ཀྲུང་གོ་བོད་ཀྱི་དྲ་བ།

སྒྲོལ་མའི་མིག་ཆུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​འཁྱམ་རུ་གནམ་ལྷ་རྒྱལ།   སྤེལ་དུས། : 2016-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཁྱམ་རུ་གནམ་ལྷ་རྒྱལ།

སྒྲོལ་མའི་ཨ་མས་སྒྲོལ་མ་བཙས་མ་ཐག    སྒྲོལ་མ་ངུས་བྱུང་། འོན་ཀྱང་། དེ་དུས་སྒྲོལ་མས་རང་ཉིད་ཅིའི་ཕྱིར་ངུ་དགོས་པ་ཁྱོན་ནས་ཧ་མི་གོ

སྒྲོལ་མ་ཡུན་གྱིས་ནར་སོན་ཞིང་ན་སྨིན་ཏེ། ད་ལྟ་ལང་ཚོ་དར་ལ་བབ་པའི་བུ་མོ་སྨིན་ཐག་ཆོད་པ་ཞིག་ཏུ་གྱུར་འདུག

སྒྲོལ་མ་ནི་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན་ལ་སློབ་སྦྱོང་ལའང་ཧ་ཅང་བཟང་། ཡིན་ཡང་། ཟླ་འགའི་ཡར་སྔོན་དུ། ཁོ་མོ་ཅིས་ཀྱང་སློབ་གྲྭ་ནས་ཕྱིར་འབུད་དགོས་བྱུང་། དེར་སྒྲོལ་མའི་ཨ་ཕ་དང་འཛིན་བདག་གཉིས་གཏན་ནས་མོས་འཐད་མ་བྱུང་། ལྷག་པར་སྒྲོལ་མའི་ཨ་ཕར་མཚོན་ན། སྒྲོལ་མ་ནི་ཁོའི་བྱིས་པ་དག་གི་ཁྲོད་སློབ་གྲྭར་འགྲིམ་པ་ཉག་གཅིག་ཡིན་པས་ན། སྒྲོལ་མའི་ཨ་ཕས་རེ་བ་ཡོད་ཚད་མོ་ལ་གཏད་ཡོད། དེ་ལྟ་ནའང་། མཇུག་མཐར། སྒྲོལ་མའི་ཨ་ཕའང་འུ་ཐུག་ཐབས་ཟད་པར་གྱུར་སོང་།

སྒྲོལ་མ་སློབ་གྲྭ་ནས་འབུད་དགོས་དོན་ནི་ཁོ་མོར་གཞི་ནས་མངལ་ཆགས་པས་ཡིན་ལ། ད་ལྟ་མངལ་ཆགས་ཏེ་ཟླ་བའང་ཁ་ཤས་འགོར་ཡོད་ཅིང་། ལྟོ་བ་ནི་མངོན་གསལ་གྱིས་ཕྱི་ལ་འབུར་འདུག

ཁོ་མོ་སློབ་གྲྭ་ནས་བུད་དེ་ཡུལ་ལ་འབྱོར་བའི་མཚན་མོ་དེར། སྒྲོལ་མ་ངུས་བྱུང་ལ། སྒྲོལ་མའི་ཨ་མ་ཡང་ངུས་བྱུང་།

"ཨ་མ། ད་ནི་ཅི་བྱའམ།" སྒྲོལ་མ་ཁ་རོག་གེར་ངུས་བྱུང་།

"བྱིས་པའི་ཨ་ཕ་སུ་ཡིན།"

"ང་ནི་ངོ་མ་གླེན་མ་ཞིག་རེད••••••"སྒྲོལ་མ་ངུ་བཞིན་དེ་ལྟར་བཤད།

"བྱིས་པའི་ཨ་ཕ་སུ་ཡིན།" ཨ་མས་ཡང་བསྐྱར་དེ་ལྟར་དྲིས།

"ང་ནི་ཇི་འདྲའི་གླེན་པ་ལ་ཨང་། ངས་སྔ་མོ་ནས་ཁོས་ང་ལ་འགན་མི་འཁུར་བ་ཤེས་ཚེ། ང་ཁོ་དང་མཉམ་དུ•••••"སྒྲོལ་མའི་མགྲིན་པ་ཅི་ཞིག་གིས་བརྣངས་ཏེ་སྐད་ཆའི་མཇུག་བསྐྱངས་མ་ནུས།

"ད་མ་ངུ། ངུས་ནས་ཡོང་རྒྱུ་ཅི་ཞིག་ཡོད།"

"ཨ་མ། ཨ་ཕ་ད་དུང་ངའི་སྟེང་ལ་ཁོང་ཁྲོ་ལངས་འདུག"

"ཨ་ཕས་ཁྱོད་ཀྱི་མདུན་ལམ་བསམས་ཏེ་ཁོང་ཁྲོ་ལངས་པ་རེད།"

"ངས་ཨ་ཕའི་རེ་བ་ཡོད་ཚད་སྟོང་ཟད་དུ་བཏང་སོང་། ང་ནི་ངོ་མ་གླེན་མ་ཞིག་རེད།" སྒྲོལ་མ་སྔར་བཞིན་ཁ་རོག་གེར་ངུ་བཞིན་འདུག

"ཨ་ཕ་ཁོང་ཁྲོ་ལངས་ཀྱང་ཅི་ཕན། ད་ནི་ཚད་འདི་ལ་སླེབས་འདུག  བྱིས་པའང་བཙའ་ལ་ཉེ།   བྱིས་པ་བདེ་བླག་ངང་བཙའ་རྒྱུ་ཤིན་ཏུ་གལ་ཆེ།" ཨ་མས་ནན་ཏན་གྱིས་བཤད།

"ཨ་མ། ངའི་མངལ་གྱི་ཕྲུ་གུ་འདི་བུ་ཞིག་ཡིན་ནམ་བུ་མོ་ཞིག་ཡིན་ནམ།" སྐབས་ཤིག་ལ་སྒྲོལ་མས་ངུ་མཚམས་བཞག་སྟེ་གློ་བུར་དུ་དེ་སྐད་དྲིས་བྱུང་།

"བུ་བུ་མོ་གང་ཡིན་ཡང་ཁྱད་ཅི་ཡོད། གང་ལྟར་བྱིས་པ་བདེ་བླག་ངང་བཙའ་རྒྱུ་ཤིན་ཏུ་གལ།" ཨ་མས་ཅི་ཞིག་ལ་འདང་ཞིག་བརྒྱབ་རྗེས་མུ་མཐུད་དུ་བཤད་རྒྱུར། "བྱིས་པ་འདི་ངའི་མ་དྲིན་ཆེན་མ་དེའི་རྣམ་ཤེས་ཡིན་ཁོ་ཐག་ཡིན། ངས་ཐེངས་མང་པོར་མ་དྲིན་ཆེན་མ་དེ་རྨི་ལམ་དུ་རྨིས་ཏེ། མོས་ང་ལ་མོ་ངེས་པར་ངའི་གམ་དུ་ཡོང་ངེས་ཟེར། རྨི་ལམ་དེ་ངས་ཐེངས་མང་པོར་རྨིས་སོང་། འཕྱུག་མི་སྲིད། མ་དྲིན་ཆེན་མ་དང་ངེད་གཉིས••••••"སྒྲོལ་མའི་ཨ་མས་དེ་ལྟར་བཤད་ཀྱིན་བཤད་ཀྱིན་ཁོ་མོའང་ངུས་བྱུང་།

"ཨ་མ། ཁྱོད་ངུས་ན་ཅི་བྱ། དེ་ལྟར་ཡིན་ན་རྟེན་འབྲེལ་ལེགས་པ་མ་ཡིན་ནམ། ངས་ཁྱེད་ལ་མངལ་གྱི་ཕྲུ་གུ་འདི་བདེ་བླག་ངང་བཙའ་ངེས་ཁོ་ཐག་ཡིན། ཨ་མ། ད་མ་ངུ། ད་མ་ངུ།" སྒྲོལ་མས་རང་གི་ལྟོ་བར་ལག་པས་ཕུར་ཕུར་བྱེད་བཞིན་ཨ་མར་སེམས་གསོ་བྱས།

ཟླ་བ་གཉིས་ཀྱི་རྗེས་སུ། སྒྲོལ་མས་མངལ་གྱི་ཕྲུ་གུ་དེ་བདེ་བླག་ངང་བཙས་བྱུང་། དངོས་འབྲེལ་བཙས་བྱུང་།

ཕྲུ་གུ་ནི་བུ་ཞིག་ཡིན་པས། སྒྲོལ་མ་དང་སྒྲོལ་མའི་ཨ་མ་གཉིས་ཧ་ཅང་དགའ་བྱུང་ལ། སྒྲོལ་མའི་ཨ་ཕའི་ཁོང་ཁྲོའང་རྫ་མགོའི་སྨུག་པ་དེངས་པ་བཞིན་གྱུར་ཏེ། གདོང་ལ་སྔར་མེད་ཀྱི་འཛུམ་མདངས་ཤིག་མངོན་སུམ་གྱིས་བབས་འདུག

ཕྲུ་གུ་བཙས་རྗེས། སྒྲོལ་མ་དང་སྒྲོལ་མའི་ཨ་མ་གཉིས་ཀྱིས་གཉིད་ཆག་ཟས་བརྗེད་ཀྱིས་ཕྲུ་གུ་ནི་དཀར་རྩེ་འབྲུག་མ་འཚོ་འཚོ་བཞིན་གཉོར་སྐྱོང་བྱས་པ་དང་། སྒྲོལ་མས་རང་གི་བུ་ལ་ལྟ་ན་སྡུག་པའི་ལྭ་བ་སྣ་ཚོགས་ཉོས་ཏེ་རེ་རེ་བཞིན་བུ་ལ་བསྐོན་ཞིང་། བུ་ཆུང་ནར་སོན་པར་རེ་ཞིང་བསྒུག  སྒྲོལ་མའི་ཨ་མའི་གདོང་ལའང་སྔར་མེད་ཀྱི་བདེ་སྐྱིད་ཀྱི་རི་མོ་ཞིག་གསལ་ལེར་མངོན་ཞིང་། མཚམས་རེར་ཁ་ནས་དབང་མེད་དུ"ད་ནི་འུ་གཉིས་སླར་ཡང་འཛོམས་བྱུང་། ངས་ནི་ཁྱེད་ལ་དྲིན་ལན་ཞིག་ཀྱང་འཇལ་མ་ཐུབ་པར་འུ་གཉིས་དེ་ལྟར་ཁ་བྲལ་སོང་མོད། ལས་དབང་གིས་འུ་གཉིས་སླར་ཡང་འཛོམས་པས། ད་ནི་ངས་ཁྱེད་ལ་དྲིན་ལན་འཇལ་བའི་གོ་སྐབས་ལྡན་སོང"ཞེས་ཁེར་བཤད་བརྒྱག

གང་ལྟར། སྒྲོལ་མས་ཕྲུ་གུ་དེ་བདེ་བླག་ངང་བཙས་རྗེས། ཁོ་ཚང་ལ་བདེ་སྐྱིད་ཀྱི་ཉི་མ་གསར་བ་ཞིག་ཤར་བྱུང་།

ཡིན་ཡང་།  ཕྲུ་གུ་བཙས་ཏེ་ཟླ་བ་གཉིས་ཀྱི་རྗེས་སུ། ཕྲུ་གུ་ལ་གློ་བུར་དུ་ཆམ་པ་གློ་ལ་ཕོག་སྟེ་ཟི་ལིང་གི་སྨན་ཁང་ཞིག་ཏུ་ཉིན་བཅུ་ལ་མྱུར་སྐྱོར་བྱས་མཐར། སྨན་པ་ལའང་གཏན་ནས་བཅོས་ཐབས་མ་བྱུང་བས། ཕྲུ་གུ་དེ་དེ་ལྟར་མིག་འབྱེད་དེ་འཇིག་རྟེན་མི་ཡུལ་ལ་ཞིབ་ཀྱིས་ལྟ་ཁོམ་ཡང་མ་བྱུང་བར། ངག་ཕྱེས་ཏེ་ཨ་མ་ཞེས་ཐེངས་ཤིག་འབོད་དབང་ཡང་མ་བྱུང་བར།   སྙིང་རྗེ་རྨང་ནས་བྲལ་བའི་འཆི་བདག་གིས་ཁྲིད་སོང་བས།  སྔར་གྱི་བདེ་སྐྱིད་ཀྱི་ཉི་མ་ནུབ་རིར་ཡལ་ཏེ།  མི་འདོད་པའི་སྨག་རིམ་སྟུག་པོ་ཞིག་གིས་ཁོ་ཚང་གི་ཁྱིམ་གཞིས་ཆུང་ཆུང་དེ་སྐད་ཅིག་ཉིད་ལ་གཡོགས་སོང་།

ཕྲུ་གུ་འདས་རྗེས། སྒྲོལ་མའི་ཨ་ཕ་དང་གཉེན་ཚན་དག་གིས་ཕྲུ་གུའི་བེམ་པོ་གཙང་བོར་བསྐུར་སོང་། ཡིད་དུ་འོང་བའི་ཕྲུ་གུ་དེ་དེ་ལྟར་གཙང་བོས་ཁུར་ཏེ་རྒྱང་རིང་ལ་བཞུད་སོང་། ཡང་ན། ཡིད་དུ་འོང་བའི་རྣམ་ཤེས་དེ་དེ་ལྟར་གཙང་བོས་ཁུར་ཏེ་རྒྱང་རིང་ལ་བཞུད་སོང་།

ཤུལ་དུ།    སྒྲོལ་མ་དང་སྒྲོལ་མའི་ཨ་མ་གཉིས་ཉིན་མཚན་དབྱེར་མེད་དུ་ངུ་བཞིན་གདའ།   གལ་སྲིད།  ཁོ་གཉིས་ཀྱི་མིག་ཀོང་ལས་བཞུར་བའི་མིག་ཆུའི་དོག་པ་མ་ལུས་གཞི་གཅིག་ཏུ་བསྐྱིལ་ཐུབ་རྒྱུ་བྱུང་ན།   དེའང་གཙང་བོ་ལྟ་བུ་ཞིག་ཏུ་འགྱུར་ངེས།

ཀྱེ་མ། གཙང་བོ་དེ་ཕྱིར་ལྡོག་རྒྱུ་བྱུང་ན་ཅི་མ་རུང་།

2016/6/6ཉིན་ནེའུ་གསིང་གོང་ཁ་ནས་བྲིས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།