འབོལ་ཁྲིའི་སྟེང་དུ་ཕར་ལོག་ཚུར་ལོག་བྱས་ནས་འདུག ཁོས་ཁང་པ་དེའི་སྒོ་ཕྱེས་ནས་ནང་དུ་སོང་བ་ན། ཨ་ཙི་ཙི། བུ་མོ་དེ་ཚོ་གཅེར་བུར་མ་བུད་གོང་མ་རེད། བྲང་གི་མྱོས་བུམ་དག་ནི་དེ་ལྟར་ཉི་མ་དཀར་དཀར་ལ་ཕྱི་རུ་མངོན་ཡོད་པ་མ་ཟད། དོར་མ་ཐུང་ཐུང་བརླ་ཡང་ཁེབས་མིན་ཙམ་རེ་གྱོན་འདུག་པས། རྒད་པོ་ཉི་མ་ནི་ངོ་ཚ་ནས་གཏམ་དྲི་རྒྱུ་ཕར་ཞོག་ཕྱི་རུ་བྲོས་པ་ན། བུ་མོ་དེ་ཚོ་ཧབ་ཆ་དི་རིར་གྱུར། ཁོས་ཕྱིར་ལྟ་ཙམ་ཡང་བྱེད་མ་ཕོད། ཁོའི་སྙིང་ནི་སྟིག་སྟིག་ཏུ་ལྡིང་བཞིན་འདུག ཁ་ནས་མཚམས་མེད་དུ “ཨ་ལ་ལ། མི་འགྲོ་རྒྱུ་ཞིག་ལ་བུད་སོང་། ཨ་ལ་ལ། མི་འགྲོ་རྒྱུ་ཞིག་ལ་བུད་སོང་།”ཞེས་ཟློ་བཞིན་ལམ་གྱི་ཕར་ངོགས་སུ་ཚབ་ཚུབ་ངང་ཆས། སྐབས་དེར་རྡོག་འོག་གི་ས་གཞི་མེར་མེར་དུ་འགུལ་བ་དང་ཆབས་ཅིག སྨྱོན་པ་རྒྱུག་རྒྱུག་བྱེད་ཀྱིན་པའི་སྐྱེལ་འདྲེན་རླངས་འཁོར་ཞིག་ཡ་ཡོ་འཁྱག་འཁྱོག་མེད་པར་ཁོའི་སྟེང་དུ་ཤོར་འོངས་པས། བཟུར་བཟུར་བྲོས་བྲོས་བྱས་ཀྱང་མ་ཕན།

“ཨ—”

ཁོའི་ཁ་ནས་ཨག་སྐད་རྣ་ལ་གཟན་པ་ཞིག་ཤོར་པ་དེས་ཉེ་འཁོར་གྱི་མི་རྣམས་ཀྱི་མིག་དབང་ཡོད་ཚད་ཁོའི་སྟེང་དུ་བསྡུས་སོང་།

རྒད་པོ་ཉི་མ་དྲན་པ་རབ་རིབ་ལས་སད་དུས། ཁོས་ཁ་ནས“པེ་ཅིང་།ལྷ་ས།པེ་ཅིང།ལྷ་ས།ལྷ་ས། པེ་ཅིང”ཞེས་ཟློ་ཐུབ་ཐུབ་བྱེད། ཡིད་ཕངས་པ་ཞིག་ལ། ཁོས་མིག་ནི་ཇི་ལྟར་ཕྱེ་ཡང་མཐོང་ལམ་གྱི་ལྷ་ས་བོར་བརླག་ཐེབས་འདུག པོ་ཏ་ལ་བོར་བརླག་ཐེབས་འདུག ……

“ཨ་ཙི། འདི་ཅི་རེད། སྟོད་ཉི་མ་ལྷ་ས་མི་འདུག སྟོད་ཉི་མ་ལྷ་ས། ངའི་སྟོད་ཉི་མ་ལྷ་ས……”

རྒད་པོ་ཉི་མས་ལག་ཟུང་གིས་ཀྲབ་ཀྲབ་བྱེད་བཞིན་དེ་ལྟར་སྐད་བརྒྱབ། ཁོ་རང་ལངས་ཐེངས་ཤིག་གིས་ཡར་ལངས་པ་ན། ཁོས་ད་གཟོད་རང་ཉིད་ལ་རླངས་འཁོར་གྱིས་གདོང་གཏུག་བརྒྱབ་པ་ཤེས། འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ་ཁོར་ན་རྒྱུ་ཚ་རྒྱུ་ཅི་ཡང་མི་འདུག ཁོའི་གན་དུ་མི་ཚོགས་ཀྱི་སྐད་སྒྲ་ནི་སྐྱག་ཚང་དུ་རྡོ་འཕངས་པ་བཞིན“ཅག་ཅག་ཅག”བྱེད་ཀྱིན་འདུག་མོད། ཁོས་མཐའ་སྐོར་གྱི་མི་དེ་དག་གཅིག་ཀྱང་མཐོང་ཐབས་བྲལ།

“ཨ་ཧོ། ངའི་མིག་ལ་སྐྱོན་བྱུང་སོང་། ཨ་ཧོ། འདི་ཚང་མ་རྣམ་སྨིན་རེད་ཡ།”

རྒད་པོ་ཉི་མའི་མཐོང་ལམ་དུ་ཁོ་རང་ལྟེ་ཁྲག་འཕོ་སའི་རུ་སྡེ་དེ་འཁོར་འོངས། རུ་སྡེ་དེའི་གོང་རོལ་ཏུ་ཆགས་པའི་འདུ་ཁང་དེ་འཁོར་འོངས། འདུ་ཁང་དེའི་ནང་གི་གསེར་ ཆུ་བྱུགས་པའི་བྱམས་སྐུ་འཁོར་འོངས། བྱམས་སྐུའི་ཞལ་བཞིན་འཁོར་འོངས……

“སྤོ་བོ་ལགས།ཁྱེད་ལ་ཅི་བྱུང་སོང་།ཁྱེད་ལ་ཅི་བྱུང་སོང”གདོང་ལ་འབར་ཚག་གིས་ཁེངས་པའི་མི་ཞིག་དང་། མི་སྦེག་སྦེག་མགོ་འབལ་ལེ་བ་གཉིས་རྟབ་རྟབ་པོར་གྱུར་ཏེ་རྒད་པོ་ཉི་མའི་གཡས་གཡོན་ནས་བསྐྱོར་ཅི་ཐུབ་བྱེད། མི་དེ་གཉིས་ཀྱི་ཚུལ་བྱད་ལ་བལྟས་ན་རླངས་འཁོར་གྱི་ཁ་ལོ་པ་ཡིན་པ་དཔག་ཐུབ། དེ་གཉིས་ཀྱི་གཅིག་གིས་བོད་སྐད་ད་མ་དིག་གིས“ང་ནི་ཁ་ལོ་པ་ཡིན། ཁྱེད་ལ་རྨས་སྐྱོན་འདྲ་བྱུང་མེད་དམ། འགྲོ། ང་ཚོ་སྨན་ཁང་དུ་འགྲོ”ཟེར། ཆ་ལུགས་དང་སྐད་གང་ལ་གཞིགས་ཀྱང་དེ་གཉིས་ཀ་ནི་ལྷ་ས་པ་ཞིག་མིན་པ་ཐག་བཅད་ཆོག

“མིན། འདི་ཡོད་ཚད་སྡིག་སྒྲིབ་རེད་ཡ། སྐྱེ་བ་འདིའི་སྡིག་སྒྲིབ་སྐྱེས་པ་འདིར་བསྲབ་ཐུབ་ན་བཟང་། ང་ནི་མི་སྡིག་སྒྲིབ་ཅན་ཞིག་ཡིན་པས། འདི་ལྟ་བུའི་ཆག་སྒོ་ངའི་སྟེང་དུ་མི་འོང་སུའི་སྟེང་དུ་འོང་། ཁྱེད་གཉིས་ལ་ཁག་བཀལ་ན་ག་ལ་ཆོག”རྒད་པོ་ཉི་མས་རླངས་འཁོར་ནི་རང་གིས་བསྐོར་ཏེ་ཁ་ལོ་པ་དེ་གཉིས་ལ་གདོང་གཏུག་བརྒྱབ་པ་དང་འདྲ་བར་དགོངས་དག་ཡང་ཡང་ཞུས་པས།མཐའ་སྐོར་གྱི་མི་རྣམས་ཀྱིས་དེའི་དོན་རྟོགས་རྗེས་ཧ་ལས་ཤིང་ཧང་སངས་པར་གྱུར།

རྒད་པོ་ཉི་མའི་སེམས་ལ་ཡང་བསྐྱར་འདུ་ཁང་དང་འདུ་ཁང་དེའི་ནང་གི་གསེར་ཆུ་བྱུགས་པའི་བྱམས་སྐུ་འཁོར་འོངས། ད་དུང་མ་ཡུམ་ལགས་འཁོར་འོངས། མ་ཡུམ་ལགས་ཀྱིས་ལག་པ་འདར་སིག་སིག་ངང་ཁོར་ཁ་ཆེམས་འཇོག་ཁའི་སྣང་བརྙན་དེ་གློ་བུར་དུ་འཁོར་འོངས། ཁོས་ཁ་ནས་ཚམ་ཚོམ་མེད་པར“ཨ་མ”ཞེས་ཤོར་སོང་།

“ང་ལ་ཐུགས་དཀྱེལ་གནང་རོགས། ང་ལ་ཐུགས་དཀྱེལ་གནང་རོགས།”ཁོས་ངག་ནས་དེ་ལྟར་ཞུ་ཞོར། པུས་མོའི་སླ་ང་སར་བཙུགས་ཤིང་། ལག་ཟུང་གིས་ཐལ་མོ་ཡང་ཡང་སྦྱོར་བར་བྱེད།

སྐབས་དེར།མཐར་རུབ་པའི་མི་རྣམས་ནི་ཚ་མྱགས་སུ་སོང་བའི་ཟས་ཀྱི་སྟེང་ལ་འབུ་སྦྲང་འཁོར་པ་བཞིན་ཇེ་མང་ནས་ཇེ་མང་དུ་སོང་ཞིང་། ཁོ་ཚོས་ཧ་ལས་པའི་མིག་ཟུང་སྔར་ལས་ཀྱང་ཆེ་རུ་བགྲད།

མི་ཚོགས་ཀྱི་གསེང་དུ་བུད་མེད་ཅིག་གིས“མི་འདིར་སྨྱོ་ནད་བྱུང་ཡོད་པ་འདྲ”ཟེར།

ཁ་ཆེ་རྒད་པོ་མགོར་ཞྭ་དཀར་པོ་གྱོན་ཞིང་སྨ་ར་རིང་བོ་བསྐྱུར་ཡོད་པ་ཞིག་གིས་གན་གྱི་མི་རྣམས་ལ་བལྟས་ནས “ཨ་ལ་ལ། ཅི་འདྲའི་མི་ཡ་མཚན་ཞིག” ཟེར་བཞིན་ཡ་མཚན་པའི་ཉམས་ཤིག་དོད་འདུག

གསར་བུ་ཞིག་གིས་མགོ་གཡུག་བཞིན“བོད་པ་ཟེར་བ་འདི་ཚོར་དངོས་གནས་དགོད་བྲོ་བོ་འདུག”ཟེར།

རྒྱ་མོ་ཞིག་གིས“མི་འདི་གླེན་པ་ཁ་ནག་ཅིག་མ་ཡིན་ནམ”ཞེས་བརྗོད་ཞོར་རྒད་པོ་ཉི་མར་བལྟས་འདུག

……

ཉེ་འཁོར་དུ་རུབ་ནས་ལྟད་མོར་ལྟ་མཁན་དེ་ཚོས་གཅིག་གཅིག་གི་གདོང་ལ་ཅེར་ཅིང་། ཧ་ཅང་ཚད་བརྒལ་གྱི་ཉམས་སྣ་ཚོགས་སྟོན་གྱིན་དཔྱད་རྗོད་སྤེལ་ཐུབ་ཐུབ་བྱེད་ཀྱིན་འདུག

སྐབས་དེར་རྒད་པོ་ཉི་མས་ཁ་ལོ་པ་དེ་གཉིས་ལ་རེ་བ་ཞིག་བཏོན་པ་ནི། ད་ནི་གང་ལྟར་ངའི་མིག་གིས་མི་མཐོང་བར་གྱུར་སོང་། དེ་ནི་སྔོན་བསགས་ཀྱི་ལས་དབང་དང་། སྐྱེ་བ་འདིར་བསགས་པའི་སྡིག་འབྲས་ཡིན་པས། དེར་ལེ་བདའ་དང་འཁང་བྱེད་ས་ཅི་ཡང་མེད། མཐའ་མའི་རེ་བ་གཅིག་པུ་ནི་ང་ལ་རོགས་རམ་བྱས་ཏེ་ལྷ་སའི་རྟེན་གཙོ་བོ་ཁག་ལ་མཇལ་རྒྱུ་དེ་ཡིན་ཟེར། ཁ་ལོ་པ་གཉིས་ནི་དགའ་དྲག་སྟེ “དེ་ནི་ལོས་ཆོག ལོས་ཆོག”ཟེར་བཞིན་དུས་ཐོག་ཏུ་ཁོའི་རེ་བ་དང་ལེན་བྱས་སོང་།

རྒད་པོ་ཉི་མའི་སེམས་ལ་གང་ལྟར་ལྷ་སར་ཡག་པོ་ཞིག་མཇལ་ཐུབ་སོང་སྙམ་བཞིན་ཡོད། ཁོས་ལྷ་སར་མཇལ་བའི་བློ་ཕུགས་ཁ་ལོ་པ་དེ་གཉིས་ལ་གཏད། ཁ་ལོ་པ་དེ་གཉིས་ཀྱིས་ཁོ་རང་ཕྱི་དྲོ་ཞིག་ལ་ཡར་ཁྲིད་མར་ཁྲིད་བྱས།

“འདི་ནི་པོ་ཏ་ལ་རེད”

“འདི་ནི་ཇོ་ཁང་རེད”

“……”

ཁ་ལོ་པ་གཉིས་ཀྱིས་བདེན་ཅོག་ཅོག་གིས་མཚམས་སྦྱོར་བྱས་པ་ན། རྒད་པོ་ཉི་མའི་མིག་ གིས་མཐོང་ཐབས་བྲལ་ནའང་། ཁོའི་སེམས་ཀྱིས་ཇོ་བོ་རིན་པོ་ཆེའི་གསེར་ཞལ་ཇི་བཞིན་དུ་མཐོང་སོང་ལ། པོ་ཏ་ལའི་གསེར་འོད་འཕྲོ་བའི་རྒྱ་ཕིབས་དང་། རྒྱལ་དབང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན…… ཁོས་དེ་དག་རེ་རེ་བཞིན་མཐོང་བྱུང་། མཐོང་ནས་ཀྱང་ཡིད་རབ་ཏུ་དགའ་བར་གྱུར།

ཁོས་མིག་ཆུ་ཉིལ་ལེར་འབོག་རས་ཀྱི་ཁུད་ལ་གཅུད་པའི་ཤོག་སྒོར་བརྩེགས་མ་དག་ཕྱིར་བཏོན་ཏེ་ཁ་ལོ་པ་གཉིས་ཀའི་ལག་ཏུ་བཞག “འདི་ནི་ངའི་མཇལ་དར་ཡིན། ཁྱེད་གཉིས་ཀྱིས་ངའི་ཚབ་ཏུ་ཇོ་བོ་རིན་པོ་ཆེར་དབུལ་རོགས”ཟེར། ཁོའི་སེམས་ནང་དུ་ཇོ་བོ་རིན་པོ་ཆེས་ཁོར་འཛུམ་གྱིས་གཟིགས་འདུག

“ཇོ་བོ་རིན་པོ་ཆེས་བདག་ལ་ཐུགས་རྗེ་སྤྱན་གྱིས་གཟིགས་རོགས”

རྒད་པོ་ཉི་མས་མིད་པ་འཆུས་ཤིང་ངུ་སྔངས་འདྲེས་མའི་སྐད་ཀྱིས་ཡང་ཡང་དེ་ལྟར་ཞུས།

……

ཁ་ལོ་པ་དེ་གཉིས་ཀྱིས་ཁོ་རང་གནས་དེ་དང་ཐག་མི་རིང་བའི་ཚོང་ཁང་ཁ་ཤས་ནང་ཁྲིད་ཅིང་མཇུག་མཐར་བར་སྐོར་གྱི་གྲུ་ག་ཞིག་ཏུ་བསྐྱུར། སྒོར་མོ་བརྩེགས་མ་དེ་དག་བགོས་ཏེ་རང་རང་གི་ཨམ་ཕྲག་ནང་འཇུག་ཞོར། ལྐོག་ལབ་འབག་གེ་འབུག་གེ་ཞིག་སྨྲ་བཞིན་ཡུལ་དེ་དང་རིང་དུ་གྱེས་སོང་།

ས་རུབ་སོང་།རྒད་པོ་ཉི་མའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཤིག་མངོན་འདུག སྐབས་དེར། ཕྱོགས་མཚམས་གང་ཡིན་མི་ངེས་མོད་རླུང་ཆེན་ཞིག་ཤེད་ཀྱིས་ལྡང་བྱུང་། རླུང་ཆེན་གྱིས་ག་སར་དོར་འདུག་པའི་ཆུ་ཤོག་དག་ཕྱོགས་སོར་བདས་ཤིང་།ནམ་མཁའི་དབྱིངས་རིམ་གྱི་ཟླ་གཞོན་སྒོར་མོ་དེ་ཡང་ཁུར་ལ་ཁད་བྱེད།ཡིན་ནའང་།བར་སྐོར་གྱི་གྲུ་ག་ཞིག་ཏུ་ཆགས་པའི་མ་སྐྱེས་ཨ་མའི་ཆང་ཁང་གི་སྒེའུ་ཁུང་བརྒྱུད་ནས《མཁའ་ལམ》ཞེས་པའི་གཞས་དེ་མཚམས་མེད་དུ་གྲགས་འོངས་ལ།གཞས་དེའི་འགྱུར་ཁུགས་ཁྲོད་དུ་ལྷ་སའི་མི་རྣམས་བྱིས་པ་བསམ་མེད་ཅིག་དང་འདྲ་བར་དགའ་སྤྲོའི་དཔལ་ལ་རོལ་འདུག་གོ།

གདན་ཞུའི་རྩོམ་སྒྲིག་པ་པདྨ་རིག་འཛིན་གྱིས་འོས་སྦྱོར་བྱས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།