ནད་རྟགས་མེད་པའི་པྲོག་གསར་ནད་དུག་འགོས་པའི་ནད་པའི་དོ་དམ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་འབེབས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ནད་རྟགས་མེད་པའི་པྲོག་གསར་ནད་དུག་འགོས་པའི་ནད་པའི་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།

རྒྱལ་དོན་གཞུང་ལས་ཁང་གིས་སྤེལ་བའི་གསལ་ཏར〔2020〕ཨང13པ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་ཁག ཐད་གཏོགས་ལས་ཁུངས་ཁག་བཅས་ལ།

ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གིས་མོས་མཐུན་བྱུང་བ་བརྒྱུད། 《ནད་རྟགས་མེད་པའི་པྲོག་གསར་ནད་དུག་འགོས་པའི་ནད་པའི་དོ་དམ་ཚད་གཞི》ད་ལྟ་པར་འགྲེམ་བྱ་རྒྱུ་ཡིན་པས་ཁྱེད་ཚོས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་

ཁ་གཏད་འཇལ་བའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ནས།

2020ལོའི་ཟླ4ཚེས6ཉིན།

ནད་རྟགས་མེད་པའི་པྲོག་གསར་ནད་དུག་འགོས་པའི་ནད་པའི་དོ་དམ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་འབེབས།

དོན་ཚན་དང་པོ། ནད་རྟགས་མེད་པའི་པྲོག་གསར་ནད་དུག་འགོས་པའི་ནད་པ་ཤེས་རྟོགས་དང་། སྙན་ཞུ། དོ་དམ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་བཅའ་ཁྲིམས》གཞིར་བཟུང་ནས་ཚད་གཞི་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ནད་རྟགས་མེད་པའི་པྲོག་གསར་ནད་དུག་འགོས་པའི་ནད་པ(གཤམ་དུ་ནད་རྟགས་མེད་པའི་ནད་པ་ཞེས་བསྡུ་རྒྱུ)ནི་འབྲེལ་ཡོད་ནད་ཐོག་མངོན་ཚུལ་མེད་པ་སྟེ། དཔེར་ན། ཚ་རྒྱག་པ་དང་། གློ་ལུ་བ། མིད་པ་ན་བ་སོགས་རང་ཉིད་ཀྱིས་ཤེས་ཚོར་ཐུབ་པའམ། ཡང་ན་ནད་ཐོག་ངོས་འཛིན་ཐུབ་པའི་ནད་རྟགས་དང་ལུས་རྟགས་མེད་ཀྱང་དབུགས་ལམ་སོགས་དམར་དཔེ་པྲོག་གསར་ནད་དུག་གི་ནད་གདོད་རིག་པའི་ཞིབ་དཔྱད་ཚད་ལེན་གདགས་གཤིས་སུ་མངོན་མཁན་ལ་ཟེར། ནད་རྟགས་མེད་པའི་ནད་པར་གནས་ཚུལ་རིགས་གཉིས་ཡོད་དེ། དང་པོ་ནི་ཉིན14རིང་ལོགས་བཀར་བྱས་ཏེ་གསོ་རིག་ལྟ་ཞིབ་བརྒྱུད་ན་ཡང་། རང་གིས་ཤེས་ཚོར་ཐུབ་པའམ་ནད་ཐོག་ངོས་འཛིན་ཐུབ་པའི་ནད་རྟགས་དང་ལུས་རྟགས་གང་ཡང་མེད་པ་ལ་ཟེར་བ་དང་། གཉིས་པ་ནི་གབ་ཡུན་དུས་སྐབས་སུ་“ནད་རྟགས་མེད་པའི་ནད་པའི”གནས་ཚུལ་ཅན་ལ་ཟེར་བ་ཡིན།

དོན་ཚན་གསུམ་པ། ནད་རྟགས་མེད་པའི་ནད་པར་འགོས་ནད་ཀྱི་རང་བཞིན་ལྡན་པ་དང་། ནད་མཆེད་པའི་ཉེན་ཁ་ཡོད།

དོན་ཚན་བཞི་པ། ནད་རྟགས་མེད་པའི་ནད་པར་ལྟ་ཞིབ་ཚད་ལེན་དང་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་སྟེ། གཅིག་ནས་པྲོག་གསར་གློ་ཚད་ནད་དཔེ་དང་འབྲེལ་བ་དམ་ཟབ་ཡོད་མཁན་རྣམས་ལ་གསོ་རིག་ལྟ་ཞིབ་བྱེད་རིང་དུ་རང་འགུལ་གྱིས་ཞིབ་དཔྱད་ཚད་ལེན་བྱེད་པ་དང་། གཉིས་ནས་འདུས་ཚོགས་རང་བཞིན་གྱི་རིམས་ནད་བརྟག་དཔྱད་ཁྲོད་རང་འགུལ་གྱིས་ཞིབ་དཔྱད་ཚད་ལེན་བྱེད་པ། གསུམ་ནས་པྲོག་གསར་གློ་ཚད་ཀྱི་ནད་དཔེ་འགོ་ཁུངས་རྗེས་འདེད་བྱེད་པའི་གོ་རིམ་ཁྲོད་ཕྱིར་མངོན་མི་ཚོགས་ལ་རང་འགུལ་གྱིས་ཞིབ་དཔྱད་ཚད་ལེན་བྱེད་པ། བཞི་ནས་མངའ་ཁོངས་ཕྱི་ནང་གི་པྲོག་གསར་གློ་ཚད་ནད་དཔེ་རྒྱུན་མཐུད་ཀྱིས་མཆེད་པའི་ས་ཁུལ་དུ་གནས་སྡོད་དང་ལྗོངས་རྒྱུའི་ལོ་རྒྱུས་ཡོད་པའི་མི་སྣ་ཁག་ཅིག་ལ་རང་འགུལ་གྱིས་ཞིབ་དཔྱད་ཚད་ལེན་བྱེད་པ། ལྔ་ནས་ནད་ཡམས་རིག་པའི་བརྟག་དཔྱད་དང་གོ་སྐབས་རང་བཞིན་གྱི་ཚགས་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་མི་སྣ་བཅས།

དོན་ཚན་ལྔ་པ། ནད་རྟགས་མེད་པའི་ནད་པའི་སྙན་ཞུ་ཚད་ལྡན་དུ་གཏོང་བ། རིམ་པ་སོ་སོ་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་རྟགས་མེད་པའི་ནད་པ་ཤེས་རྟོགས་བྱུང་ཚེ། ཆུ་ཚོད2ནང་ཚུན་དུ་དྲ་རྒྱའི་ཐད་སྒྲོག་བྱེད་དགོས། རྫོང་རིམ་པའི་ནད་ཡམས་འགོག་སྡོམ་ལས་ཁུངས་ལ་ནད་རྟགས་མེད་པའི་ནད་པ་ཤེས་རྟོགས་བྱུང་བའི་སྙན་ཞུ་འབྱོར་རྗེས། ཆུ་ཚོད24ནང་ཚུན་དུ་གནས་ཚུལ་བརྟག་དཔྱད་བྱས་པ་དང་འབྲེལ། དུས་ཐོག་ཏུ་འབྲེལ་གཏུག་དམ་ཟབ་བྱེད་མཁན་རྣམས་ཐོ་འགོད་བྱས་ཏེ། གནས་ཚུལ་བརྟག་དཔྱད་རེའུ་མིག་གམ་ཡང་ན་བརྟག་དཔྱད་སྙན་ཞུ་དུས་ཐོག་ཏུ་འགོས་ནད་སྙན་ཞུའི་ཆ་འཕྲིན་དོ་དམ་མ་ལག་བརྒྱུད་དེ་གོང་ཞུ་བྱེད་དགོས། ནད་རྟགས་མེད་པའི་ནད་པ་རྣམས་གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་རྗེས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་དུས་ཐོག་ཏུ་རིམས་ནད་སྙན་ཞུའི་ཆ་འཕྲིན་དོ་དམ་མ་ལག་ཁྲོད་གསོ་རིག་ལྟ་ཞིབ་ཕྱིར་འཐེན་བྱས་པའི་དུས་ཚོད་འབྲི་དགོས།

དོན་ཚན་དྲུག་པ། ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་ཉིན་རེར་ནད་རྟགས་མེད་པའི་ནད་པ་ཡར་ཞུ་དང་ཕྱིར་ལོག དོ་དམ་གྱི་གནས་ཚུལ་བཅས་སྤྱི་བསྒྲགས་བྱ་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོས་རང་སྲིད་འཛིན་ས་ཁོངས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ། རང་སའི་མཆེད་འཕེལ་དང་ཕྱི་ནས་ནང་མཆེད་ཡོང་བའི་གནས་ཚུལ་ཁག་སོ་སོར་བསྡོམས་རྩིས་སྙན་ཞུ་འབུལ་དགོས།

དོན་ཚན་བདུན་པ། ནད་རྟགས་མེད་པའི་ནད་པའི་དོ་དམ་ལ་ཤུགས་སྣོན་དགོས། ནད་རྟགས་མེད་པའི་ནད་པ་གཅིག་སྡུད་སྒོས་ཉིན14རིང་གསོ་རིག་ལྟ་ཞིབ་བྱེད་དགོས། དེའི་རིང་ལ་པྲོག་གསར་གློ་ཚད་དང་འབྲེལ་བ་ཡོད་པའི་ནད་ཐོག་ནད་རྟགས་དང་ལུས་རྟགས་བྱུང་མཁན་རྣམས་ནད་རྟགས་གཏན་འཁེལ་གྱི་ནད་དཔེར་བསྒྱུར་དགོས། གཅིག་སྡུད་སྒོས་ཉིན14རིང་གསོ་རིག་ལྟ་ཞིབ་བྱས་པ་དང་འབྲེལ། དམར་དཔེ་ཉིང་སྐྱུར་ཞིབ་དཔྱད་བསྟུད་མར་ཐེངས་གཉིས་ལ་སྲིབ་གཤིས་ཡིན་མཁན(དཔེ་ལེན་དུས་ཚོད་ཉུང་མཐར་ཡང་ཆུ་ཚོད24འགོར་པ)རྣམས་གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་ཆོག་པ་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔར་བཞིན་གདགས་གཤིས་ཡིན་ཀྱང་ནད་ཐོག་ནད་རྟགས་མེད་མཁན་ལ་མུ་མཐུད་དུ་གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་དགོས།

དོན་ཚན་བརྒྱད་པ། ནད་རྟགས་མེད་པའི་ནད་པ་རྣམས་ལ་གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་རིང་ལ། གལ་ཏེ་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ་ཐོན་ཚེ། ངེས་པར་དུ་འཕྲལ་མར་གནས་གཏན་འཁེལ་གྱི་སྨན་ཁང་དུ་བརྒྱུད་སྐྱེལ་བྱས་ནས་ཚད་ལྡན་སྨན་བཅོས་བྱེད་དགོས་པ་དང་། ནད་གཞི་གཏན་འཁེལ་བྱས་རྗེས་དུས་ཐོག་ཏུ་ནད་དཔེ་གཏན་འཁེལ་དུ་དག་བཅོས་བྱེད་དགོས།

དོན་ཚན་དགུ་པ། ནད་རྟགས་མེད་པའི་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་རྣམས་ལ་གཅིག་སྡུད་སྒོས་ཉིན14རིང་གསོ་རིག་ལྟ་ཞིབ་བྱེད་དགོས།

དོན་ཚན་བཅུ་པ། ཆེད་མཁས་པའི་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པར་སྐོར་སྐྱོད་སྨན་བཅོས་བྱས་ཏེ། ནད་གཞི་གཏན་འཁེལ་ཐུབ་པའི་ནད་དཔེ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་དགོས།

དོན་ཚན་བཅུ་གཅིག་པ། ནད་རྟགས་མེད་པའི་ནད་པར་གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པ་རྣམས་ལ། མུ་མཐུད་དུ་ཉིན14རིང་གི་གསོ་རིག་ལྟ་ཞིབ་དང་སྐབས་བསྟུན་བཅར་འདྲི་བྱེད་འོས་ཤིང་། གཅིག་སྡུད་སྒོས་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་རྗེས། གཟའ་འཁོར་གཉིས་པ་དང་བཞི་པའི་ནང་གནས་གཏན་འཁེལ་གྱི་སྨན་ཁང་དུ་བསྐྱོད་ནས་ཡང་བསྐྱར་བརྟག་དཔྱད་བྱས་ཏེ། ཁོ་ཚོའི་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་དགོས།

དོན་ཚན་བཅུ་གཉིས་པ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཚགས་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས་དེ་ནད་རྟགས་ཐོན་ཟིན་པའི་ནད་པ་དང་། ནད་རྟགས་མེད་པའི་ནད་པ་དང་འབྲེལ་བ་དམ་ཟབ་བྱེད་མཁན་བར་རྒྱ་བསྐྱེད་དགོས། གཙོ་གནད་ས་ཁུལ་དང་། གཙོ་གནད་མི་ཚོགས། གཙོ་གནད་གནས་ཁུལ་བཅས་ལ་ལྟ་ཞིབ་ཚད་ལེན་ཇེ་དྲག་ཏུ་གཏོང་དགོས་པ་དང་། ནད་རྟགས་མེད་པའི་ནད་པ་ཤེས་རྟོགས་བྱུང་ཚེ་གཅིག་སྡུད་སྒོས་གསོ་རིག་ལོགས་བཀར་ལྟ་ཞིབ་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ནད་རྟགས་མེད་པའི་ནད་པ་ལ་འགོས་ཁྱབ་ཀྱི་ཡིབ་སྐུང་རང་བཞིན་དང་། ནད་རྟགས་རང་སྣང་རང་བཞིན། ཤེས་རྟོགས་ཞན་ཆ་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་གཤིས། ནད་རྟགས་མེད་པའི་ནད་པའི་འགོས་ཁྱབ་རང་བཞིན་དང་། མཆེད་ནུས། ནད་ཡམས་རིག་པ་སོགས་ཀྱི་ཚན་རིག་ཞིབ་འཇུག་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།

དོན་ཚན་བཅུ་བཞི་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དབར་གྱི་ཆ་འཕྲིན་འབྲེལ་མཐུད་དང་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་དང་འགོག་སྡོམ་ཇུས་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ས་གནས་ཁག་གིས་པྲོག་གསར་ནད་དུག་གི་ཤེས་བྱ་གསར་པ་དྲིལ་བསྒྲགས་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་དམངས་ཀྱི་ཚན་རིག་དང་མཐུན་པའི་འགོག་སྲུང་ལ་མཛུབ་ཁྲིད་དང་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་ཏེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་ཀྱི་འགོག་སྡོམ་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།