ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ།

—— སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག

ཀྲེང་ཅན་པང་།

(2020ལོའི་ཟླ5ཚེས21ཉིན)

ཨུ་ཡོན་རྣམ་པ།

ངས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།

དང་པོ། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ནང་ཞུགས་པའི་སྡེ་ཚན་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། གྲོས་གཞི་འདོན་པར་བརྟེན་ནས་འགན་སྒྲུབ་གྲོས་འདོན་ཧུར་ཐག་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གིས་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་སྲིད་གྲོས་ཀྱི་གྲོས་གཞི་སྒྲུབ་པའི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་གལ་ཆེན་ཐད་གྲོས་གཞིས་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་གཙིགས་སུ་བཟུང་བ་དང་། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྤེལ་བར་བརྟེན་ནས་གྲོས་གཞི་སྒྲུབ་པར་སྐུལ་འདེད་གཏོང་བ་གཙིགས་སུ་བཟུང་བ། ཁྱད་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་ཚུན་དུ་གྲོས་གཞི་འདོན་པར་བརྟེན་ནས་ཇུས་བཟང་སྡུད་ལེན་རྒྱ་ཁྱབ་དང་ངོས་འཛིན་གཅིག་མཐུན་གཅིག་སྡུད་རྒྱ་ཁྱབ་བྱེད་པ་གཙིགས་སུ་བཟུང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་གཉིས་ཀར་རྒྱལ་ཁ་ལེན་པར་སྟོབས་ཤུགས་ཕུལ་ཡོད། སྒྲུབ་འགན་འཁུར་མཁན་སྡེ་ཚན་ཁག་གིས་གྲོས་གཞི་སྒྲུབ་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་། འགན་འཁུར་བློ་མཐུན་གཙོ་བོས་གནད་འགག་ལ་དམ་འཛིན་ཏན་ཏིག སྒྲུབ་འགན་འཁུར་མཁན་སྡེ་ཁག་གིས་འགན་འཁྲི་མི་ཐོག་ཏུ་བབས་པ་བཅས་བྱས་པ་དང་། གྲོས་གཞི་གནད་ཆེ་བ་སྒྲུབ་པར་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པའི་སྒོ་ནས་ཇུས་ཐག་གཅོད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་སྤེལ་བཏང་ཡོད།

ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ནང་ཞུགས་པའི་སྡེ་ཚན་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་དོན་འཁྱོལ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་གཙོ་བོ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པའི་གནད་དོན་གལ་ཆེན། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་བཅས་ལ་དམིགས་ཏེ། ཚོགས་འདུ་ཐེངས་གཉིས་པར་གྲོས་གཞི་5488ཕུལ་ཡོད། གྲོས་གཞི་ཞིབ་བཤེར་གྱི་སྤུས་ཀའི་འགག་སྒོ་དམ་སྲུང་བྱས་ཏེ་ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞི་4089ཐོ་ཁོངས་སུ་བཀོད་པ་དང་། སྒྲུབ་འགན་འཁུར་མཁན་སྡེ་ཚན་175ལ་སྤྲད་དེ་སྒྲུབ་ཏུ་བཅུག་ནས་དུས་ཐོག་ཏུ་བསྒྲུབས་ཡོད།

དཔལ་འབྱོར་འཛུགས་སྐྲུན་ཐད། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད། ཉེན་ཁ་ཚབས་ཆེན་འགོག་སེལ། དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་སྤེལ་སོགས་བྱེད་པར་དམིགས་ནས་གྲོས་གཞི་1756བཏོན་ཡོད། ཁེ་ལས་ཀྱི་ཁྲལ་གྲོན་ཁུར་པོ་དངོས་སུ་ཆག་ཡང་དུ་གཏོང་རྒྱུ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། བར་སྣང་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། རྒྱ་མཚོའི་དཔལ་འབྱོར་གསར་གཏོད་དང་གོང་འཕེལ་དཔེ་སྟོན་གྲོང་ཁྱེར་དང་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་སོགས་ཀྱི་གྲོས་གཞིས་ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་བརྗེ་སྤོར་ལ་སྐུལ་སྤེལ་གཏོང་བར་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། བྱེད་ཐབས་སྤྱད་དེ་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་སོགས་སྐོར་གྱི་གྲོས་འགོས《ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་བྱེད་པར་སྔོན་འགོག་དང་ཐག་གཅོད་བྱེད་པའི་སྲོལ་ཡིག》བཟོ་བར་སྐུལ་འདེད་གཏོང་བ་དང་། ཆེད་དམིགས་བུན་འཛིན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་པ་བཅས་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རིག་ནུས་བཟོ་སྐྲུན་ཚོད་ལྟའི་དཔེ་སྟོན་སྤེལ་རྒྱུ་སོགས་སྐོར་གྱི་གྲོས་གཞི་སྒྲུབ་གཉེར་བྱེད་རིམ་ནང་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་ངོས་འཛིན་གཅིག་སྒྲིལ་སྔར་ལས་ལྷག་པ་ཡོང་བར་བྱས་ཡོད། ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་ལ་འགྲིམ་འགྲུལ་གྱིས་ཞབས་འདེགས་ཞུ་རྒྱུ་སོགས་སྐོར་གྱི་གྲོས་གཞིས་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་ཀྱི་རྨང་གཞིའི་ཚན་རིག་འཕེལ་རྒྱས་འཆར་འགོད་བཟོ་རྒྱུ་དང་ཚན་རིག་ཞིབ་འཇུག་ལས་གཞིའི་མ་དངུལ་ལ་ཧེ་བག་ཅན་གྱི་རིགས་དབྱེ་དོ་དམ་བྱ་རྒྱུའི་སྐོར་གྱི་གྲོས་འགོ་དེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་ཚན་རིག་དང་ལག་རྩལ་གོང་དུ་སྤེལ་བའི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཁྲོད་དང་ལེན་བྱས་ཡོད།

ཆབ་སྲིད་འཛུགས་སྐྱོང་ཐད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། གཞི་རིམ་གྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གྲོས་གཞི་བཏོན་ཡོད། ཀྲུང་གོ་གསར་པའི་འབད་འཐབ་ལོ་རྒྱུས་ཀྱི་སློབ་གསོ་གཏོང་རྒྱུ་སོགས་སྐོར་གྱི་གྲོས་འགོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་བདེ་བླག་ངང་སྤེལ་བར་སེམས་ཤུགས་གཅིག་སྒྲིལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད། སྡེ་ཁུལ་གྱི་རྩ་འཛུགས་རྣམ་པ་གསར་གཏོད་བྱ་རྒྱུ་དང་། སྣ་མང་གྲོས་མོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། གྲོང་མིའི་ཟབ་ཞུགས་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་སྐོར་གྱི་གྲོས་འགོས་གཞི་རིམ་གྱི་གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དུ་སྤེལ་བར་སྐུལ་འདེད་གཏོང་བར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། ཁོངས་བརྒལ་གྱོད་ཐོ་འགོད་པར་སྒྱུར་བཅོས་ལ་སྐུལ་སྤེལ་ཇེ་མགྱོགས་གཏོང་རྒྱུ་དང་། འདྲི་གཅོད་ལྟ་སྐུལ་དོ་དམ་གྱི་འགན་དབང་གསལ་ཐོ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཆེད་དམིགས་ཁྲིམས་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་སྐོར་གྱི་གྲོས་འགོས་མི་དམངས་ཁྲིམས་ཁང་གི་ཕྱོགས་བསྡུས་ཆ་འགྲིག་སྒྱུར་བཅོས་ཟབ་ཏུ་གཏོང་བར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ་བྱ་རྒྱུའི་སྐོར་གྱི་གྲོས་འགོས་གཞི་རིམ་དུ་འཆིང་སྒྲོལ་ཁུར་ཡང་གཏོང་བའི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་བཏང་ཡོད།

རིག་གནས་འཛུགས་སྐྱོང་ཐད། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྒྱུར་བཅོས་དང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གྲོས་གཞི་བཏོན་ཡོད། དྲ་བའི་རྩོམ་རིག་ཚོང་ར་ཚད་ལྡན་དུ་གཏོང་རྒྱུ་དང་རྩོམ་རིག་གསར་པའི་ཚོགས་སྤྱིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོས་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། གློག་བརྙན་བརྙན་འཕྲིན་ཁེ་ལས་ཀྱི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོས《གློག་བརྙན་ཐོན་ལས་ལ་སྐུལ་སྤེལ་གཏོང་ཐབས་སྐོར་གྱི་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། མིས་བཟོས་གཙང་པོ་ཆེན་པོའི་སྐོར་གྱི་རིག་གནས་རྒྱུད་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་གྲོས་འགོས《མིས་བཟོས་གཙང་པོ་ཆེན་པོའི་སྐོར་གྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་བྱ་རྒྱུའི་འཆར་འགོད་རྩ་གནད》གཏན་འབེབས་དང་དངོས་སུ་འདོན་པར་སྐུལ་འདེད་བཏང་ཡོད། རིག་ལྡན་ལུས་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལུས་རྩལ་གཉེར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་འདུ་ཤེས་མཐོ་རུ་གཏོང་རྒྱུ་སོགས་སྐོར་གྱི་གྲོས་འགོ་དེ《ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་གནད》ནང་བསྡུ་ལེན་གང་ལེགས་བྱས་ཡོད།

སྤྱི་ཚོགས་འཛུགས་སྐྲུན་ཐད། དབུལ་བྲལ་གནད་འཁེལ་བྱེད་པ་དང་། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་གཉེར་བྱེད་པ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བ། དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེར་གཏོང་དང་གསར་གཏོད་བྱེད་པ་སོགས་ལ་དམིགས་ནས་གྲོས་གཞི་1185བཏོན་ཡོད། དབུལ་བྲལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་། ནད་རིགས་དང་གནོད་འཚེ་ཕོག་པ་དང་། སློབ་གྲྭར་འགྲོ་བ་བཅས་ཀྱི་དབང་གིས་བསྐྱར་དུ་དབུལ་པོར་འགྱུར་བར་སྔོན་འགོག་བྱ་རྒྱུའི་སྐོར་གྱི་གྲོས་འགོས་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་དབུལ་བྲལ་འགག་སྒྲོལ་གྱི་འགན་སྲུང་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ། དགེ་རྒན་གྱི་སྤྱི་ཚོགས་གོ་གནས་མཐོ་རུ་གཏོང་རྒྱུ་སོགས་སྐོར་གྱི་བསམ་འཆར་དང་གྲོས་འགོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཆེད་དོན་གྲོས་མོལ་དང་གྲོས་བསྡུར་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་གྲོས་འགོ་རེ་རེ་བཞིན་ཞིབ་འཇུག་དང་དང་ལེན་དོན་འཁྱོལ་བྱས་ཡོད། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་རྒྱུ་དང་འགོག་སྨན་བདེ་སྲུང་བྱ་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་སྐོར་གྱི་གྲོས་འགོས《ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་བསམ་འཆར》འདོན་པ་དང་རྒྱལ་ཁབ་ཀྱི་སྨན་རྫས(འགོག་སྨན)ཁུངས་འདེད་ལས་སྟེགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་དེ《རྒན་གསོའི་ཞབས་ཞུའི་འདོན་སྤྲོད་སྔར་བས་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུའི་ལག་བསྟར་བསམ་འཆར》ནང་དང་ལེན་བྱས་ཡོད། ནག་སེལ་གཤེད་འཇོམས་རྒྱུན་མཐུད་ངང་སྤེལ་རྒྱུའི་སྐོར་གྱི་གྲོས་འགོ་དེ་ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་པ་སོགས་ཁྲིམས་འཛིན་ཡིག་ཆའི་ནང་བསྡུ་ལེན་གང་ལེགས་བྱས་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཐུས་ཚང་འཛུགས་སྐྱོང་བྱེད་པ་སོགས་ཀྱི་ཐད་གྲོས་གཞི་བཏོན་ཡོད། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་དང་། ཞིང་ལས་དང་ཞིང་གྲོང་གི་སྦགས་བཙོག་བཅོས་སྐྱོང་། གནམ་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་ལེན་པ་བཅས་བྱ་རྒྱུར་རྩེ་གཅིག་ཏུ་དམིགས་ནས་བཏོན་པའི་བསམ་འཆར་དེ《འབྲི་ཆུ་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུའི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞི》དང་། 《ཞིང་ལས་དང་ཞིང་གྲོང་གི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུའི་འགག་སྒྲོལ་དམག་འཐབ་ཀྱི་བྱ་སྤྱོད་འཆར་གཞི》 རླུང་ཁམས་ཆེ་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ལག་བསྟར་བྱེད་པའི་ལས་དོན་ཁྲོད་མཚོན་པར་བྱས་ཡོད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེན་པོའི་ལམ་ལུགས་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་གི་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དབང་ཆའི་བྱེད་པོ་སྔར་བས་ཁ་གསལ་བཟོ་རྒྱུ། ལྟ་ཞིབ་ཚད་ལེན་གྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་པས། རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་ཐོག་དབང་ཆ་གཏན་འཁེལ་གྱིས་ཐོ་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། 《འབབ་རྒྱུད་སྟོད་སྨད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་གུན་གསབ་ལམ་སྲོལ་མགྱོགས་མྱུར་ངང་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》འདོན་པ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་བཟོ་བ་སོགས་ཀྱི་ལས་དོན་ལ་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ་དེ《རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཕེལ་རྒྱས་འཆར་འགོད》བཟོ་བཀོད་བྱེད་རིམ་ཁྲོད་དང་ལེན་བྱས་ཡོད།

འབྲེལ་ཡོད་གྲོས་གཞིས་ད་དུང་ཤང་ཀང་དང་ཨའོ་མོན་ས་ཁུལ་དར་རྒྱས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུ། ཕྱི་ཕྱོགས་དང་མཛའ་མཐུན་འགྲོ་འོང་བྱེད་རྒྱ་ཇེ་ཆེར་གཏོང་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཏེ། འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་ཚུན་དུ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་དམངས་གཙོའི་ཏང་ཤོག་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་རིམས་འགོག་ལས་ཀར་ཞུགས་གང་ཐུབ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བར་དམིགས་ཏེ། སྤྱི་པའི་འཕྲོད་བསྟེན་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་དང་སྲོག་སྐྱོབ་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཅིག་གྱུར་གྱི་མྱུར་བསྟུན་དངོས་རྫས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དུས་ཆད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་འགན་ལེན་ཏན་ཏིག་བྱ་རྒྱུ་དང་། ལས་ཐོན་བསྐྱར་ཚུགས་དང་ལས་ཞུགས་གནད་འཁེལ་ལ་སྐུལ་འདེད་གཏོང་རྒྱུ། ཁེ་ལས་ཆུང་འབྲིང་ཕྲ་གསུམ་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱ་རྒྱུ་སོགས་ཀྱི་གྲོས་གཞི་500ཙམ་བཏོན་ཡོད། ཆེད་དོན་ཆེད་སྒྲུབ་དང་འཕྲལ་དོན་མྱུར་སྒྲུབ་ཀྱི་རྩ་དོན་ལྟར། གྲོས་གཞི་དེ་དག་སྔོན་ལ་དཔྱད་གཞིའི་ཡིག་ཆའི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཕུལ་ཏེ་ནུས་པ་འདོན་སྤེལ་བྱས་ཡོད།

གཉིས་པ།

ལོ་གཅིག་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་བྱས་པ་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཆུད་པ་དང་། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད། ལས་ཀའི་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན། གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་བྱེད་པ་ལ་བརྟེན་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་རྒྱུན་འཁྱོངས་བྱེད་རིང་གོང་དུ་སྤེལ་བ་དང་། སྲ་བརྟན་གཏོང་རིང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད།

(གཅིག) གྲོས་གཞིའི་ལས་དོན་གྱི་འོད་སྟོང་འབར་བའི་བརྒྱུད་རིམ་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་སྐབས། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་མི་དམངས་ཚོགས་པ། སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག ས་གནས་སྲིད་གྲོས་བཅས་རྒྱ་ཁྱབ་ཏུ་ཞུགས་པའི་འོག རྒྱལ་ཡོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་གི་གྲོས་གཞི་ཁྲི་14.4ལྷག་གི་ཁྲོད་ནས་ཕན་ནུས་ཆེན་པོ་ལྡན་པའི་གྲོས་གཞི་གལ་ཆེན་100དཔྱད་འདེམས་བྱས་ཏེ་གཟེངས་བསྟོད་བྱས་པས། དེས་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་མཚོན་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་སྒྲུབ་པ་དང་དམངས་དོན་དུ་འགན་འཁྲི་འཁུར་བའི་འགན་འཁྲི་འཁུར་སེམས་ལྡན་པའི་སྒོ་ནས་སྤུས་ཚད་མཐོ་བའི་གྲོས་གཞི་འདོན་པར་སྐུལ་སློང་བྱས་ཡོད། གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱས་ཏེ། 《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་དགོས》ཞེས་པ་དང《མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྒྲུབ་པའི་ལོ་ངོ་70》ཞེས་པའི་ཀློག་དེབ་རྩོམ་སྒྲིག་བྱས་ཡོད། ལོ་ངོ་70ཡི་རིང་གི་འཕེལ་རྒྱས་བརྒྱུད། གྲོས་གཞི་འདོན་པ་ནི་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་བྱེད་སྟངས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

(གཉིས) གྲོས་གཞི་གནད་ཆེ་བར་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ།

གྲོས་གཞི་གནད་ཆེ་བའི་ལས་དོན་སྤེལ་ཕྱོགས་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུའུ་ཞིའི་གྲོས་ཚོགས་ཐོག་གྲོས་གཞི་གནད་ཆེ་བའི་ཁ་བྱང་40ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མིས་རུ་ཁག་གི་སྣེ་འཁྲིད་དེ་གྲོས་གཞི་གནད་ཆེ་བ་སྒྲུབ་སྐུལ་ལ་བརྟག་དཔྱད་ཞིབ་འཇུག་དང་། གྲོས་གཞི་གནད་ཆེ་བ་སྒྲུབ་པའི་གྲོས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་སྐོང་འཚོགས་བྱས་པ་ལས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཟང་པོ་ཐོན་ཡོད། གྲོས་གཞི་སྒྲུབ་སྐུལ་བྱ་རྒྱུ་དེ་མ་བསྒྲུབ་སྔོན་དང་བསྒྲུབས་པའི་རྗེས་ལ་བསྲིངས་པ་སྟེ། “ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་གནོད་མེད་ཁུངས་འདེད་མ་ལག་འཛུགས་སྐྲུན”དང་། “དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་དོ་སྣང་བྱ་དགོས་པའི་གནད་དོན”སོགས་ཀྱི་གྲོས་གཞི་གནད་ཆེ་བར་སྒྲུབ་སྐུལ་མ་བྱས་སྔོན་དུ་སྒྲུབ་འགན་འཁུར་མཁན་སྡེ་ཚན་ལ་བཅར་འདྲིར་བསྐྱོད་པ་དང་། གནད་འགག་ཆེ་བའི་གནད་དོན་གནད་ལ་འཁེལ་པོས་འཚོལ་ཞིབ་དང་། སྒྲུབ་སྐུལ་བྱས་རྗེས་མུ་མཐུད་རྗེས་འདེད་འདྲི་རྩད་བྱས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། “ཨའོ་མོན་ཧེང་ཆིན་དང་མཉམ་ལས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ”དང་། “ཡུའེ་ཀང་ཨའོ་གསུམ་གྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་ཁྲིམས་སྐྱོང་སྔོན་ལ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ”སོགས་ཀྱི་གྲོས་གཞི་གནད་ཆེ་བར་སྒྲུབ་སྐུལ་བྱས་པས། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་སྤེལ་དང་། ནང་ས་དང་ཤང་ཀང་ཨའོ་མོན་བར་གཉིས་ཕན་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

(གསུམ) སྤུས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ།

《གྲོས་གཞིའི་ལས་དོན་སྲོལ་ཡིག》དང《གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་བའི་བསམ་འཆར》ལག་ལེན་མཐར་ཕྱིན་བྱ་རྒྱུ་དྲིལ་བསྒྲགས་རྒྱུན་མཐུད་བྱས་ཏེ། གྲོས་གཞི་འདོན་མཁན་གྱིས་གྲོས་གཞི་འདོན་སྐབས་སྔར་བས་གཟབ་ནན་དང་། བརྗོད་གཞི་སྔར་བས་གཅིག་སྡུད། བརྟག་དཔྱད་ཞིབ་འཇུག་སྔར་བས་ཏན་ཏིག གྲོས་འགོ་སྔར་བས་ཞིབ་ཕྲ་བཅས་ཡོང་བར་ཁྲིད་སྟོན་བྱས་ཡོད། དུས་རྒྱུན་གྱི་གྲོས་གཞིའི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཞིབ་བཤེར་བྱ་རིམ་འཐུས་སྒོ་ཚང་དུ་བཏང་བ་དང་། དུས་རྒྱུན་གྱི་གྲོས་གཞིའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་གཞི་རྟེན་དུ་བྱས་ཏེ་གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་ལས་སྟེགས་གསར་པ་འཛུགས་རྒྱུ་འཚོལ་ཞིབ་བྱས་ཡོད། གྲོས་གཞི་སྒྲུབ་པའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་གྲོས་གཞི་སྒྲུབ་པའི་ཕན་འབྲས་ལ་སྔར་བས་མཐོང་ཆེན་བྱེད་པར་སྐུལ་འདེད་བཏང་ཡོད། སྲིད་ཇུས་ཀྱི་ཆ་འཕྲིན་བསྡུ་རུབ་དང་ཕྱོགས་བསྒྲིགས་བྱས་པ་དང་། གྲོས་གཞིའི་དཔྱད་གཞིའི་ནང་དོན་དུས་ཐོག་ཏུ་ཁག་བགོས་ཀྱིས་ཡོངས་བསྒྲགས་བྱས་ཏེ་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་ཤེས་ཡོང་བར་ཞབས་འདེགས་སྔར་ལས་ལེགས་པ་ཞུས་ཡོད། ཨུ་ཡོན་གྱིས་འགུལ་རྣམ་གྱིས་འགན་ནུས་སྒྲུབ་པའི་APPགྲོས་གཞི་འདོན་པའི་ནུས་པ་ཆེ་རུ་བཏང་བ་དང་། རིག་ལྡན་གྲོས་གཞིའི་མ་ལག་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་སྒྲུབ་འགོ་བཙུགས་ཏེ་དྲ་ཐོག་འགན་སྒྲུབ་ཞབས་ཞུའི་ནུས་པ་རྒྱ་སྐྱེད་བཏང་ཡོད།

(བཞི) ལམ་ལུགས་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་བ།

《གྲོས་གཞི་གནད་ཆེ་བ་གདམ་གསེས་དང་སྒྲུབ་སྐུལ་བྱེད་ཐབས》བཟོ་བཅོས་བརྒྱབ་ནས། གྲོས་གཞི་གནད་ཆེ་བ་གདམ་གསེས་ཀྱི་བསྡུར་ཚད་མཐོ་རུ་བཏང་བ་དང་སྒྲུབ་སྐུལ་བྱེད་ཐབས་རྒྱ་སྐྱེད་བཏང་སྟེ། གྲོས་གཞི་གནད་ཆེ་བ་གནད་གཅིག་གིས་ཁྱོན་ཡོངས་སྐུལ་ཁྲིད་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ཐུབ་བྱས་ཡོད། 《ལོ་འཁོར་གྱི་གྲོས་གཞི་བཟང་པོ་དཔྱད་འདེམས་བྱེད་ཐབས》གཏན་ལ་ཕབ་ནས་དཔྱད་འདེམས་ཐེངས་དང་པོ་བྱས་ཏེ་སྤུས་ཚད་མཐོ་བའི་གྲོས་གཞིའི་ཚད་ཤིང་བཙུགས་ཡོད། གྲོས་གཞི་ཞིབ་བཤེར་དང་། གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ། གྲོས་གཞི་དཔྱད་འདེམས་དང་གཟེངས་བསྟོད་སོགས་སྒྲིག་སྲོལ་ལམ་ལུགས་ལ་བཟོ་བཅོས་རྒྱག་པའི་ལས་འགོ་བརྩམས་ཏེ། གྲོས་གཞིའི་ལས་དོན་ལ་བརྟེན་ནས་དམངས་གཙོའི་ཏང་ཤོག་ཁག་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་སྒྲུབ་ལམ་སྲོལ་འཚོལ་ཞིབ་བྱས་ཡོད། གྲུབ་འབྲས་ཐོབ་པ་དང་དུས་མཚུངས་སུ། ང་ཚོས་མིག་སྔར་ད་དུང་སྤུས་ཚད་ཀྱི་འདུ་ཤེས་འཛིན་ཤུགས་སྔར་བཞིན་ཆེ་རུ་གཏོང་དགོས་པ་དང་། གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་ལ་རྩེ་གཅིག་ཏུ་དམིགས་པའི་ཟབ་ཚད་མི་འདང་བ། གྲོས་གཞི་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ཡོད་པ་ཡང་ཤེས་པར་བྱས་ནས་ནན་ཏན་གྱིས་ལེགས་བཅོས་བྱེད་དགོས།

གསུམ་པ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་བྱས་ཏེ་གྲོས་གཞི་འདོན་པར་བརྟེན་ནས་ཐབས་འདོན་ཇུས་འདོན་བྱས་ཐོག་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་རྟིང་རྩོད་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

(གཅིག) བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་ཏུ་ཡོང་བར་བྱེད་དགོས།

ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་འཛིན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གྲོས་གཞི་བཏོན་པ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་རྟིང་རྩོད་བྱ་རྒྱུའི་ལས་འགན་གཙོ་བོར་སྔར་བས་རྩེ་གཅིག་ཏུ་དམིགས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་གཏན་འབེབས་ལ་རམ་འདེགས་བྱེད་པ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་གནོད་རྐྱེན་ཧུར་ཐག་གིས་བསལ་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བསམ་བློ་དང་འདུ་ཤེས་བསྒྱུར་ཏེ་གྲོས་གཞི་འདོན་མཁན་ལ་གྲོས་གཞི་སྒྲུབ་པར་སྐུལ་སྤེལ་དང་ལས་ཀར་སྐུལ་འདེད་བཏང་བ་ནི་གྲུབ་འབྲས་ཡིན་པ་དང་། གྲོས་གཞི་འདོན་མཁན་གྱིས་གནད་དོན་ཤེས་རྟོགས་དང་། སྲིད་ཇུས་དང་ཁྲིམས་སྲོལ། ལས་ཀའི་ཕན་འབྲས་བཅས་ལ་ངོས་འཛིན་བྱེད་ཚད་མཐོ་རུ་བཏང་བ་ནི་གྲུབ་འབྲས་ཡིན་ལ། གནད་དོན་བཏོན་རིགས་གནས་སྐབས་ཐག་གཅོད་བྱེད་པའི་ཆ་རྐྱེན་མི་འཛོམས་ནའང་གྲོས་འགོས་བློ་སྒོ་འབྱེད་པ་དང་མཐོང་ཆེན་བྱ་ཡུལ་དུ་གྱུར་པས་སླད་ཕྱིན་འབད་བརྩོན་ཆེན་པོས་ཐག་གཅོད་བྱ་རྒྱུར་རམ་འདེགས་བྱས་པ་དེའང་གྲུབ་འབྲས་ཡིན་པའི་ངོས་འཛིན་གང་ལེགས་བྱེད་དུ་འཇུག་དགོས།

(གཉིས) ཆེད་དམིགས་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ནས་གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་ཟབ་སྤེལ་བྱེད་དགོས།

གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་སྔར་བས་སྟབས་བསྟུན་དང་རྒྱུན་ལྡན་གྱི་སྒོ་ནས་སྤེལ་དགོས། གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་ཚོགས་འདུའི་ཚད་གཞི་བཟོས་ཏེ་གྲོས་གཞི་འདོན་མཁན་དང་སྒྲུབ་འགན་འཁུར་མཁན་སྡེ་ཚན་བར་མཐུན་སྦྱོར་དང་གྲོས་མོལ་སྔར་ལས་ཡག་པོ་བྱེད་པར་ལས་སྟེགས་བཟང་པོ་སྐྲུན་དགོས། གྲོས་གཞི་སྒྲུབ་གཉེར་གྱི་གྲོས་མོལ་དེ་དྲ་ཐོག་སྲིད་གླེང་དང་རྒྱང་རིང་གྲོས་མོལ་གཉིས་དང་ཟུང་འབྲེལ་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས། ནམ་རྒྱུན་གྲོས་གཞི་ཇི་ལྟར་འགོད་པ་དང་ཇི་ལྟར་སྒྲུབ་པའི་ཐབས་ལམ་ནུས་ལྡན་དང་གྲོས་གཞི་གནད་ཆེ་བ་གདམ་གསེས་བྱེད་སྟངས་བྱེད་ཐབས་ནང་འཇུག་པར་ཞིབ་འཇུག་བྱེད་དགོས། གྲོས་གཞིའི་ལས་དོན་སྒྲུབ་རིང་དམངས་གཙོའི་ཏང་ཤོག་ཁག་གིས་ཏང་ཤོག་རང་གི་མིང་ཐོག་ནས་སྲིད་གྲོས་སུ་བསམ་འཆར་འདོན་པ་དང་གྲོས་འགོ་འདོན་པར་ལམ་སྲོལ་གྱི་རང་བཞིན་ལྡན་པའི་བཀོད་སྒྲིག་བྱ་རྒྱུའི་བླང་བྱ་དོན་འཁྱོལ་སྔར་ལས་ལྷག་པར་བྱེད་དགོས།

(གསུམ) ལས་ཀ་བྱེད་སྟངས་ལེགས་བཅོས་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།

གྲོས་གཞིའི་ཞིབ་བཤེར་ལས་དོན་ལ་སོགས་པའི་ལམ་ལུགས་དང་ཡིག་ཆར་བཟོ་བཅོས་བརྒྱབ་ནས་གྲོས་གཞི་འདོན་མཁན་གྱིས་གྲོས་གཞི་ཡག་པོ་འདོན་པ་དང་སྒྲུབ་འགན་འཁུར་བའི་སྡེ་ཚན་གྱིས་གྲོས་གཞི་ཡག་པོ་སྒྲུབ་པར་ཞབས་འདེགས་ཞུ་དགོས། ལོ་འཁོར་གྱི་གྲོས་གཞི་བཟང་པོ་དཔྱད་འདེམས་དང་གྲོས་གཞིའི་སྤུས་ཚད་ལ་གདེང་འཇོག་བྱེད་སྒོ་མུ་མཐུད་སྤེལ་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཤོག་དང་ཚོགས་པ་དང་། སྒྲུབ་འགན་འཁུར་མཁན་སྡེ་ཚན། ས་གནས་སྲིད་གྲོས་བཅས་དང་མཐུན་སྦྱོར་དང་སྤེལ་རེས་དམ་ཟབ་བྱས་ཏེ། ཏང་ཤོག་དང་ཚོགས་པ་དང་། ཤང་ཀང་དང་ཨའོ་མོན་གྱི་ཨུ་ཡོན་ལ་ལས་དོན་བརྡ་ཁྱབ་ཡག་པོ་གཏོང་བ་དང་། རིག་ལྡན་གྲོས་གཞིའི་མ་ལག་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་དགོས།

ཨུ་ཡོན་རྣམ་པ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རིམས་ནད་འགོག་རྒོལ་བྱ་རིམ་ཁྲོད་མངོན་པའི་ཀྲུང་གོའི་སྙིང་སྟོབས་དར་སྤེལ་བཏང་ནས། ཡིད་ཆེས་ཇེ་བརྟན་དང་། འགན་འཁུར་ཕོད་པ། ངོས་འཛིན་གཅིག་སྒྲིལ། མི་བརྒྱ་སེམས་གཅིག་བཅས་བྱས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པར་བྱས་རྗེས་འཇོག་དགོས།

(རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་འབྱོར་བའི་གློག་འཕྲིན)


རྩོམ་སྒྲིག་པ། : གསང་བདག་རྒྱལ།