ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བཞི་པའི་ནང་ལག་བསྟར་བྱ་རྒྱུའི་སྒྲིག་སྲོལ་གསར་པ་འགའ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ4པའི་ནང་གཏན་འབེབས་གསར་པ་ཁག་གཅིག་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཕྱིར་སྐྱོད་ཡུལ་སྐོར་ཚོགས་པའི་ཐོངས་མཆན་འགོད་པའི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་བ། ཕྱིར་སྐྱོད་ཡུལ་སྐོར་ཚོགས་པས་ཡུལ་སྐོར་དམིགས་སའི་རྒྱལ་ཁབ་དང་ས་ཁུལ་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་ནས་ཡུལ་སྐོར་ཐོངས་མཆན་འགོད་པའི་ལས་དོན་ཚད་ལྡན་དུ་གཏོང་ཆེད། རིག་གནས་དང་ཡུལ་སྐོར་པུས་པར་འགྲེམས་བྱས་པའི《རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་ཚན་པའི་ཐོངས་མཆན་ཆེད་གཉེར་གཱ་བེད་སྤྱོད་དོ་དམ་གཏན་འབེབས》དེ་ཟླ4ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

གཏན་འབེབས་ནང་། མཐོང་མཆན་ཆེད་གཉེར་གཱ་ནི་རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་དབར་བཞག་པའི་ཕྱོགས་གཉིས་པོའི་ཡུལ་སྐོར་གྲོས་མཐུན་གཞིར་བཟུང་། ཕྱིར་སྐྱོད་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་སྡེ་ཚན་གྱིས་ཡུལ་སྐོར་དམིགས་སའི་རྒྱལ་ཁབ་དང་ས་ཁུལ་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་ནས་ཡུལ་སྐོར་ཚོགས་པའི་ཐོངས་མཆན་སྒྲུབ་པའི་ལས་དོན་སྟབས་བདེར་གཏོང་ཆེད། རིག་གནས་དང་ཡུལ་སྐོར་པུའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཅུས་ཀྱིས་རྒྱལ་ཁབ་ཁག་གི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ཁག་ལ་ཕྱིར་སྐྱོད་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་སྡེ་ཚན་གྱི་ཡུལ་སྐོར་ཐོངས་མཆན་འགོད་མིའི་ཐོབ་ཐང་ར་སྤྲོད་བྱེད་པར་སྤྱོད་པའི་ལག་ཁྱེར་བཟོས་པ་རེད། 

གཏན་འབེབས་ནང་ཐོངས་མཆན་ཆེད་སྒྲུབ་མི་སྣའི་གཱ་དེ་ཆེད་བསྐོས་མི་སྣས་ཆེད་སྤྱོད་བྱེད་དགོས་པ་སྟེ། ཐོངས་མཆན་ཆེད་སྒྲུབ་མི་སྣའི་གཱ་དེ་རང་ཉིད་ཀྱིས་སྒྲིག་འཛུགས་སྡེ་ཚན་གང་དེས་སྒྲིག་འཛུགས་བྱས་པའི་ཕྱིར་སྐྱོད་ཡུལ་སྐོར་ཚོགས་པར་ཡུལ་སྐོར་ཐོངས་མཆན་འདུན་ཞུ་བྱེད་སྐབས་སྤྱོད་པ་ལས། སྡེ་ཚན་གཞན་དག་དང་མི་སྒེར་ལ་ཐོངས་མཆན་གཉེར་བའམ་ཡང་ན་དམིགས་ཡུལ་གཞན་གྱི་ཆེད་དུ་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ཏུ་སྤྱོད་མི་ཆོག ཕྱིར་སྐྱོད་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ཐོངས་མཆན་ཆེད་སྒྲུབ་མི་སྣའི་གཱ་རྫུན་བཟོ་དང་སྒྱུར་བཟོ་བྱས་རིགས་ལ་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་རེད། 

ས་འོག་ལྕགས་ལམ་ནང་ཟས་ཟ་བ་དང་སློང་མོ་རྒྱག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག། 

ས་འོག་ལྕགས་ལམ་ནང་ཟས་ཟ་བ་དང་། སློང་མོ་རྒྱག་པ། འགྲེམ་ཚོང་བྱེད་པ་སོགས་ཚུལ་མིན་གྱི་སྣང་ཚུལ་བཀག་འགོག་བྱ་རྒྱུ། ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི《གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་འགྲུལ་སྐྱེལ་རྩ་འཛུགས་དང་ཞབས་ཞུ་དོ་དམ་བྱ་ཐབས》གཞིར་བཟུང་། འགྲུལ་པས་ས་འོག་ལྕགས་ལམ་ནང་ཐོན་རྫས་འགྲེམས་ཚོང་ངམ་ཡང་ན་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག་པ་དང་། སློང་མོ་རྒྱག་པ་དང་། སྒྱུ་རྩལ་ལ་འཁྲབ་སྟོན་ལ་བརྟེན་ནས་དངུལ་སློང་བ། གླུ་གར་འཁྲབ་སྟོན་དང་། སྐད་ཅོར་ཆེན་པོ་རྒྱག་པ། གློག་རྡུལ་སྒྲིག་ཆས་སྤྱོད་སྐབས་སྒྲ་ཕྱི་ལ་འདོན་པ་སོགས་བྱེད་མི་ཆོག 

མེ་འཁོར་ནང་ཟས་ཟ་མི་ཆོག་པའི་དོན་ཚན་ལ་དམིགས་ཏེ་ཕྲུ་གུ་དམར་འབྱར་དང་ནད་པ་སོགས་དམིགས་བསལ་དགོས་མཁོ་ཡོད་པའི་འགྲུལ་པར་དམིགས་བསལ་གཏན་འབེབས་བྱས་ཡོད། 

དེ་མིན་འབབ་ཚུགས་སམ་མེ་འཁོར་ནང་དུ་རི་མོ་འབྲི་བ་དང་རྐོ་འབྲི་བྱེད་པའམ་ཡང་ན་རང་འདོད་ཀྱིས་དངོས་རྫས་སྦྱར་བ་དང་བཀལ་བ། སྲོག་ཆགས་(ལོང་ཁྲིད་ཁྱི་དང་དམག་གི་དམག་ཁྱི་ཕུད)ཁྲིད་ནས་བབས་ཚུགས་སུ་བསྐྱོད་དེ་མེ་འཁོར་དུ་སྡོད་པ་དང་། དྲི་ངན་དང་ཟུག་གཟེར་རང་བཞིན་གྱི་དྲི་མ་ལྡན་པའི་དངོས་པོ་འཁྱེར་ནས་མེ་འཁོར་ལ་སྡོད་པ། དོ་སྙོམས་རྐང་འཁོར་དང་། གློག་སྒུལ་འཕྲུལ་རྟ(དབང་པོ་སྐྱོན་ཅན་གྱི་རམ་འདེགས་འཕྲུལ་འཁོར་ཚུད་མེད།) རྐང་འཁོར་ཞོན་པ་དང་། འདྲེད་རྡར་དང་འཁྱགས་ཤུད་ལྷམ་སྤྱོད་པ། གང་སར་ཁ་ལུད་འཕེན་པ་དང་། བཤང་གཅི་དང་ཁ་གཙང་ཐང་ཆུ་གང་བྱུང་དུ་སྐྱུག་པ། ཤིང་ཏོག་གི་པགས་པ་དང་ཤོག་སྙིགས་སོགས་གད་སྙིགས་གང་བྱུང་དུ་དབྱུག་པ། ཉལ་བའམ་ཡང་ན་རྐུབ་སྟེགས་ཐོག་རྡོག་རྫིས་གཏོང་བ་སོགས་ཀྱི་བྱ་སྤྱོད་ཀྱང་ཚོད་འཛིན་རང་བཞིན་གྱི་བྱ་སྤྱོད་ནང་བཅུག་ཡོད། 

ETCསྤྱོད་མཁན་གྱིས་རིན་བསྡུའི་གཞུང་ལམ་གྱི་ཤར་བགྲོད་གྲོན་དངུལ་གྱི་གནས་ཐང་འཕར་ཁྲལ་ལ་གློག་རྡུལ་བཙོངས་འཛིན་ལེན་ཆོག 

ཟླ་4ཚེས་1ཉིན་ནས་བཟུང་གྲོན་བསྡུའི་གཞུང་ལམ་གྱི་ཤར་བགྲོད་གྲོན་དངུལ་གྱི་གནས་ཐང་འཕར་ཁྲལ་ལ་གློག་རྡུལ་བཙོངས་འཛིན་སྤྲོད་ཆོག་པ་དང་། སྤྲོད་ཡུལ་ནི་ETCགཱ་གཉེར་མཁན་ཡིན་པ་རེད། 

《འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་རིན་བསྡུའི་གཞུང་ལམ་གྱི་ཤར་བགྲོད་གྲོན་དངུལ་གྱི་གནས་ཐང་འཕར་ཁྲལ་ལ་གློག་རྡུལ་བཙོངས་འཛིན་དཀྱུས་མ་སྤྲོད་པ་སོགས་འབྲེལ་ཡོད་དོན་ཚན་སྐོར་གྱི་སྤྱི་བསྒྲགས》གཞིར་བཟུང་། ETCསྤྱོད་མཁན་གྱིས་བཙོངས་འཛིན་ཞབས་ཞུའི་ལས་སྟེགས་ཀྱི་དྲ་ཚིགས www.txffp.comའམ་ཡང་ན་“བཙོངས་འཛིན་བྱང་བུ”APPརུ་ལག་ཁྱེར་ཁ་པར་གྱི་ཨང་གྲངས་དང་ར་སྤྲོད་ཨང་རྟགས་ལ་བརྟེན་ནས་རིན་མེད་ཐོ་འགོད་བྱེད་པ་མ་ཟད། ETCགཱ་གཉེར་སྐབས་ཀྱི་སྔོན་ཉར་ཆ་འཕྲིན་ལ་བརྟེན་ནས་ETCགཱ་མཐུད་སྦྲེལ་བྱེད་པ་དང་། བཙོངས་འཛིན་སྤྲོད་དགོས་པའི་གྲོན་དངུལ་ལམ་འཛད་སྤྱོད་ཉོ་ཚོང་གི་ཟིན་ཐོ་བདམས་ཏེ་ཤར་བགྲོད་གྲོན་དངུལ་གྱི་གློག་རྡུལ་བཙོངས་འཛིན་བཟོ་རྒྱུའི་རེ་ཞུ་བྱེད་དགོས་པ་རེད། བཙོངས་འཛིན་ཞབས་ཞུའི་ལས་སྟེགས་ཀྱིས་རིན་མེད་ངང་སྤྱོད་མཁན་ལ་ཤར་བགྲོད་གྲོན་དངུལ་གྱི་གློག་རྡུལ་བཙོངས་འཛིན་དང་དེ་བཞིན་ཆ་འཕྲིན་གསལ་པོ་ཕབ་འཇུག་དང་། བརྒྱུད་གཏོང་། ལྟ་བ། འདྲི་རྩད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། 

ETCགཱ་སྤྱད་དེ་སྤྲད་པའི་ཤར་བགྲོད་གྲོན་དངུལ་དང་དེ་བཞིན་ETCགཱ་ཡི་དངུལ་འཇོག་གྲོན་དངུལ་ལ་ཤར་བགྲོད་གྲོན་དངུལ་གྱི་གློག་རྡུལ་བཙོངས་འཛིན་སྤྲོད་པ་ལས་ཤོག་བུའི་བཙོངས་འཛིན་སྤྲོད་རྒྱུ་མིན་པ་རེད། ETCགཱ་གཉེར་མེད་པའི་སྤྱོད་མཁན་གྱིས་སྔར་བཞིན་སྔར་ཡོད་ཀྱི་བྱེད་སྟངས་ལྟར་ཤར་བགྲོད་གྲོན་དངུལ་སྤྲོད་པ་དང་བཙོངས་འཛིན་ལེན་དགོས་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། : གསང་བདག་རྒྱལ།