རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས(འཆར་ཟིན)》གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་གནང་ཞིང་། ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། ད་ཕན་ལོ་ཤས་རིང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་མངོན་གསལ་དོད་པ་དང“ཤང་ཀང་རང་བཙན”དང་། རྒྱལ་ཁབ་ཁ་ཕྲལ། གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད་སོགས་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། གོང་བུ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། ཕྱི་རྒྱལ་དང་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཁ་ཤས་ཀྱིས་ཤང་ཀང་གི་ལས་དོན་ལ་མངོན་སུམ་འཛེམ་མེད་ངང་ཐེ་ཇུས་བྱེད་པ། 

ཤང་ཀང་ལ་ཁ་གཡར་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་སྤེལ་བ་བཅས་རེད། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཤང་ཀང་གི་ཡུན་རིང་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་། ཤང་ཀང་གི་གྲོང་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བཅས་བྱ་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་དོན་ཚན་སོ་གཅིག་པ་དང་དོན་ཚན་རེ་གཉིས་པའི་ནང་གསེས་གཉིས་པ་དང་། བཅུ་བཞི་པ། བཅུ་དྲུག་པ་བཅས་ཀྱི་གཏན་འབེབས་དང་དེ་བཞིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གཤམ་གྱི་གཏན་འབེབས་གནང་བ་སྟེ།

གཅིག རྒྱལ་ཁབ་ཀྱིས“བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་ཤང་ཀང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་དང་བྱེད་སྒོར་ཁྲིམས་ལྟར་འགོག་ཟོན་དང་། བཀག་འགོག ཆད་གཅོད་བཅས་བྱེད་དགོས་པ་དང་།

གཉིས། རྒྱལ་ཁབ་ཀྱིས་ཕྱི་རྒྱལ་དང་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་གང་རུང་གིས་རྣམ་པ་གང་རུང་ཐོག་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ངོ་རྒོལ་དང་བཀག་འགོག་བྱེད་པ་དང་ཕྱི་རྒྱལ་དང་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱིས་ཤང་ཀང་ལ་ཁ་གཡར་ནས་ཁ་ཕྲལ་དང་། མགོ་རྟིང་སློག་པ། སིམ་འཛུལ། གཏོར་བཤིག་གཏོང་བ་བཅས་ཀྱི་བྱེད་སྤྱོད་སྤེལ་རྒྱུར་ཁྲིམས་ལྟར་འགོག་ཟོན་དང་། བཀག་འགོག ཆད་གཅོད་བཅས་བྱེད་དགོས་པ།

གསུམ། རྒྱལ་ཁབ་ཀྱི་བདག་དབང་དང་། གོང་བུ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུ་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་འགན་འཁྲི་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཁྲིམས་འཛུགས་སྔ་ཙམ་ལེགས་སྒྲུབ་བྱེད་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ལས་ཁུངས་དང་། ཁྲིམས་འཛུགས་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་དང་བྱེད་སྒོར་འགོག་ཟོན་དང་། བཀག་འགོག ཆད་གཅོད་བཅས་ནུས་ལྡན་བྱེད་དགོས་པ།

བཞི། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་སྒྲིག་གཞི་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཁྲིམས་སྐྱོང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དགོས་མཁོ་ལྟར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་འགན་འཁྲི་ཁྲིམས་ལྟར་སྒྲུབ་དགོས་པ།

ལྔ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་སློབ་གསོ་རྒྱག་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་དང་བྱེད་སྒོ་ཁྲིམས་ལྟར་བཀག་འགོག་བྱེད་པ་སོགས་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གནས་ཚུལ་དུས་བཀག་ལྟར་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས་པ།

དྲུག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བའི་འབྲེལ་ཡོད་བཅའ་ཁྲིམས་བཟོ་རྒྱུའི་དབང་ཆ་སྤྲད་ནས་རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་བྱེད་སྤྱོད་སྒྲིག་འཛུགས་དང་སྤེལ་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱེད་སྤྱོད་དང་བྱེད་སྒོ་དང་དེ་བཞིན་ཕྱི་རྒྱལ་དང་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་དོན་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་ལ་འགོག་ཟོན་དང་། བཀག་འགོག ཆད་གཅོད་བཅས་ཏན་ཏིག་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དེ་དག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས》ཀྱི་ཞར་བྱུང་ཡིག་ཆ་གསུམ་པའི་ནང་བཅུག་སྟེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ས་ཆ་དེ་རང་དུ་ཡོངས་བསྒྲགས་ལག་བསྟར་བྱེད་དགོས་པ་བཅས་རེད།

བདུན། གཏན་འབེབས་འདི་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།