ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— 2021ལོའི་ཟླ་1ཚེས་21ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག


བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། བསོད་དར།


འཐུས་མི་རྣམ་པ།

ངས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་བྱེད་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།


2020ལོའི་ལས་དོན་གཙོ་བོ།

2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ལ། བོད་ཀྱི་ལས་དོན་ཐད་གལ་ཆེའི་དོན་སྙིང་ཟབ་མོ་ལྡན་པའི་ལོ་ཞིག་ཀྱང་ཡིན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ“ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་གཞག་བདེན་སྐྱོང་ཡིན་པའི་མྱོང་ཚོར་ཐུབ་པར་འབད་བརྩོན་བྱ་རྒྱུ”དམིགས་ཚད་དུ་འཛིན་པ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ནུས་ལྡན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད། དེ་བཞིན་སྲིད་གཞུང་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པ་དང་བརྒྱད་པ། དེ་བཞིན་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ལས་དོན་སྙན་ཞུ་གསན་སྐབས་བཏོན་གནང་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་། དམངས་ཕན་ཁྲིམས་འཛིན། ཁྲིམས་འཛིན་དྲང་གཞག་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་བཀོད་ཀྱི་འགན་འཁྲི་ཇི་མ་ཇི་བཞིན་ལག་བསྟར་བྱས་པ་དང་། ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་དང་ཁྲིམས་འཛིན་འདྲི་གཅོད་བྱ་རྒྱུའི་ཐད་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བཏང་ཡོད་ཅིང་། ཁྱོན་བསྡོམས་གྱོད་གཞི་50174བདག་སྤྲོད་བྱས་པ་དང་གྱོད་གཞི་45353ལ་འདྲི་གཅོད་ལག་བསྟར་མཐའ་འདོམས་བྱས་པས། དུས་མཚུངས་དང་བསྡུར་ན་24.96%དང་27.54%འཕར་ཞིང་། འདྲི་གཅོད་ཀྱི་དུས་བཅད་ནང་གྱོད་ཐག་ཆོད་ཚད་99.4%ཟིན་ཡོད། དེའི་ནང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་655བདག་སྤྲོད་བྱས་པ་དང་གྱོད་གཞི་594ལ་འདྲི་གཅོད་ལག་བསྟར་མཐའ་འདོམས་བྱས་ཡོད།

གཅིག ཏང་གིས་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་བྱ་རྒྱུ་སྤྱི་འདོམས་སུ་བྱས་ཏེ་མི་དམངས་ཁྲིམས་ཁང་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱས་པ།

“ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཇི་ཙམ་གྱིས་རྣོ་ངར་དང་རྙོག་འཛིང་ཆེ་ན་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དེ་ཙམ་གྱིས་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བས། ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱས་ཡོད། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ། ཆབ་སྲིད་སློབ་སྦྱོང་བྱ་རྒྱུ་མངོན་ཆེར་བཟུང་ནས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་1120ལྷག་ཙམ་དང་། དེ་བཞིན་དྲིལ་བསྒྲགས་ཚོགས་འདུ་དང་། ཆེད་དོན་ཟུར་ཁྲིད། བརྗོད་དོན་གཙོ་བོའི་ཏང་གི་ཤེས་བྱའི་སློབ་ཁྲིད་སོགས་བྱེད་སྒོ་ཐེངས་930ལྷག་ཙམ་སྒྲིག་འཛུགས་བྱས་པས་དཔེ་བསྡུར་ཚད་འཛིན་གྱིས་བརྟན་སྦྱོང་དང་། གསར་གཏོད་དངོས་འཚོལ་གྱིས་ཟབ་སྦྱོང་། བསམ་སྦྱོར་གཉིས་བརྩོན་གྱིས་སྦྲེལ་སྦྱོང་བཅས་བྱེད་ཐུབ་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱས་ནས་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཞིབ་ཕྲའི་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་ནུས་ལྡན་བྱ་རྒྱུའི་བསམ་འཆར་བཟོས་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དུས་རབས་གསར་པའི་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུར་སྔར་བས་ཁ་ཕྱོགས་གསལ་སྟོན་དང་ཡིད་ཆེས་ཆེན་པོ་ལྡན་ཡོད། ཏང་གིས་ཁྲིམས་ཁང་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་མཐའ་འཁྱོངས་བྱས་པ། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག》དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་ཞིབ་སྲོལ། དེ་བཞིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་ནན་པོ་བྱས་ནས་ཏང་ཙུའི་ལས་དོན་གྱི་སྒྲིག་སྲོལ་བཟོ་འདོན་བྱས་པ་དང་། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་ཞིབ་ཕྲའི་བྱེད་ཐབས་ཞིབ་ཚགས་སུ་བཏང་བ། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རིམ་མཚུངས་ཏང་ཨུད་དང་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལ་ལས་དོན་དགོངས་སྐོར་སྙན་སེང་ཁྱོན་ཐེངས་480ལྷག་ཙམ་ཞུས་ནས་ཏང་གི་འགོ་ཁྲིད་ཀྱི་དགེ་མཚན་དེ་ལས་དོན་གོང་དུ་སྤེལ་བའི་སྒུལ་ཤུགས་དང་ནུས་ཕྱོད་དུ་སྒྱུར་ཐུབ་པ་བྱས་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ་བཟོས་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འབྲས་བུ་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བ། “མཐའ་འཁྱོངས་གཉིས”ཀྱི་ཆེད་དོན་སློབ་གསོ་སྤེལ་བ། “ལོ་རྒྱུས་ལྔ”སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཞིབ་གྲོས་དང་སྤེལ་རེས་ཐེངས་630ལྷག་ཙམ་བྱས་ནས་ཏང་གི་འགོ་ཁྲིད་ཁས་མི་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཁས་མི་ལེན་པའི་གཏམ་སྤྱོད་ནོར་འཁྲུལ་ཅན་ལ་དར་ཆ་གསལ་སྟོན་གྱིས་འཐབ་རྩོད་བྱས་པ་དང་། ནུབ་ཕྱོགས་ཀྱི“ཁྲིམས་སྲིད”དང་། “དབང་གསུམ་ལོགས་འཛུགས” “ཁྲིམས་འཛིན་རང་ཚུགས”སོགས་འཁྲུལ་བློའི་རླབས་རྒྱུན་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཁྲིམས་འཛིན་འདྲི་གཅོད་བྱེད་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཡོད།

གཉིས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དོན་ལ་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཏེ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ།

“བོད་ཀྱི་ལས་དོན་གྱི་འགག་རྩ་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱས་ཡོད། སྤུ་གྲི་རྣོན་པོས་ནག་ཚོགས་ལ་རྡུང་རྡེག་བཏང་བ་དང་བཙན་ཐབས་ཀྱིས་ངན་གཤེད་བཅོམ་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་རིགས་ཁ་ཕྲལ་དང་། ཆོས་ལུགས་མཐར་འཛིན། གསང་མྱུལ་བྱེད་སྒོ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་གསོག་རིགས་ཐོན་མ་ཐག་ཏུ་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བར་ངན་སྐུལ་བྱེད་མཁན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བར་རྒྱུ་དངོས་ཐོག་ནས་རོགས་རམ་བྱེད་མཁན་གྱི་ཁྲིམས་འགལ་རྩ་འཛུགས་དང་གཙོ་གནད་མི་སྣར་ཉེས་ཆད་ནན་པོ་བཅད་ཅིང་། འདྲི་རིམ་དང་པོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གྱོད་གཞི་65ཡི་མི་74ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད། “གཙང་བཟོ་དྲུག”གི་བྱེད་སྒོའི་དམིགས་ཚད་དང་། “གཏིང་བསྔོག་རྩ་བཅོས”དང་“ཕུགས་ཕན་རྒྱུན་བཅོས”ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་ནག་འབྲེལ་ངན་འབྲེལ་གྱི་གྱོད་གཞི་52ཀྱི་མི་395ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད། ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། “ཉེས་དོན་ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ཉེས་དོན་གྱོད་གཞི་2907གྱི་མི་3626ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད། རྐང་བཙུགས་ནས་མི་བསད་པ་དང་འཕྲོག་བཅོམ་བྱས་པ་སོགས་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་གྱོད་གཞི་258ཀྱི་མི་284ལ་ཉེས་ཆད་ནན་པོ་བཅད་པ་དང་། རྐང་བཙུགས་ནས་རྨས་སྐྱོན་གཏོང་བ་དང་། རྐུ་རྒྱག་པ། འགྲིམ་འགྲུལ་བྱུར་ཉེས་སོགས་ཐོན་རྟག་པའི་ཉེས་གསོག་གྱོད་གཞི་1687གྱི་མི་1944ལ་འདྲི་གཅོད་མཐའ་འདོམས་བྱས་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། དུག་འབྲེལ། བཟའ་བཅའ་དང་སྨན་རིགས་ཀྱི་བདེ་འཇགས་ལ་གནོད་པ་སོགས་ཀྱི་ཉེས་གསོག་གྱོད་གཞི་150ཡི་མི་186ལ་འདྲི་གཅོད་མཐའ་འདོམས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱས་ཡོད། ལྐོག་ཟ་རྔན་སྤྲོད་དང་འགན་འཛོལ་དབང་གནོད་ཀྱི་གྱོད་གཞི་88ཀྱི་མི་97དང་། དེའི་ནང་གི་དེ་སྔའི་ཐིང་ཅུས་རིམ་པའི་མི་2དང་རྫོང་ཁྲུའུ་རིམ་པའི་མི་14ལ་ཉེས་ཆད་ནན་པོ་བཅད་ནས་ཆབ་སྲིད་ཀྱི་སྣང་ཚུལ་གཙང་བཅོས་ནུས་ལྡན་བྱས་ཡོད། ཁྲིམས་ཆད་ཆག་ཡང་དང་དངོས་མིན་བཙོན་འགྲོལ་གཏོང་བའི་ལས་རིམ་ནན་པོ་བཟོས་ནས་གྱོད་གཞི་695ཐག་བཅད་དེ་མི་སུ་ཞིག་ལའང་ཁྲིམས་བསྐྱུར་གྱི་དམིགས་བསལ་དབང་ཆ་གཏན་ནས་མེད་པ་བྱས་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། བདེན་ལུགས་དང་། རྒྱལ་ཁྲིམས། མི་ཆོས་བཅས་ལ་བསམ་གཞིགས་བྱས་ཏེ་མི་22ལ་ཁྲིམས་ལྟར་ཉེས་དོན་གྱི་ཁྲིམས་ཆད་ཡང་གཅོད་དང་། ཆག་ཡང་ངམ་ཡང་ན་རྩ་ཆག་བཏང་ཡོད། མི་9ལ་ཉེས་པ་མེད་པའི་ཁྱབ་བསྒྲགས་བྱས་ཡོད། ནར་མ་སོན་པའི་མི་སྣ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི་104ཡི་མི་136ལ་འདྲི་གཅོད་མཐའ་འདོམས་བྱས་པ་དང་། རོགས་རམ་སློབ་གསོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྗེས་འདེད་བཏང་ནས་ནར་མ་སོན་པའི་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱས་ཡོད། སྡེ་ཁུལ་ཡོ་བསྲང་བྱེད་པའི་ནང་ཧུར་ཐག་ཞུགས་ནས་ཡོ་བསྲང་བྱ་ཡུལ་མི་1200ལྷག་ཙམ་གྱིས་སྔར་འགྱོད་ཕྱི་འདོམས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དག་འབུད་ཁྲིམས་རྩོད་པ་མི་ཐེངས་533དམིགས་འཛུགས་བྱས་ནས་གཙོ་གནད་གྱོད་གཞིར་ཁྲིམས་རྩོད་པས་དག་འབུད་བྱེད་རིགས་ཡོངས་སུ་ཁྱབ་པ་དང་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་བརྩི་འཇོག་དང་འགན་སྲུང་ཐུབ་པ་བྱས་ཡོད། ལག་བསྟར་ཤུགས་ཆེ་བྱས་ཏེ་ཡིད་རྟོན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་ཕན་སྐུལ་བཏང་བ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་རང་འགུལ་ངང་སྙན་སེང་ཞུ་རྒྱུ་འབྲེལ་མཐུད་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ཁྲིམས་བཞིན་བོད་སྐྱོང་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱེད་དཀའ་བའི་རིགས་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཟོ་འདོན་བྱས་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིས་ཙུའུ་ཀྲང་གནང་བའི་ལས་དོན་མཐུན་འགྲིག་ཚོགས་ཆུང་བཙུགས་ནས་ལག་བསྟར་བྱེད་དཀའ་བའི་རིགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཕྱོགས་ཆེ་མོ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ལག་བསྟར་གྱོད་གཞི་13715ལག་བསྟར་མཐའ་འདོམས་བྱས་པ་དང་ལག་བསྟར་མཐའ་འདོམས་བྱེད་ཚད་88.27%ཟིནཔ་དང་ལག་བསྟར་དོན་འཁྱོལ་བྱུང་བའི་དམིགས་བྱའི་དངུལ་སྒོར་དུང་ཕྱུར་18.01ཟིན་ཡོད། ཁ་དན་རྒྱབ་བསྐྱུར་གྱི་མིང་ཐོ་3016ཁྱབ་བསྒྲགས་བྱས་པ་དང་། མི་4730ཡི་འཛད་སྤྱོད་ཆེ་གྲས་དང་དེ་འབྲེལ་འཛད་སྤྱོད་བཀག་སྡོམ་བྱས་པ། མི་58བཀག་ཉར་བྱས་པ། དངུལ་ཆད་སྒོར་ཁྲི་4.86བཅད་པ། ལག་བསྟར་དང་ལེན་མ་བྱས་པའི་ཉེས་གསོག་གྱོད་གཞི་3ལ་ཁྲིམས་ཐག་བཅད་པས་ཁྲིམས་འགལ་གྱི་ཁ་དན་རྒྱབ་བསྐྱུར་བྱེད་མཁན་ལ་གང་ས་ཅི་ཐད་ནས་ཚད་བཀག་ཐེབས་ཡོད། ནག་ཆུ་མི་དམངས་ཁྲིམས་ཁང་གིས་དབྱར་རྩྭ་དགུན་འབུ་བསྔོག་འཐུ་དང་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་གི་འབྲེལ་ཚིགས་བེད་སྤྱོད་གང་ལེགས་བྱས་ཏེ་ས་ཡུལ་དངོས་སུ་བསྐྱོད་ནས་གཅིག་སྡུད་ཐོག་ལག་བསྟར་བྱས་པས་ལག་བསྟར་མཐའ་འདོམས་བྱེད་ཚད་མཐོ་རུ་ནུས་ལྡན་སོང་ཡོད། རང་འགུལ་ངང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འགན་འཁྲི་ཁུར་བ། བཅའ་ཁྲིམས་ལག་བསྟར་སུས་བྱས་ཀྱང་དེས་ཁྱབ་གདལ་གཏོང་འགན་འཁུར་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་གསར་གཏོད་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོ་འདོན་བྱས་པ་དང་། ཡུལ་སྤོས་དབུལ་སྐྱོར་གཞིས་ཆགས་ས་དང་། སྡེ་ཁུལ་གྲོང་མི་ཨུ་ལྷན། སློབ་གྲྭ། དགོན་སྡེ། བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་ས་ཁུལ་བཅས་སུ་ཟབ་ཞུགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི” “ཚད་གཞི་བཞིར་བརྩི་སྲུང་བྱས་ཏེ་སྔོན་ཐོན་གྲྭ་བཙུན་བྱ་རྒྱུར་བརྩོན་ལེན་བྱེད་པ” མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད། བོད་གསར་རྙིང་གི་ཁྲིམས་འཛིན་ལམ་ལུགས་བསྡུར་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་ཟུང་འབྲེལ་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་སྤྱོད་པ་དང་། ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱེད་པ་དང་། དྲ་ཐོག་ནས་ཐད་གཏོང་བྱེད་པ། སྐོར་སྐྱོད་འདྲི་གཅོད་བྱེད་པ། གྱོད་དོན་ལ་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པ། རིག་རྩལ་འཁྲབ་སྟོན་སོགས་མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བ་དང་སྦྱོང་འདོད་ཆེ་བའི་བྱེད་ཐབས་སྤྱད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་820བྱས་པས་མང་ཚོགས་མི་ཐེངས་ཁྲི་30ལ་ཉེ་བར་སློབ་གསོ་ཐེབས་ཡོད་ཅིང་། གང་ཞིག་དར་སྤེལ་གཏོང་དགོས་པ་དང་། གང་ཞིག་བཀག་སྡོམ་བྱེད་དགོས་པ། གང་ཞིག་ལ་ངོ་རྒོལ་བྱེད་དགོས་པ། གང་ཞིག་ལ་སྐུལ་མ་གཏོང་དགོས་པ་བཅས་གསལ་བསྒྲགས་བྱས་ཁར་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་བཏང་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པའི་གདེང་འཇོག་ཡག་པོ་ཐོབ་ཡོད། དམག་འབྲེལ་ཁེ་སྲུང་ལས་དོན་ཧུར་ཐག་སྤེལ་བ། དམག་དཔུང་གིས་ཕྱི་ཕྱོགས་ལ་རིན་ཡོད་ཞབས་ཞུ་སྒྲུབ་པའི་བྱེད་སྒོ་མཚམས་འཇོག་གི་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཞིང་། དམག་འབྲེལ་གྱོད་གཞི་31ལ་འདྲི་གཅོད་མཐའ་འདོམས་བྱས་ནས་དམག་མི་དང་དེའི་ནང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཡོད། ལྷ་སའི་དམག་དོན་ཁྲིམས་ཁང་དང་མཉམ་དུ་ཡངས་པ་ཅན་དང་ཉིང་ཁྲི་སོགས་དམག་དཔུང་བཅའ་སྡོད་བྱེད་སར་བསྐྱོད་དེ“དམག་སྒར་རུ་བཅའ་ཁྲིམས་སྤེལ་བའི”བྱེད་སྒོ་སྤེལ་བ་དང་། དམག་འབྲེལ་གྱི་ཁྲིམས་འཛིན་ཞབས་ཞུ་སྒྲུབ་ཐབས་གསར་གཏོད་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུར་ཁྲིམས་འཛིན་གྱི་ཞབས་ཞུ་ནུས་ལྡན་བསྒྲུབས་ཡོད།

གསུམ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐད་བྱས་རྗེས་འཇོག་ཐུབ་པ་དང་ནུས་པ་ཐོན་ཐུབ་པའི་འགན་ལེན་བྱས་པ།

“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱས་ཡོད། གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱས་པ། “རྒྱུན་འཁོར་གཉིས”གོང་འཕེལ་གཏོང་རྣམ་གསར་པར་ཞབས་ཞུ་བསྒྲུབ་རྒྱུར་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་བརྟན་ལྷིང་དང་དྲང་གཞག་ཡིན་ལ་གསལ་ཆ་ཆེ་ཞིང་སྔོན་དཔག་རུང་བའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུ་དེ་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་འབྲེལ་གནད་དང་འཇུག་སྒོར་བརྩིས་ཏེ། ཁྲིམས་འཛིན་འདྲི་གཅོད་ཐོག་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། དམངས་འཚོ་འགན་སྲུང་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བཤིག་བཏང་བའི་ཉེས་གསོག་གྱོད་གཞི་130ལ་འདྲི་གཅོད་མཐའ་འདོམས་བྱས་པ་དང་། དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་27586ལ་འདྲི་གཅོད་མཐའ་འདོམས་བྱས་པར་དམིགས་བྱའི་དངུལ་སྒོར་དུང་ཕྱུར་36.15ཟིན་ཡོད། འགག་སྒྲོལ་གྱི་ལས་དོན་ཆེན་པོ་གསུམ་ཡག་པོ་བསྒྲུབ་རྒྱུར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཐད་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་རྒྱུ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་མི་དམངས་ཁྲིམས་རའི་འགན་ནུས་འདོན་སྤེལ་གྱིས་གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་ཕན་སྐུལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར་བཟོ་འདོན་བྱས་པ་དང་། དབུལ་སྐྱོར་གྱི་དངུལ་དང་དངོས་པོར་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞིར་ཉེས་ཆད་ནན་པོ་བཅད་པ་དང་། “ཞིང་གསུམ”དང་འབྲེལ་བ་ཡོད་པའི་རྩོད་གཞི་1196འདུམ་འགྲིག་ཐག་གཅོད་བྱས་ནས་དབུལ་སྐྱོར་གྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས་ཡོད། ལས་བྱེད་ཉེན་རྟོག་པ་280གྲོང་ཚོ་149ལ་བཅའ་སྡོད་དུ་མངགས་གཏོང་བྱས་པ་དང་། ལས་བྱེད་ཉེན་རྟོག་པ་53གྱིས་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོའི་འགན་ཁུར་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམ་པོར་དམིགས་ཏེ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་བཏང་ཡོད། འབྱུང་འཕྲོད་གོང་འཕེལ་གཏོང་བའི་བསམ་གཞི་མཐའ་འཁྱོངས་ཀྱིས་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བ་ཡོད་པའི་གྱོད་གཞི་85ལ་འདྲི་གཅོད་མཐའ་འདོམས་བྱས་ཏེ་དམ་ནན་ཆེ་ཤོས་ཀྱི་ཁྲིམས་སྐྱོང་ཐོག་ནས་ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་བྱས་ཡོད། ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་པའི་ལྗོངས་ཡོངས་སུ་ཐོན་དང་པོ་ཡིན་པའི་ལག་ཁྱེར་མེད་པར་རྒྱལ་ཁབ་ཀྱི་སྤྱི་ཕན་ནགས་ཚལ་བཅད་པའི་དམངས་དོན་སྤྱི་ཕན་གྱི་གཏུག་བཤེར་གྱོད་གཞིའི་ནང་དོ་བདག་གིས་ཉེས་དོན་གྱི་འགན་འཁྲི་ཁུར་བ་མ་ཟད། འདེབས་འཛུགས་སྔོ་འགྱུར་བྱ་རྒྱུ་དང་ཡོངས་བསྒྲགས་སུ་དགོངས་དག་ཐུགས་བདེན་ཞུ་རྒྱུའི་དམངས་དོན་གྱི་འགན་འཁྲིའང་འཁུར་ཡོད། ཁྲིམས་འགལ་གྱིས་མ་རྩ་བསྡུ་རུབ་བྱེད་པ་དང་། དྲ་ཐོག་ཏུ་བར་ཚོང་རྒྱག་པ། དངུལ་རྩའི་ཁ་བསླུས་རྒྱག་པ་སོགས་ཉེས་དོན་གྱོད་གཞི་13ལ་རྡུང་རྡེག་ཚ་ནན་བཏང་བ་དང་། དམངས་ཁྲོད་ཀྱི་བུན་གཡར་དང་དྲ་ཐོག་གི་བུན་གཡར་སོགས་ཀྱི་གྱོད་གཞི་3207ལ་འདྲི་གཅོད་མཐའ་འདོམས་བྱས་ཡོད། བུན་སྟོངས་གྱོད་གཞིའི་འདྲི་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བུན་སྟོངས་ཀྱི་གྱོད་གཞི་3ལ་འདྲི་གཅོད་མཐའ་འདོམས་བྱས་ནས་ཁེ་ལས་དྲག་རྒྱལ་ཞན་འཇིག་དང་ཁྲོམ་རའི་ཐོན་ཁུངས་ཕྱོད་ཆེ་བགོ་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཡོད། ཉིང་ཁྲི་མི་དམངས་ཁྲིམས་ཁང་གིས་ཁ་དན་རྒྱབ་བསྒྱུར་བྱེད་མཁན་ཁེ་ལས་ལ་གནས་བསྡད་པའི་ཉེན་ཁའི་སྐོར་ལྗོངས་ཏང་ཨུད་ལ་སྙན་སེང་ཞུས་པ་དང་། གོང་འཕེལ་བསྒྱུར་བཅོས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་ལ་ཁ་དན་རྒྱབ་བསྐྱུར་བྱེད་མཁན་གྱི་ཁེ་ལས་ཡིན་པའི་གསལ་བརྡའི་འཕྲིན་ཡིག་བསྐུར་བས་ཁྲོམ་རའི་ཐོག་གི་དངུལ་རྩའི་ཉེན་ཁ་འགོག་ཟོན་བྱས་པ་དང་ཉེན་ཁ་ཆུང་དུ་བཏང་ཡོད། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་གཉེར་ཤུགས་ཆེ་རུ་བཏང་བ། མི་ལུས་གོད་ཆག་གི་གུན་གསབ་ཚད་གཞི་གྲོང་ཁྱེར་དང་གྲོང་གསེབ་ཏུ་གཅིག་གྱུར་ཚོད་ལྟ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི་སོགས་དམངས་འཚོའི་ཁྲིམས་འཛིན་འགན་སྲུང་ལམ་ལུགས་བཟོ་འདོན་བྱས་ནས་མི་ལུས་ཀྱི་གནོད་འཚེ་དང་། སློབ་གསོ་སྨན་བཅོས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་དང་ལས་ཞུགས། འཛད་སྤྱོད་ཀྱི་ཁེ་དབང་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་1133ལ་འདྲི་གཅོད་མཐའ་འདོམས་བྱས་ཏེ་གྱོད་གཞིར་འདྲི་གཅོད་དྲང་གཞག་བྱེད་པའི་ཐོག་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད། ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་ཀྱི་གྱོད་གཞིར་འདྲི་གཅོད་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་རྩོལ་གྱི་ཐོབ་ཆ་འདེད་ལེན་གྱི་གྱོད་གཞི་311ལ་འདྲི་གཅོད་མཐའ་འདོམས་བྱས་ཏེ་ཞིང་པ་ལས་མིའི་གླ་ཕོགས་སྒོར་ཁྲི་1090.43ཚུར་བླངས་ཡོད། ཁྱིམ་དོན་འདྲི་གཅོད་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཉེན་སྒྲིག་ཁྱིམ་ཚང་དང་ཤུལ་འཛིན་གསོ་སྐྱོང་སོགས་ཀྱི་གྱོད་གཞི་2265ལ་འདྲི་གཅོད་མཐའ་འདོམས་བྱས་ཏེ“རྒན་བཀུར་གཉེན་གཅེས་དང་འཆམ་མཐུན་གོང་ན་བཀུར་བའི”ལུགས་སྲོལ་དར་སྤེལ་བཏང་ཡོད། རྒྱལ་ཁབ་ཀྱི་གུན་གསབ་དང་ཁྲིམས་འཛིན་རོགས་སྐྱོབ་ཀྱི་གྱོད་གཞི་121ལ་འདྲི་གཅོད་མཐའ་འདོམས་བྱས་ཏེ་གཏུག་བཤེར་གྱི་གྲོན་དངུལ་སྒོར་ཁྲི་935.79ནར་འགྱངས་དང་། ཆག་ཡང་། རྩ་ཆག་བཅས་བཏང་བའི་ཐོག་ནས་དྲོ་སྐྱིད་དང་མི་ཆོས་ལྡན་པའི་ཁྲིམས་འཛིན་གྱི་ཐུགས་ཁུར་མཚོན་པར་བྱས་ཡོད། ཁྲིམས་སྐྱོང་གི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ། སྲིད་འཛིན་གྱི་གྱོད་གཞི་189ལ་འདྲི་གཅོད་མཐའ་འདོམས་བྱས་ནས་སྲིད་འཛིན་གྱི་བལྟོས་བཅས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ་དང་། སྲིད་འཛིན་གྱི་རྩོད་གཞི་དངོས་སུ་སེལ་རྒྱུར་སྐུལ་སྤེལ་བཏང་བ། ཁྲིམས་སྐྱོང་གི་སྲིད་གཞུང་དང་ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་ས་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་འདྲི་གཅོད་ཐད་གཅིག་སྡུད་ཆེ་སར་བདག་ཁོངས་བྱ་རྒྱུ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས་སྲིད་འཛིན་འགོ་ཁྲིད་མི་སྣ་ཁྲིམས་རའི་གཏུག་བཤེར་ལ་ཞུགས་ཚད་94%ཟིན་པ་དང་། མང་ཚོགས་ཀྱིས“དཔོན་པོ་ཞུ་སྦྱོར་བྱ་རྒྱུ་ཡོད་ལ་དཔོན་པོ་མཐོང་རྒྱུའང་ཡོད་པ”དང་སྲིད་འཛིན་འགན་འཁུར་བས“ཁྲིམས་རར་ཞུགས་ཁར་གནས་ལུགས་རྒྱུ་མཚན་གསལ་བཤད”བྱས་ཡོད། དམིགས་བསལ་གྱོད་གཞིའི་ཐོག་ནས་མངོན་པའི་དོ་དམ་གྱི་ཞན་ཆ་ཕྱོགས་བསྡོམས་དང་གཙང་སེལ་བྱས་ཏེ་འབྲེལ་ཡོད་ཚན་པར་ཁྲིམས་འཛིན་གྱི་གྲོས་འཆར་340ལྷག་ཙམ་བཏོན་ནས་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། བདག་དབང་ལ་ཁྲིམས་འཛིན་གྱི་ཐོག་ནས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་གཏོང་བར་ཁྲིམས་ལྟར་ཞབས་ཞུ་དང་འགན་སྲུང་བྱ་རྒྱུའི་ལག་བསྟར་བསམ་འཆར་བཟོ་འདོན་བྱས་ཏེ་དམངས་གཉེར་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་2592ལ་འདྲི་གཅོད་མཐའ་འདོམས་བྱས་པ་དང་། བདག་དབང་དང་འབྲེལ་བ་ཡོད་པའི་རྩོད་གཞི་142ཐག་གཅོད་འོས་འཚམ་བྱས་ནས་རིགས་མི་འདྲ་བའི་ཁྲོམ་རའི་བྱེད་པོའི་གཏུག་བཤེར་གནས་བབ་དང་། བཅའ་ཁྲིམས་སྤྱད་འཐུས། བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་འདྲ་མཉམ་ཡོང་བའི་འགན་ལེན་བྱས་ཡོད།

ཤེས་རིག་བདག་དབང་སྲུང་སྐྱོབ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཚོང་རྟགས་དབང་ཆར་བཙན་གནོད་གཏོང་བ་དང་བརྩམས་ཆོས་བརྙན་སྟོན་བྱེད་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གྱོད་གཞི་56ལ་འདྲི་གཅོད་མཐའ་འདོམས་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ལ་ཁྲིམས་ལྟར་སྲུང་སྐྱོབ་དང་སྐུལ་སློང་བྱས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་པ། དམིགས་བསལ་གྱི་དུས་སུ་དམིགས་བསལ་གྱི་ཐབས་ཇུས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཞིབ་དཔྱོད་ཁང་དང་། སྤྱི་བདེ་ཐིང་། ཁྲིམས་འཛིན་ཐིང་བཅས་དང་མཉམ་འབྲེལ་ཐོག་མཛུབ་ཁྲིད་བསམ་འཆར་བཟོ་འདོན་བྱས་ནས་རིམས་ནད་ཐོན་རིང་གི་གཏུག་བཤེར་ཞབས་ཞུའི་དྲན་སྐུལ་དུས་ཐོག་ཏུ་བསྒྲགས་ཏེ་རིམས་ནད་དང་འབྲེལ་བ་ཡོད་པའི་རིགས་13གྱི་གྱོད་གཞི་40ལ་འདྲི་གཅོད་མཐའ་འདོམས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་པ་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་ཞབས་ཞུ་བསྒྲུབས་ཡོད། འབྲིང་རིམ་དང་གཞི་རིམ་མི་དམངས་ཁྲིམས་ཁང་གིས་མི་ཐེངས་510ལྷག་ཙམ་འཐབ་ས་དང་པོར་མངགས་ནས་འགག་བཙུགས་ལས་སྒྲུབ་བྱེད་པ་དང་། ཐོ་འགོད་ལེབ་བཤེར་བྱེད་པ། མི་སྣ་ཕྱོགས་བགོས་བྱེད་པ་སོགས་ཀྱི་འགོག་ཟོན་ལས་དོན་ནང་ཞུགས་ནས་འགག་རྩའི་དུས་སུ་གདོང་ལེན་བྱེད་ཐུབ་པ་དང་། ཉེན་ཚབས་ཆེ་བའི་དུས་སུ་བློས་གཏོང་ཕོད་པ་བྱས་ཡོད།

བཞི། གཅིག་འཐུས་རྣམ་པའི་སྣ་མང་འགལ་འདུམ་རྩོད་སེལ་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་འཛིན་ཐབས་སུ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་འཛིན་གྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་འགན་ལེན་བྱས་པ།

“ཀུན་ཕན་དོ་སྙོམས་དང་། སྟབས་བདེ་ཕྱོད་ཆེ། རིག་ནུས་གནད་འཕིགས་བཅས་ཀྱི་སྤྱི་པའི་ཞབས་ཞུ་ཧུར་ཐག་སྒྲུབ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱས་ཡོད། ཕྱིར་སྐྱོད་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་ཞབས་ཞུ་བསྒྲུབས་པ། ཏང་གི་འགོ་ཁྲིད་ལ་དམ་པོར་བརྟེན་པ་དང་། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་དར་སྤེལ་བཏང་ནས“ཚོམས་ཆེན་དང་། དྲ་རྒྱ། ཁ་པར། སྐོར་སྐྱོད”བཅས་ཕྱོགས་བཞི་གཞི་གཅིག་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དེ“གནས་རྒྱུད་ངོས་གསུམ”ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་དང་ཁྲིམས་འཛིན་ཞབས་ཞུ་དྲ་རྒྱ་ཡོངས་སུ་ཁྱབ་པ་བྱ་རྒྱུ་གཉིས་དང་སྲུབས་མེད་འབྲེལ་མཐུད་དང་སྤུས་རིམ་མཐོ་རུ་གཏོང་བར་སྐུལ་འདེད་བཏང་སྟེ་ཁྲིམས་འཛིན་དང་། ཕྱོགས་བསྡུས་བཅོས་སྐྱོང་། དྲ་མིག ཡིག་འབུལ་ཞུ་བཅར། བུད་མེད་ལྷན་ཚོགས། གཉིས་ལྡན་དུད་སྦྲེལ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་འགལ་འདུམ་རྩོད་སེལ་གྱི་ཕྱི་རོལ་སྟོབས་ཤུགས་ཐམས་ཅད་སྣ་མང་འགལ་འདུམ་རྩོད་སེལ་མ་ལག་ནང་བཅུག་ནས་རིགས་མི་འདྲ་བའི་རྩོད་གཞི་4230འདུམ་འགྲིག་ཐག་གཅོད་བྱས་པ་དང་། གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་79ཐག་གཅོད་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་ཞུ་བསྒྲུབས་ཡོད། གཞིས་རྩེ་མི་དམངས་ཁྲིམས་ཁང་གིས་སྐོར་སྐྱོད་འདྲི་གཅོད་ས་ཚིགས་བཙུགས་ནས་ཤང་དང་གྲོང་རྡལ་དུ་ཁྲིམས་འཛིན་དྲ་རྒྱ་ཡོངས་སུ་ཁྱབ་ཐུབ་པ་བྱས་ཡོད། ནང་འདྲེན་མཐའ་འཁྱོངས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་དངོས་སུ་སེལ་ཐུབ་རྒྱུར་སྐུལ་འདེད་བཏང་བ། མང་ཚོགས་ལ་ཁོར་ཡུག་ཡག་ཤོས་དང་ཞབས་ཞུ་ལེགས་ཤོས་མཁོ་འདོན་བྱས་ཏེ་མི་དམངས་འདྲི་གཅོད་ལས་རོགས་པ་དང་། མི་དམངས་འདུམ་འགྲིག་པ། རྒན་ཡོལ་ཞུས་པའི་ཁྲིམས་དཔོན། ཁྲིམས་རྩོད་པ། ཆེད་ལས་མི་སྣ་སོགས་ཀྱི་སྟོབས་ཤུགས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་སུ་བསྡུས་པའི་ཁར་འདུམ་འགྲིག་རྩ་འཛུགས་127ལ་བཅའ་སྡོད་བྱས་པ་དང་། ལས་འགན་ཆེད་གཉེར་དང་ཞོར་འཛིན་འདུམ་འགྲིག་པ་736བསྡུ་འགུགས་བྱས་པ། གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱིས་མང་ཚོགས་མི་ཐེངས་ཁྲི་25.82ལ་སྣེ་ལེན་བྱས་པ།12368གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་ཐོག་ནས་མི་ཐེངས་37539ལ་ཞབས་ཞུ་བསྒྲུབས་པ། ཁྲིམས་འཛིན་གྱིས་ངོས་གཏན་བྱ་རྒྱུའི་གྱོད་གཞི་910གྱོད་ཐག་བཅད་པ། རྩོད་གཞི་1755མངགས་བཅོལ་གྱིས་འདུམ་འགྲིག་བྱས་ནས་གྲོང་ཁྱེར་ཁུལ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་འདེགས་སྐྱོར་བྱས་ཡོད། “དབྱེ་འདུམ་ཁྲུན་ཞིབ་བཞིའི”ལམ་སྲོལ་འཚོལ་ཞིབ་བྱས་ཏེ་འདྲི་རིམ་དང་པོའི་དམངས་དོན་དང་ཚོང་དོན་གྱི་གྱོད་གཞིར་སྟབས་བདེ་དང་ཁྲུན་ཐག་མྱུར་གཅོད་ཀྱི་ལས་རིམ་སྤྱད་ནས་གྱོད་གཞི་14243ལ་འདྲི་གཅོད་མཐའ་འདོམས་བྱས་པ་དང་། བར་འདུམ་ཕྱིར་འཐེན་བྱེད་ཚད་72.83%ཟིན་པས་དྲང་གཞག་འགན་ལེན་ཐུབ་པ་མ་ཟད། ལས་ཕྱོད་ཆེ་རུ་སོང་བ་དང་ཞི་མཐུན་ཡོང་བར་སྐུལ་འདེད་ཐེབས་ཡོད། ཆབ་མདོ་མི་དམངས་ཁྲིམས་ཁང་གིས་གསར་དུ་བཙུཌ་པའི“865”ཡི་ལས་ཀའི་ལམ་སྲོལ་ལ་རྒྱ་ཁྱབ་ཏུ་གདེང་འཇོག་ཡག་པོ་ཐོབ་ཡོད། སྐོར་སྐྱོད་ཞབས་ཞུ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ“སྐོར་སྐྱོད་བྱེད་པའི་གཏུག་བཤེར་ཞབས་ཞུའི་ལྟེ་གནས”ཀྱི་ཁྱད་ལྡན་གྲགས་རྟགས་བཏོད་པ། རང་འགུལ་ངང་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་རྩོད་གཞི་འདུམ་འགྲིག་དང་། ཡུལ་བབ་དམངས་འདུན་ལ་བརྟག་ཞིབ། ཁྲིམས་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོ་བཅས་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཁ་དང་འབྲོག་རར་ཟབ་ཞུགས་ཀྱིས་བརྟག་ཞིབ་སྙན་ཞུ་85གྲུབ་པ་དང་། རིགས་འདྲ་མིན་གྱི་འགལ་ཟླ་དང་རྩོད་གཞི་2904འདུམ་འགྲིག་ཐག་གཅོད་བྱས་པས་མང་ཚོགས་ཀྱིས་སྙིང་ཉེ་བའི་སྒོ་ནས“སྒོ་འགྲམ་གྱི་མི་དམངས་ཁྲིམས་ཁང”ཞེས་བརྗོད་ཀྱི་ཡོད། མངའ་རིས་མི་དམངས་ཁྲིམས་ཁང་གིས་མི་དམངས་ཁྲིམས་ར་དང་། ཁྲིམས་དཔོན་ལས་དོན་ཁང་། ཚན་རྩལ་སྐོར་སྐྱོད་ཁྲིམས་ར་བཅས་ལ་བརྟེན་ནས་འགོ་ཁྲིད་ཀྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་འགན་གཙང་ལེན་པའི་ལམ་ལུགས་ལ་སྐུལ་སྤེལ་བཏང་སྟེ་ས་གནས་ས་ཐོག་དང་སྟབས་བདེའི་ངང་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།

ལྔ། ཁྲིམས་འཛིན་བསྒྱུར་བཅོས་དང་རིག་ནུས་ཁྲིམས་ཁང་འཛུགས་སྐྱོང་བྱ་རྒྱུ་སྒུལ་ནུས་སུ་བྱས་ཏེ་ལྟ་སྐུལ་ཚོད་འཛིན་གྱི་ལམ་སྲོལ་མ་ལག་བསྒྱུར་བཅོས་བྱ་རྒྱུ་དོན་སྨིན་ཐུབ་པའི་འགན་ལེན་བྱས་པ།

“ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་བསྡུས་ཚང་སྒྲིག་གིས་བསྒྱུར་བཅོས་ཟབ་གཏོང་བྱས་ཏེ་ཁྲིམས་འཛིན་གྱིས་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས”ཞེས་པ་དང“ཆ་འཕྲིན་ཅན་དུ་གོང་འཕེལ་གཏོང་བའི་ཁྲོད་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཤུགས་ཆེར་འགྲོ་ཐུབ་པ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་ནན་ཏན་བྱས་ཡོད། ཁྲིམས་འཛིན་གྱི་འདྲི་གཅོད་བྱེད་དབང་ལ“འཆིང་ཞྭ”གཡོགས་པ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་བསྡུས་ཚང་སྒྲིག་གིས་བསྒྱུར་བཅོས་ཟབ་གཏོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བསམ་འཆར་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལག་བསྟར་བསམ་འཆར་ལག་བསྟར་བྱས་པ་དང་། ཁྲིམས་དཔོན་དང་རོགས་ལས་པའི་འགན་འཁྲི་དང་དབང་ཚད་ཀྱི་གསལ་ཐོ་བཟོ་འདོན་བྱས་ཏེ་གྱོད་གཞིར་ཐེ་ཇུས་འདྲི་རྟོག་བྱེད་པ་དང་ལུགས་མཐུན་ལྟ་སྐུལ་བྱེད་པའི་དབར་གྱི་དབྱེ་མཚམས་གསལ་པོ་བཟོས་ནས་ལྟ་སྐུལ་བྱ་རྒྱུར་གཞི་འཛིན་ས་ཡོད་པ་དང་། ཕན་འབྲས་ཐོན་པ། རྗེས་ཤུལ་ཡོད་པ། ཚད་གཞི་ཡོད་པ་བཅས་བྱས་ཏེ“འདྲི་ཞིབ་བྱེད་མཁན་གྱིས་དངོས་སུ་ཁྲུན་གཅོད་བྱེད་ཐུབ་པ་དང་ཁྲུན་གཅོད་བྱེད་མཁན་གྱིས་དངོས་སུ་འགན་འཁྲི་འཁུར་ཐུབ་པ”བྱས་ཡོད། འདྲི་གཅོད་ཨུ་ལྷན་དང་འདྲི་གཅོད་གཙོ་བོ་བྱེད་མཁན་ཁྲིམས་དཔོན་གྱི་ཚོགས་འདུའི་ལས་ཀའི་སྒྲིག་སྲོལ་ལ་དག་བཅོས་དང་འཐུས་སྒོ་ཚང་དུ་བཏང་བས་འདྲི་གཅོད་ཨུ་ལྷན་དང་འདྲི་གཅོད་གཙོ་བོ་བྱེད་མཁན་ཁྲིམས་དཔོན་གྱི་ཚོགས་འདུའི་འགན་ནུས་སྔར་བས་ཁ་གསལ་དུ་སོང་བ་དང་ནུས་པ་འདོན་ཚད་སྔར་བས་མངོན་གསལ་དོད་དུ་སོང་ཡོད། ཡོན་ཀྲང་དང་དིང་ཀྲང་གིས་ཚབས་ཆེ་ཞིང་དཀའ་གནད་ཆེ་ལ་རྙོག་འཛིང་ཆེ་བའི་གྱོད་གཞི་གཉེར་སྒྲུབ་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་དིང་ཀྲང་གིས་གྱོད་གཞི་21424ཐག་བཅད་པ་དེས་47.24%ཟིན་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད། འགལ་ཟླ་དང་རྩོད་གཞི་སེལ་བར“ཚན་རྩལ་གྱི་གཤོག་ཟུང”བསྒར་བ། རིག་ནུས་ཁྲིམས་ཁང་འཛུགས་སྐྱོང་བྱས་འབྲས་བཀོལ་སྤྱོད་གང་ལེགས་བྱས་ནས་ཁྲིམས་འཛིན་འདྲི་གཅོད་ཐད་ཁུར་འཕྲི་ཕན་སྐྱེད་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཐོག སྒུལ་སྐྱོད་འཕྲིན་ཕྲན་ཁྲིམས་ཁང་དང་ཁོངས་བརྒལ་གྱོད་དོན་ཐོ་འགོད་སོགས་དྲ་ཐོག་གི་རྒྱུད་ཁོངས་ལ་བརྟེན་ནས་དྲ་ཐོག་ཏུ་གྱོད་གཞི་2074ཐོ་འགོད་དང་། དྲ་ཐོག་ཏུ་ཁྲིམས་ར་ཐེངས་1382འཚོགས་པ། ཁོངས་བརྒལ་གྱོད་གཞི་312ཐོ་འགོད་བཅས་བྱས་པས་གཏུག་བཤེར་ཞབས་ཞུ་སྒྲུབ་པར“ངལ་གསོ་མི་རྒྱག་པ”དང་དྲང་གཞག་བདེན་སྐྱོང་བྱེད་པར“འཐེན་སྐུམ་སྤུ་ཙམ་མི་བྱེད་པ”མངོན་འགྱུར་ཐུབ་ཡོད། ཀུན་གསལ་ཁྲིམས་འཛིན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྲུན་གཅོད་ཡིག་རིགས་23873དང་། འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན་29961 ལག་བསྟར་ཆ་འཕྲིན་19290བཅས་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་པ་དང་། ཁྲིམས་རའི་འདྲི་གཅོད་ཀྱི་གྱོད་གཞི་7526ཐད་གཏོང་བྱས་པར་མཐེབ་རྡེབ་བྱེད་ཚད་མི་ཐེངས་ཁྲི་2788ཟིན་པས་དྲང་གཞག་བདེན་སྐྱོང་མིག་མཐོང་ལག་ཟིན་ཐུབ་པ་དང་གྱོད་གཞིའི་འདྲི་གཅོད་དེ་དམངས་ཡོངས་ཀྱིས་མཉམ་དུ་སྤྱོད་པའི་ཁྲིམས་སྐྱོང་གི་ཡོངས་བསྒྲགས་སློབ་ཚན་ཞིག་ཏུ་གྱུར་ཡོད།

དྲུག ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཁྲིམས་ཁང་ནན་པོས་སྐྱོང་བ། དོ་དམ་ནན་པོ་བྱེད་པ་བཅས་སྣེ་འདྲེན་དུ་བྱས་ཏེ་དཔུང་ཁག་དེ་ཉིད་ཡིད་རྟོན་རུང་བ་དང་། བློས་འགེལ་ཐུབ་པ། བློ་གཏད་ཆོག་པ་བཅས་ཡིན་པའི་འགན་ལེན་བྱས་པ།

“ཏང་ནན་པོས་དོ་དམ་དང་ནན་སྐྱོང་བྱ་རྒྱུ་དེ་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་དོན་ཐོག་ཏུ་འཁྱོལ་ཐུབ་པར་སྐུལ་སྤེལ་བཏང་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཡོད། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་ཐེངས་120ལྷག་ཙམ་འཚོགས་ཤིང་། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་གསལ་ཐོ་དང་། ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཞིབ་སྲོལ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས། གཞི་རིམ་ཏང་རྩ་འཛུགས་ཀྱི“གསལ་ཞུ་དཔྱད་གླེང་དཔྱད་ཞིབ་གསུམ”གྱི་ལག་བསྟར་བྱ་ཐབས་སོགས་ཀྱི་ལམ་ལུགས་ལམ་སྲོལ་ཚགས་ཚུད་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་ཙུའུ་དང་། ལས་ཁུངས་ཏང་ཨུད། ཀྲི་པུའུ། ཏང་ཡོན་བཅས“3+1”གི་འགན་འཁྲིའི་མ་ལག་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་བློ་སེམས་གཅིག་སྒྲིལ་ཐུབ་པ་དང་། གཟུགས་བརྙན་གསར་གཏོད་བྱེད་པ། བློ་སྦྱོང་ཐུབ་པ་བཅས་ཀྱི་ཐོག་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་མཉམ་འདྲེས་གཏིང་ཟབ་དང་། ཕན་ཚུལ་སྐུལ་འདེད། མཉམ་དུ་མཐོར་འདེགས་བཅས་བྱ་རྒྱུར་སྐུལ་སྤེལ་བཏང་ཡོད། མི་སྣ་འདེམས་སྤྱོད་ཚད་ལྡན་ཏན་ཏིག་བཟོས་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི“གཞན་ལས་ལྷག་པ་གསུམ”གྱི་བླང་བྱ་མཐའ་འཁྱོངས་ཀྱིས་མི་སྣ་འདེམས་སྤྱོད་བྱེད་པའི་ཆབ་སྲིད་ཀྱི་འགག་སྒོ་དམ་པོར་སྲུང་བ་དང་། མི་སྣ་འདེམས་སྤྱོད་ཡང་དག་བྱེད་ཕྱོགས་བརྟན་པོ་བཙུགས་ཏེ་ལས་ཁུངས་ནས་མི་86འདེམས་སྒྲུག་བསྐོ་སྤྱོད་དང་འགན་རིམ་སྤར་བས་མི་དང་ལས་གནས་མཐུན་ཞིང་མི་དང་ལས་ཀ་འཚམ་པོ་བྱུང་ཡོད། འོག་རིམ་ལ་གཞོགས་འདེགས་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲིང་རིམ་དང་གཞི་རིམ་གྱི་མི་དམངས་ཁྲིམས་ཁང་གི་འགོ་ཁྲིད་ཚན་ཁག་ཧྲག་སྒྲིག་དང་ཚན་ཁག་གི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་རོགས་སྐྱོར་བྱས་ཡོད། སྤྱོད་གཙང་སྒྲིག་ནན་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བ། ཁྲིམས་འཛིན་ལ་བཀག་འགོག་དང་ཐེ་ཇུས་བྱེད་རིགས་སྔོན་འགོག་བྱེད་པའི“གཏན་འབེབས་གསུམ”གྱི་ཆེད་དམིགས་བཅོས་སྒྲིག་དང་། “གྱོད་གཞིར་བརྟེན་པ་གསུམ”གྱི་ཉེན་ཟོན་སློབ་གསོ། ཁ་གསབ་རོགས་དངུལ་རྫུན་ཞུ་གཡོ་ལེན་དང་ཁྲིམས་འཛིན་གྱི་ཚུལ་མིན་གནད་དོན་ལ་ཆེད་དམིགས་བཅོས་སྒྲིག་བཅས་བྱེད་པའི་བྱེད་སྒོ་དེ“ཆབ་སྲིད་ལ་བརྟེན་ཏེ་ཉེན་རྟོག་པ་གསོ་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་ཁག་ཅིག་གཏོད་རྒྱུའི”ཆེད་དམིགས་སློབ་གསོ་བཅོས་སྒྲིག་བྱེད་ཁོངས་སུ་བཅུག་སྟེ་གྲི་དངོ་རང་གཏད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་ཉེན་རྟོག་པ་7ཞིབ་བཤེར་ཐག་གཅོད་བྱས་ཁར་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གསལ་བཟོ་དང་། བསླབ་བྱ་ལེན་པ། ལེགས་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ལྷ་ས་དང་། ལྷོ་ཁ། ཆབ་མདོ། ཉིང་ཁྲི་བཅས་ཀྱི་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་སྐོར་ཞིབ་དང་འདྲི་དོན་ལྟ་ཞིབ་བྱས་ནས་འབྲིང་རིམ་དང་གཞི་རིམ་གྱི་མི་དམངས་ཁྲིམས་ཁང་གིས་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཁྲིམས་འཛིན་གྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་བ། དངོས་འཐབ་དང་། གོ་ཆོད་པ། ཕན་འབྲས་དངོས་ཐོབ་པ་བཅས་མངོན་ཆེར་བཟུང་ནས་ལས་ཐོག་རྩལ་སྦྱོང་དང་། རྩལ་ནུས་འགྲན་བསྡུར། བརྒྱུད་རོགས་ཁྲིད་གསུམ་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། དམངས་དོན་ཁྲིམས་གཞུང་དང་། འདྲི་གཅོད་དོ་དམ། བོད་རྒྱ་སྐད་གཉིས་ཀྱི་རྐང་འཛིན་ཁྲིམས་དཔོན་སོགས་ཀྱི་སྦྱོང་བརྡར་འཛིན་གྲྭ་ཐེངས་23གཉེར་བས་ལས་བྱེད་ཉེན་རྟོག་པ་མི་ཐེངས་1298ལ་སྦྱོང་བརྡར་ཐེབས་པ་དང་གཞོམ་མེད་ནུས་པ་ཆེ་རུ་སོང་ཡོད། ལྗོངས་ཡོངས་ཀྱི་ཕུལ་བྱུང་གུན་ཁྲན་ཏང་ཡོན་ཉི་མ་ཚེ་རིང་དང་རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན་ཧུའུ་གོ་ཡོན་སོགས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས“འགྲན་སློབ་སྙེག་བརྒལ”དང་མིག་ལྟོས་ཡར་འདྲེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ། གཏོང་མཁས་སྤྱོད་མཁས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནན་ཏན་བཟོས་ནས་90%ཡན་གྱི་གྲོན་དངུལ་དང་གོ་ཆས་གཞི་རིམ་དུ་གཏོང་སྤྲོད་བྱས་ཡོད། ག་སྦྱར་བོད་སྐྱོར་གྱི་ཁྲིམས་ཁང་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་དུས་ཁག་32ལ་རིགས་གཅིག་མཁས་པ་དང་མཁས་དབང་མི་ཐེངས་230ལྷག་ཙམ་གདན་འདྲེན་ཞུས་ནས་བོད་དུ་སློབ་ཁྲིད་དང་ས་ཡུལ་དངོས་སུ་མཛུབ་སྟོན་བྱས་ཐོག འདྲི་གཅོད་དོན་གཉེར་དང་ཆ་འཕྲིན་ཅན་གྱི་ཉེར་སྤྱོད་སོགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་ཡོད།

2020ལོར། ང་ཚོས་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཉེས་དོན་འདྲི་གཅོད་ལས་དོན་སྐོར་ཆེད་དོན་སྙན་སེང་ཞུས་པ་མ་ཟད་གྲོས་ཞིབ་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཡོད། ང་ཚོས་བསམ་འཆར་དང་གྲོས་འཆར་གཉེར་སྒྲུབ་བྱ་རྒྱུ་དེ་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་གོང་འཕེལ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩིས་ཏེ། ན་ནིང་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”རིང་འཐུས་མི་དང་ཨུ་ཡོན་རྣམ་པས་བཏོན་གནང་བའི་ཕྱོགས་ཁག་8ཐད་ཀྱི་བསམ་འཆར་དང་གྲོས་འཆར་ཁག་43ལ་དམིགས་ནས་རིམ་པ་སྟར་ཆགས་ཀྱིས་དབྱེ་གསེས་དང་། གྱོད་གཞི་རེ་རེ་བཞིན་སྒྲུབ་སྐུལ། དོན་གནད་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ཡོད། འཐུས་མི་དང་ཨུ་ཡོན་མི་ཐེངས་1100ལྷག་གདན་འདྲེན་ཞུས་ནས་ཚོགས་འདུར་ཟུར་ཞུགས་དང་། ལྟ་ཞིབ་བཞུགས་མོལ། འདྲི་གཅོད་ཟུར་ཉན། ལག་བསྟར་བདེན་དཔང་བཅས་བྱས་ཏེ། འཐུས་མི་དང་ཨུ་ཡོན་རྣམ་པ་ཁྲིམས་ཁང་དུ་ཡོང་ནས་ཁྲིམས་འཛིན་ཉམས་སུ་མྱོང་ཐུབ་པ་མ་ཟད། ཡང་དག་གནད་འཕིགས་ཀྱི་བསམ་འཆར་བཏོན་པ་དང་། བསམ་ཤེས་དང་རྒྱབ་སྐྱོར་གང་ཆེ་གནང་ཡོད། ང་ཚོས་རང་རྟོགས་ངང་ཞིབ་དཔྱོད་ལས་ཁུངས་ཀྱི་གཏུག་བཤེར་ལྟ་སྐུལ་དང་ལེན་ཞུས་ཏེ་ཞིབ་དཔྱོད་ཀྲང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་ཐེངས་50བྱས་པ་དང་། རྒོལ་གཏུག་གྱོད་གཞི་24འདྲི་གཅོད་མཐའ་འདོམས་བྱས་ནས་ཐུན་མོང་ཐོག་དྲང་གཞག་བདེན་སྐྱོང་ལ་སྲུང་སྐྱོང་བྱས་ཡོད། ང་ཚོས་མི་དམངས་འདྲི་རོགས་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་དམངས་འདྲི་རོགས་པ་2014ཡིས་གྱོད་གཞི་3070ཡི་འདྲི་གཅོད་ནང་ཞུགས་ནས་མི་དམངས་ཀྱིས་ཁྲིམས་འཛིན་ཤེས་རྟོགས་དང་། ཁྲིམས་འཛིན་ནང་ཞུགས་པ། ཁྲིམས་འཛིན་ལ་ལྟ་སྐུལ་བཅས་བྱེད་པའི་དབང་ཆ་འགན་སྲུང་བྱས་ཡོད།

འཐུས་མི་རྣམ་པ། 2020ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་མཉམ་སྡེབ་6དང་མི་སྒེར་17ལ་ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་སོགས་ཁྲིམས་ཁང་3ལ་སྐབས་དྲུག་པའི“རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”མཚན་སྙན་ཐོབ་ཡོད་ཅིང་། ཡར་ཐོན་གསར་པ་དང་། གོང་འཕེལ་གསར་པ། གྲུབ་འབྲས་གསར་པ་དེ་དག་ཐོབ་པའི་རྩ་བ་ཐུག་ས་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་ལམ་སྟོན་གནང་བ་དང་། རྩ་བ་ཐུག་ས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྒྱས་བཤད་ཀྱིས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་བཅས་ཡིན་པ་མ་ཟད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་ལྡན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡང་དག་པའི་མཛུབ་ཁྲིད། དེ་བཞིན་སྲིད་གཞུང་དང་། སྲིད་གྲོས། བོད་སྐྱོར་ཁྲིམས་ཁང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བའི་འབྲས་བུའང་ཡིན་ལ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའང་གཅིག་ཏུ་འདུས་ཡོད། འདིར་ངས་ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱི་མིག་བལྟས་ན། ད་དུང་གནད་དོན་དང་མི་འདང་བའི་ཆ་ཡོད་པ་གཤམ་གསལ་ཏེ། དེའང་གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཐོས་བསམ་མྱོང་རྟོགས་བྱ་རྒྱུ་དང་། ལྷག་པར་དུ་ཁྲིམས་འཛིན་འདྲི་གཅོད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མི་འདང་བ་དང་། གཉིས་ནི་ཁྲིམས་འཛིན་གྱི་ཐོག་ནས“འགན་ལེན་བཞིའི”སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་བྱ་ཐབས་ད་དུང་གནད་ལ་མ་འཕིགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སོགས་ཉེན་ཚབས་ཆེ་སའི་མཐའ་དཔྱོད་བྱེད་ཐབས་ད་དུང་ཚགས་ཚུད་པོ་མ་བྱུང་བ། གྱོད་གཞི་གཉེར་སྒྲུབ་ཀྱི“ཕན་འབྲས་གསུམ”གྱི་ཐད་ད་དུང་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་སྤྱི་ཚོགས་ཀྱི་འགལ་འདུམ་རྩོད་སེལ་དེ་གཅིག་འཐུས་རྣམ་པའི་སྣ་མང་འགལ་འདུམ་རྩོད་སེལ་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱ་རྒྱུའི་ནང་མཉམ་འདྲེས་བྱས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་པར་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་དང་། ཐོབ་པའི་ཕན་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་འདོད་འདུན་དང་ད་དུང་ཧེ་བག་ཡོད་པ། བཞི་ནི་ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་བསྡུས་ཚང་སྒྲིག་གིས་བསྒྱུར་བཅོས་བྱ་རྒྱུ་སྔར་བས་དོན་འཁྱོལ་དང་ཞིབ་ཚགས་སུ་གཏོང་དགོས་པ་དང་། ཆ་འཕྲིན་ཅན་གྱི་བཀོལ་སྤྱོད་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། འདྲི་གཅོད་ལག་བསྟར་ལས་དོན་དང་མཉམ་འདྲེས་བྱེད་པའི་གཏིང་ཚད་དང་ཁྱབ་རྒྱ་ད་དུང་ཆེ་རུ་གཏོང་དགོས་ཀྱི་ཡོད་པ། ལྔ་ནི་ཁྲིམས་དཔོན་ཁག་གཅིག་གི་ཁྲིམས་འཛིན་ནུས་པ་དེ་དུས་རབས་གསར་པའི་འདྲི་གཅོད་ལག་བསྟར་ལས་དོན་གྱི་བླང་བྱ་གསར་པ་དང་མི་འཚམ་ཞིང་། ལས་བྱེད་ཉེན་རྟོག་པ་འགའ་རེས་སྒྲིག་འགལ་ཁྲིམས་འགལ་བྱེད་ཀྱི་ཡོད་པས་ཁྲིམས་འཛིན་གྱི་སྤྱོད་ཚུལ་ད་དུང་ལེགས་བཅོས་བྱེད་དགོས་པ་བཅས་ཡིན། ལོ་གསར་པའི་ནང་ང་ཚོས་གོང་གསལ་གནད་དོན་ལ་དམ་པོར་དམིཌ་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན།

2021ལོའི་ལས་ཀའི་བཀོད་སྒྲིག

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་སྒྲུབ་འགོ་ཚུགས་པ་བཅས་ཀྱི་ལོ་ཞིག་ཀྱང་ཡིན་པས་ལོ་རྒྱུས་ཀྱི་དུས་ཚིགས་རླབས་པོ་ཆེས་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ལྗོངས་ཡོངས་ཀྱི་མི་དམངས་ཁྲིམས་ཁང་ལས་དོན་གྱི་སྤྱི་ཡོངས་ཀྱི་བསམ་གཞི་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུ། རྒྱལ་ཡོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བརྒྱད་པ་དང་། སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་གིས་ཁྲིམས་ཁང་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་ལས་འགན་གསར་པ་མཐའ་འཁྱོངས། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱ་རྒྱུ་མཐའ་འཁྱོངས། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཁོངས་གཏོགས་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞིག རྨང་བརྟན་གྱི་ཕྱོགས་སྟོན་བཅས་ལ་དེ་བས་དོ་སྣང་བྱ་རྒྱུ་དང་། དེ་བས་མཐོ་བའི་ཚུགས་གནས་ཀྱི་ཐོག་ནས་ཆབ་སྲིད་ལ་བརྟེན་ཏེ་ཁྲིམས་ཁང་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱེད་པ་དང་། དོན་དངོས་ཀྱི་ཞབས་ཞུའི་ཐོག་ནས་དམངས་ཕན་ཁྲིམས་འཛིན་བྱེད་པ། དེ་བས་དམ་ནན་གྱི་བྱ་ཐབས་ཀྱི་ཐོག་ནས་ཁྲིམས་འཛིན་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། དེ་བས་བརྟན་པའི་ཆོད་སེམས་ཀྱི་ཐོག་ནས་ཁྲིམས་འཛིན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དེ་བས་ནན་པའི་བླང་བྱའི་ཐོག་ནས་ཁྲིམས་འཛིན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བ། དེ་བས་རང་རྟོགས་ཀྱི་ཐོག་ནས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ“ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་གཞག་བདེན་སྐྱོང་ཡིན་པའི་མྱོང་ཚོར་ཐུབ་རྒྱུར་འབད་བརྩོན་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ནན་པོ་དེ་འདྲི་གཅོད་ལས་དོན་དངོས་ནང་ལག་ལེན་བསྟར་ཐུབ་པ་དང་ཁྲིམས་འཛིན་གྱི་ཕན་ནུས་དངོས་སུ་མཐོང་ཐུབ་པ་བྱས་ཐོག དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་ཁག་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གང་ཐུབ་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ཐད་མི་དམངས་ཁྲིམས་ཁང་གི་རིག་ནུས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

(གཅིག)ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་རྒྱུ། མིག་སྔའི་བོད་ཀྱི་ལས་དོན་ཐད་མངོན་པའི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་ཟབ་མོ་དང་ཁོང་དུ་ཡང་དག་ཆུད་པ་བྱ་རྒྱུ་དང་སྦྲགས། དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སིམ་འཛུལ་དང་། རྩ་སློག གཏོར་བཤིག གཏུམ་སྤྱོད་འཇིགས་སྐུལ། ཆོས་ལུགས་མཐར་འཛིན་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་པ་དང་། རྒྱལ་ཁབ་ནང་ཁོངས་སུ་གནས་པའི་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་པའི་དྲ་རྒྱ་དང་། དེ་བཞིན་དྲ་ཐོག་ནས་ལོག་སྤྱོད་དྲིལ་བསྒྲགས་དང་སིམ་འཛུལ་བྱེད་མཁན་རྩ་འཛུགས་ཁོངས་གཏོགས་མཐའ་གཅིག་ཏུ་རྩ་མེད་བཟོས་ནས་ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། སྲིད་དབང་གི་བདེ་འཇགས། ལམ་ལུགས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག་ལག་བསྟར་གཏིང་ཟབ་བྱས་ཏེ“ཀྲུང་ཧྭ་མི་རིགས་སྤྱི་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི”ཆེད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱ་ཆེར་སྤེལ་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ཕུགས་འདུན་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་ལྟ་བ་བཅས་འཛིན་རྒྱུའི་ཐད་མཐུན་སྒྲིལ་དམ་ཟབ་ཡོང་བར་ཁྲིད་སྟོན་བྱ་རྒྱུ། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུའི་འཆར་འགོད་ནན་ཏན་བཟོས་ཐོག ཁྲིམས་སྐྱོང་དྲིལ་བསྒྲགས་ཁྲོད་ཀྱི་གཞི་རིམ་ཁྲིམས་ཁང་གི་གཙོ་ཤུགས་ནུས་པ་འདོན་སྤེལ་གྱིས་རྩ་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ།

(གཉིས)དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བར་ཞབས་ཞུ་བསྒྲུབ་རྒྱུའི་ཐད་ཤུགས་རྒྱག་རྒྱུ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”དེ་ཁྲིམས་འཛིན་འདྲི་གཅོད་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་ཞབས་ཞུ་སྒྲུབ་པའི་ལས་རིམ་ཧྲིལ་པོར་ཁྱབ་ཐུབ་པ་བྱས་ནས་གོང་འཕེལ་གྱི་དུས་མཚམས་གསར་པ་དང་། གོང་འཕེལ་གྱི་བསམ་གཞི་གསར་པ། གོང་འཕེལ་གྱི་རྣམ་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་སྦྲགས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་ཐུབ་པ་བྱས་ཏེ། “འབྲེལ་ཆ་བཅུ་གསུམ”དོན་འཁྱོལ་ཡོང་བར་འགན་སྲུང་བྱ་རྒྱུ་དང་། ཏང་ཨུད་ཀྱི་གལ་ཆེའི་བཀོད་སྒྲིག་གང་དུ་སྐུལ་སྤེལ་བཏང་ན་དེ་གར་ཁྲིམས་འཛིན་ཞབས་ཞུ་སྒྲུབ་ཐུབ་པ་བྱ་རྒྱུ། “གཅིག་འཐུས་རྣམ་པའི”འཛུགས་སྐྱོང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་འདྲི་གཅོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་དྲང་གཞག་དང་ཁྲིམས་སྒྱུར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་དེ་བས་འགན་སྲུང་ཐུབ་པ་བཅས་ཡོང་བར་འབད་བརྩོན་བྱ་རྒྱུ། “ཞིང་གསུམ”ཁྱབ་ཁོངས་ནང་གི་ཁྲིམས་འགལ་ཉེས་གསོག་དང་འགལ་ཟླ་རྩོད་གཞིའི་རིགས་ཁྲིམས་ལྟར་འདྲི་ཞིབ་བྱ་རྒྱུ་དང་། “སོན་རྩྭ་དང་རྨོ་ཞིང་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་འབྲུ་རིགས་དང་། ལྷག་པར་དུ་ནས་ཀྱི་བདེ་འཇགས་ལ་འགན་ལེན”བྱ་རྒྱུའི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་ཞབས་ཞུ་བསྒྲུབས་ནས་ཞིང་ལས་དང་གྲོང་གསེབ་སྔོན་དུ་གོང་འཕེལ་གཏོང་བར་འགན་སྲུང་བྱ་རྒྱུ། ལག་བསྟར་མཉམ་འགུལ་བྱེད་པའི་ལམ་སྲོལ་གྱི་དགེ་མཚན་སྔོག་འཚོལ་དང་ཡིད་རྟོན་མཉམ་ལས་ཀྱི་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁ་ཡོད་ལག་ཡོད་གང་མང་གི་ཐོག་ནས་དོ་བདག་ལ་ཞུ་གཏུག་ཐོབ་པའི་ཁེ་དབང་དོན་སྨིན་ཐུབ་པ་བྱ་རྒྱུ། དམངས་དོན་ཁྲིམས་གཞུང་གི་དགོངས་དོན་དང་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་དཔེ་མཚོན་གྱོད་གཞི་སྒྲིག་སྤེལ་བྱས་ཏེ་གྱོད་གཞིར་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། ཁྲུན་གཅོད་དྲང་གཞག་གི་ཐོག་ནས་བྱ་སྤྱོད་ཀྱི་སྒྲིག་སྲོལ་བཟོ་བ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་ཁྲིད་སྟོན་བྱས་ཏེ་ཕྱོགས་མཐའ་ཀུན་ནས་མང་ཚོགས་ཀྱི་དམངས་དོན་ཁེ་དབང་ཁག་འགན་སྲུང་བྱ་རྒྱུ།

(གསུམ)སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་རྒྱུ། སྐྱེ་ཁམས་ཤེས་དཔལ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག་གི་བླང་བྱ་གཞིར་བཟུང་། སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དང་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་རྒྱུའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་རྩོད་གཞི་ནུས་ལྡན་སེལ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ཆད་གཅོད་ཤུགས་ཆེ་རུ་བཏང་ནས་ཉེས་དོན་ཁྲིམས་གཅོད་དང་། སྲིད་འཛིན་ཆད་གཅོད། སླར་གསོའི་ཁ་གསབ། ཡོངས་གྲགས་སུ་དགོངས་དག་ཞུ་བ་སོགས་ཀྱི་འགན་འཁྲི་འཁུར་ཐབས་ཁྲིམས་ལྟར་སྤྱོད་རྒྱུ། ཁོར་ཡུག་གི་ཁྲིམས་འཛིན་ཆེད་དོན་ཅན་དུ་བསྒྱུར་རྒྱུ་དེ་སྤྱིའི་འཛིན་ཐབས་སུ་བྱེད་པ་དང་། སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུ་དེ་སྒུལ་ཤུགས་སུ་བརྩི་བ། རིག་ནུས་ཁྲིམས་ཁང་དེ་རྒྱབ་རྟེན་དུ་བྱེད་པ། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་དེ་འགན་སྲུང་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ལམ་སྲོལ་ཕྱོགས་ཡོངས་ནས་ཤུགས་ཆེ་བཏང་སྟེ་གཙོ་གནད་ཁུལ་ཁོངས་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་དྲུག་ལ་སྤྱི་ཡོངས་སྲུང་སྐྱོབ་དང་། རྒྱུད་ཁོངས་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་སྲུང་ནུས་ལྡན་བྱ་རྒྱུ།

(བཞི)མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་ཤུགས་རྒྱག་རྒྱུ། རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སྟོབས་ཆེར་གཏོང་རྒྱུའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མཐའ་མཚམས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མཐའ་མཚམས་སྲ་བརྟན་དང་བདེ་འཇགས་ཡོང་ཐུབ་པ་བྱ་རྒྱུ་གཙོ་རྐང་འདི་ལ་དམིགས་ནས་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུའི་ཐད་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ། གཙོ་གནད་གཤམ་སྒྱུར་དང་། ནུས་ཤུགས་གཤམ་སྒྱུར། ཞབས་ཞུ་གཤམ་སྤེལ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་མི་དམངས་ཁྲིམས་ར་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ཐོག ཚན་རྩལ་སྐོར་སྐྱོད་ཁྲིམས་ར་དང་སྐོར་སྐྱོད་འདྲི་གཅོད་བྱེད་ས་སོགས་ལ་བརྟེན་ནས་ཁྲིམས་འཛིན་ཞབས་ཞུ་དེ་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི“སྒོ་འགྲམ”དུ་སྐྱེལ་ཐུབ་པ་བྱ་རྒྱུ། དམག་སྒར་དང་མཐའ་མཚམས་སུ་བསྐྱོད་ནས་བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཤུགས་ཆེ་སྤེལ་ཏེ་མཐའ་སྲུང་དམག་མི་དང་མཐའ་མཚམས་ཡུལ་མིའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དང་། “མཉམ་ལས་ལྔ་དང་སྲ་བརྟན་ལྔར”ཞབས་ཞུ་བསྒྲུབས་ཏེ་དམག་དམངས་མཐུན་སྒྲིལ་དང་“གཉིས་བཀུར”ལས་དོན་ལ་གོང་འཕེལ་གསར་པ་ཡོང་བར་སྐུལ་འདེད་གཏོང་རྒྱུ། མཐའ་མཚམས་ཉོ་འཚོང་ཁྲོམ་རའི་འགལ་ཟླ་དང་རྩོད་གཞི་སེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་བདག་ཁོངས་དབང་ཆ་མངོན་པར་བྱ་རྒྱུ།

(ལྔ)ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དུས་རབས་གསར་པའི་ཞབས་ཞུ་དང་འགན་སྲུང་བྱེད་པའི་ནུས་པ་མཐོ་རུ་གཏོང་བར་ཤུགས་རྒྱག་རྒྱུ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དེ་ཁྲིམས་ཁང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་ཟབ་མོ་དང་ཞིབ་གྲོས་ཟབ་མོ་བྱེད་པའི་བྱེད་སྒོ་སྤེལ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་འདྲི་གཅོད་ལག་བསྟར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་དུ་དོན་འཁྱོལ་ཐུབ་པ་བྱ་རྒྱུ། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་བཙན་པ་བཅས་དགོས་པའི”ཆེད་དོན་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོའི་བཅོས་སྒྲིག་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་བཅས་ཆེ་རུ་བཏང་བ་དང་།“འཇོན་ནུས་རིགས་བདུན”ཞུན་བརྡར་སྤྲད་དེ། ཏང་ལ་བློ་དཀར་སེམས་དཀར་དང་། རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད། མི་དམངས་ལ་ལྷག་བསམ་རྣམ་དག བཅའ་ཁྲིམས་ལ་བློ་དཀར་གཞུང་དྲང་བཅས་ཡིན་པའི་འགན་ལེན་བྱ་རྒྱུ། སྐོར་ཞིབ་བཅོས་སྒྲིག་གི“མཇུག་འཕྲོའི་ལས་དོན”ལ་དམ་འཛིན་ཏན་ཏིག་བྱས་ཐོག ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དཀྲི་བྱས་ཏེ་བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་རྗེས་སུ་སྙེག་ཐུབ་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་རྗེས་སུ་སྙེག་ཐུབ་པ། དུས་རབས་གསར་པའི་ཁྲིམས་འཛིན་འདྲི་གཅོད་བྱ་གཞག་གོང་འཕེལ་གཏོང་རྒྱུའི་དགོས་མཁོའི་རྗེས་སུ་སྙེག་ཐུབ་པ་བཅས་བྱ་རྒྱུ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་མ་ལག་ཕྱོགས་བསྡུས་དང་མཉམ་སྒྲུབ་ཕྱོད་ཆེ་ཡོང་བར་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ལ་ཕྱོགས་བསྡུས་ཚང་སྒྲིག་གིས་བསྒྱུར་བཅོས་ཟབ་གཏོང་བྱས་ནས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། རང་འགུལ་ངང་ཚན་རྩལ་གསར་པའི་གསར་བརྗེའི་ཚ་རླབས་དང་བསྟུན་ནས་མི་དམངས་ཁྲིམས་ཁང་གི་ཆ་འཕྲིན་ཅན་གྱི་པར་གཞི་4.0བསྐྲུན་རྒྱུར་གང་མགྱོགས་སྐུལ་འདེད་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་གྲངས་འཛིན་བདེན་སྐྱོང་གཏོད་རྒྱུ་བཅས་ཡིན།

འཐུས་མི་རྣམ་པ། 2021ལོར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཞིན་ལྟ་སྐུལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཤུགས་ཆེའི་མཛུབ་ཁྲིད། དེ་བཞིན་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་ཀྱི་འོག ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་ཐོག་མའི་བསམ་འདུན་དེ་ཁྲིམས་འཛིན་ལག་བསྟར་བྱེད་པའི་ཁྲོད་དོན་འཁྱོལ་དང་འགན་འཁྲི་དེ་ལས་གནས་ཐོག་དོན་འཁྱོལ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཆོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ལྡན་པའི་གོང་འཕེལ་ཡོང་བ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད། ཁྲིམས་འཛིན་འདྲི་གཅོད་ལས་ཁུངས་ཀྱིས་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་རྒྱུ་ཡིན་ལ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན། (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 


རྩོམ་སྒྲིག་པ། : གསང་བདག་རྒྱལ།