ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2020ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ།

——2020ལོའི་ཟླ་1པོའི་ཚེས་15ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་།

ཧྲིན་ཀྲང་། ལིའུ་ཉིང་།


འཐུས་མི་རྣམ་པ།

ད་ལྟ། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཁྱེད་རྣམ་པས་གྲོས་ཞིབ་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་ལྷན་རྒྱས་དང་གྲོས་ཚོགས་ལ་ཟུར་ཞུགས་ཀྱི་བློ་མཐུན་རྣམ་པས་བསམ་འཆར་གནང་རོགས་ཞུ།

གཅིག 2019ལོའི་བྱ་བར་ཕྱི་མིག་ལྟ་བ།

འདས་མ་ཐག་པའི་ལོ་འདི་མཚོ་སྔོན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ལོ་རང་ག་བ་ཞིག་ཡེ་ནས་མིན། ཕྱི་རོལ་གྱི་ཁོར་ཡུག་ལ་རྙོག་འཛིང་སྣོལ་མར་ཆགས་ཤིང་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་བཙན་དུ་ཕྱིན་པ་དང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་མུ་མཐུད་དུ་ཇེ་ཆེར་འགྲོ་བའི་གནས་བབ་ཛ་དྲག་ཅན་རྣམས་གདོང་གིས་བསུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་འགོ་ཁྲིད་སྟོབས་དང་ལྡན་པའི་འོག་ཏུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”བརྗོད་སྙིང་སློབ་གསོ་ལ་བརྟེན་ནས་བསམ་བློར་བཙོ་སྦྱང་དང་སྟོབས་ཤུགས་གཅིག་བསྡུ་བྱས། འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཤིང་། “བརྟན་བརླིང་དྲུག”གི་བྱ་བ་ནན་ཏན་བསྒྲུབས་པ་དང་། ཕྱོགས་ཡོངས་ནས་“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དང་། སྟོབས་ཤུགས་ཡོད་དགུས་“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”སྐུལ་སྤེལ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་བྱེད་དུས་འཕོ་འགྱུར་དང་བསྟུན་ནས་སྐུལ་འདེད་བྱས་ཤིང་། འགྲན་སློང་གདོང་བསུ་བྱེད་དུས་བརྟན་བརླིང་གི་སྒོ་ནས་འགྱུར་ལྡོག་ལ་ཁ་གཏད་བཅལ་བ་དང་། ཉེན་ཁ་འགོག་སེལ་བྱེད་དུས་ཡར་རྒྱས་ཀྱི་ངང་དུ་བརྟན་བརླིང་སྲུང་འཛིན་བྱས་པས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་ལ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རྩ་གནད་ཀྱི་དམིགས་ཚད་གཙོ་བོའི་འཕེལ་རིམ་སྔོན་དཔོག་དང་མཐུན་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ལ་རྟིང་མ་ལེན་པའི་ཕྱོགས་སུ་གོམ་ཁ་བརྟན་པོའི་ངང་སྐྱོད་ཀྱིན་ཡོད།

——ཁས་བླངས་པའི་དམངས་འཚོའི་དངོས་དོན་ཚང་མ་མངོན་འགྱུར་བྱས། མངོན་གསལ་དུ་བསྡུ་གསོག་བྱས་ཏེ། “མང་ཚོགས་ཀྱིས་ཟས་འདེམས་པ”ལས་གཏན་ཁེལ་བྱས་པའི་ལོ་འཁོར་གྱི་དམངས་འཚོའི་དངོས་དོན་ལས་གཞི་རིགས་ཆེན་པོ་10ཡི་དོན་ཚན་39ཕྱོགས་ཡོངས་ནས་བསྒྲུབས་ཚར་བ་དང་། རྨང་གཞི་སློབ་གསོའི་སློབ་གྲྭ་336གསར་སྐྲུན་དང་རྒྱས་སྐྲུན་བྱས། ཞིང་ཆེན་གཞན་དུ་སྨན་པ་བསྟེན་ན་ཐད་ཀར་བསྡོམས་རྩིས་རྒྱག་ཐུབ་པ་ཡོངས་སུ་ཁེབས་ཡོད། མི་རེའི་ཆ་སྙོམས་ཀྱི་རེ་འདོད་ཚེ་ཚད་ལོ་72.05ནས་ལོ་73.12ལ་འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དཔོག་རྩིས་བྱས་པ་ལྟར་ན་9%ཡས་མས་འཕར་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་2.5%ནང་ཚུན་དུ་ཚོད་འཛིན་བྱས། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི་6.3གསར་དུ་འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི་113གནས་སྤོ་ལས་ཞུགས་བྱས། ཏང་གི་ལས་ཞུགས་སྔོན་དུ་འཇོག་པའི་སྲིད་ཇུས་དངོས་སུ་དོན་ཐོག་ཏུ་འཁྱོལ་ཡོད། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ལེགས་ཡིན་པའི་ཉིན་གྲངས་ཀྱི་སྡུར་ཚད་95%ལ་སླེབས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སྲུང་འཛིན་བྱས་ཡོད་ལ། མི་རིགས་སོ་སོའི་མང་ཚོགས་ཀྱིས་སྐྱེ་ཁམས་ཡོངས་ཕན་གྱི་དམངས་འཚོ་བསོད་སྐལ་མཉམ་སྐྲུན་མཉམ་སྤྱོད་བྱེད་ཀྱིན་ཡོད།

——ལྟོས་མེད་དབུལ་ཕོངས་མི་འབོར་དུས་ལྟར་གཙང་སེལ་བྱས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་“ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”དང་ལིའུ་ཕན་ཧྲན་ས་ཁུལ་གྱི་དབུལ་པོ་དབུལ་ནག་གི་བཙན་རྫོང་གཏོར་ཏེ། དབུལ་སྒྲོལ་གཡུལ་འཐབ་ལ་རྒྱལ་ཁ་ཡང་ཡང་བླངས། ཞིང་ཆེན་རིམ་པས་ཞིབ་བཤེར་བྱས་པ་ལྟར་ན། ལྷག་ལུས་ཀྱི་དབུལ་ཕོངས་རྫོང་17དང་། དབུལ་ཕོངས་སྡེ་བ་170དང་། དབུལ་ཕོངས་མི་འབོར་ཁྲི་7.7གྱི་དབུལ་ཕོངས་ཞྭ་མོ་ཕུད་པའི་ཆ་རྐྱེན་ལོངས་ཡོད་པས་ཚད་གཞི་ལས་ཕྱིར་འཐེན་བྱས། ང་ཚོས་ཐབས་མང་མཉམ་སྤྱོད་ཀྱིས་གནད་ཁེལ་དབུལ་སྐྱོར་དང་བསམ་བློའི་དབུལ་སྐྱོར། ཁ་གཏད་དབུལ་སྐྱོར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱི་ཚུལ་རིང་ལུགས་དང་ཟོལ་བཅོས་རྫུན་བཟོ་གཏན་འགོག་བྱས། ལོ་བཞིའི་རིང་གི་གཅིག་བསྡུས་སྒོས་འགག་གཏོར་བྱེད་པའི་ལས་འགན་ཕྱོགས་ཡོངས་ལེགས་འགྲུབ་བྱུང་སྟེ། ཁྱིམ་ཚང་ཁྲི་14.55དང་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་53.9གཅིག་ཀྱང་མ་ལུས་པར་དབུལ་ཕོངས་ལས་བསྒྲལ་ཡོད། དབུལ་སྒྲོལ་འགག་གཏོར་གྱི་ལམ་དུ་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ཆད་ལུས་ཤོར་མེད་ལ། དབུལ་སྒྲོལ་གཡུལ་འཐབ་ལ་ཕྱི་ཚུལ་རིང་ལུགས་དང་ཟོལ་བཅོས་རྫུན་བཟོ་གཏན་ནས་མེད་པས། མི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དང་། ཏང་ཀྲུང་དབྱང་གི་བཀའ་དྲིན། རླབས་ཆེ་བའི་མེས་རྒྱལ་གྱི་བཀའ་དྲིན་སེམས་གཏིང་ནས་དྲན་གྱིན་ཡོད།

——རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་བདེ་བླག་ངང་སྤེལ། རྒྱལ་ཁབ་ནགས་རྩྭ་ཅུས་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་སྤེལ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཞུ་འཕྲིན་སྤྲིངས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་པའི་སྙིང་པོ་དང་འདུ་ཤེས། དམིགས་ཡུལ། ནང་དོན་བཅས་ཞིབ་བརྗོད་གཏིང་ཟབ་མོ་གནང་བས། ངེད་ཅག་ལ་སྐུལ་ལྕག་ཆེན་པོ་ཐེབས་ཤིང་སྤོབས་ངར་ཆེན་པོ་བསྩལ། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཆེད་མཁས་པ་དང་རིག་གནས་པ་བརྒྱ་ཕྲག་དུ་མ་ལྷན་དུ་འཛོམས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་པའི་དུས་རབས་ཀྱི་བརྗོད་གཞི་འདིའི་སྐོར་ལ་ཐབས་འདོན་ཇུས་འབུལ་བྱས་ཤིང་། ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་གནང་སྟེ་དུས་རབས་ཀྱི་ཁྱད་རྟགས་དང་རིན་ཐང་སྣེ་ཁྲིད་མངོན་གསལ་ལྡན་པའི་“ཟི་ལིང་གི་མོས་མཐུན”དོན་ཚན་8གཏན་ལ་ཕབ་སྟེ། རྒྱལ་ཁབ་སྤྱི་གླིང་གི་རེ་བའི་ས་བོན་མཆོག་ཏུ་མཛེས་པ་གཏོར་བ་དང་། འཛམ་གླིང་གི་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོང་གི་ཐད་ལ་ཤེས་རབ་དང་སྟོབས་ཤུགས་ཕུལ་ཡོད།

——ཁེ་ལས་སྟོབས་ཆེན་500ཡི་དབུ་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ལ་གར་སྟེགས་དང་ནུས་པ་བསྩལ། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་དབུ་ཚོགས་སྤེལ་བ་མ་ཟད་། ཕྱོགས་དྲུག་ནས་“མཚོ་སྔོན་གྲོས་གཞི”བསྒྲགས་ཏེ། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”ཀྱི་ཆོད་སེམས་ལ་འགྱུར་བ་མེད་པ་བསྟན་ཞིང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་དུ་མ་དངུལ་བཏང་ནས་ལས་དོན་གཉེར་བར་གར་སྟེགས་རྒྱ་ཆེན་པོ་བསྐྲུན། ཁྲོམ་རའི་བྱེད་པོར་ཡར་སྐུལ་བྱེད་ལོའི་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་གཏོང་བའི་“ཐབས་བཀོད་18”གཏན་ལ་ཕབ་པ་དང་། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་མང་དུ་བཏང་། གསར་གཏོད་དང་ལས་གཏོད་ལ་བསྟོད་སྐུལ་དང་“ཆེད་ཞིབ་ཁྱད་གསར”ཅན་ལ་རྒྱབ་སྐྱོར་བྱས་ཏེ་ཁྲོམ་རའི་བྱེད་པོ་6.7%འཕར་བས། དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་སྤོབས་པ་སྐུལ་སློང་དང་ཆེར་བསྐྱེད་བཏང་།

——དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས། འཕེལ་རྒྱས་འདུ་ཤེས་གསར་པས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཤིང་། “ཡིག་བརྒྱད་བྱེད་ཕྱོགས”དང་“བརྟན་བརླིང་དྲུག”གི་བྱ་བའི་བླང་བྱ་ལྟར།“ཆེ་ཤོས་གསུམ”གྱི་ཞིང་ཆེན་ངོས་འཛིན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་ཞིང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”མངོན་འགྱུར་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་སྤྱི་གླིང་དང་དྭངས་གཙང་ནུས་ཁུངས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་མཛེས་པའི་མཁར་གྲོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་“དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་བྱེད་པ་ཐེག་གཟུགས་སུ་བྱས་ཤིང་། སྐྱེ་ཁམས་དང་འཁོར་སྐྱོད། གྲངས་འཛིན། ས་བརྒལ་བཅས་“དཔལ་འབྱོར་ཆགས་སྟངས་རིགས་བཞི”ཡིས་སྣེ་ཁྲིད་པའི་དཔལ་འབྱོར་རིགས་སྒྱུར་འཕེལ་རྒྱས་རྣམ་པ་ཐོག་མའི་ཆ་ནས་གྲུབ་ཡོད་ལ། དེང་རབས་ཅན་འཛུགས་སྐྲུན་ལས་མཚོ་སྔོན་རྒྱང་སྐྱོད་གསར་པའི་སྒོ་མོ་ཧུར་ཐག་གིས་ཕྱེས་ཡོད།

——“ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོང་ལ་ཤུགས་བསྣན་ཏེ་ཕན་ཕྱོད་ཇེ་མཐོར་བཏང་། “ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོང་གི་འགུལ་སྐྱོད་རྩ་གནད་དངོས་སུ་བསྒྲགས་པ་དང་། “གནམ་ས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་འཇལ་དྲ་རྒྱའི་མ་ལག་འཛུགས་སྐྱོང་བྱས། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་མཉམ་ལས་ཀྱིས་སྤེལ། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཞི་གདན་བརྟག་དཔྱད་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་སྤྱིའི་ཆ་ནས་ཉམས་རྒུད་དུ་འགྱུར་བཞིན་པའི་འཕེལ་ཕྱོགས་ལ་ཚོད་འཛིན་ནུས་ལྡན་བྱས་པ་དང་། ཆུ་མགོ་གསོ་ཚགས་བྱེད་ཚད་ལོ་རེར་ཆ་སྙོམས་ཀྱིས་6%ཡན་འཕར་ཡོད། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་རིགས་Ⅳཅན་གྱི་ཆུ་རྒྱུ་ཚད་ལོངས་ཡིན་ཕྱོད་100%ལ་སླེབས་ཡོད། དྭངས་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་སྤེལ་བ་དང་། “མཚོ་སྔོན་གྱི་གློག་ཤུགས་ཧོ་ནན་དུ་འདྲེན་པའི”ལས་གྲྭ་ལས་ཞིང་ཆེན་ནང་རོལ་གྱི་ཁག་སྦྲེལ་ནས་འབྲེལ་ཡོད། “ལྗང་གློག་ཉིན་15”ལ་བཏང་བས་ཀུན་གཙང་ནུས་ཁུངས་ཀྱིས་གློག་འདོན་པའི་འཛམ་གླིང་ཟིན་ཐོ་ཡར་བསྐྱར་བསྐྲུན་པ་དང་། ས་ཞིང་མུའུ་ཁྲི་114ཡི་ལོ་ཏོག་ལ་རྫས་ལུད་དང་ཞིང་སྨན་བཀོལ་ཚད་སོ་སོ་24.4%དང་21.3%ཇེ་ཉུང་དུ་བཏང་བ་མ་ཟད་ལོ་ལེགས་བྱུང་ཡོད། སྲུང་སྐྱོང་དང་གོང་སྤེལ་གཉིས་ཆར་པ་ཆུ་གྲོགས་སུ་ཆགས་ཤིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡིན་ལ། བློ་བརྟན་འགྱུར་མེད་ངང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་“ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོང་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས་ཡོད།

——ཚད་མཐའི་བསམ་བློ་ལ་བརྟེན་ནས་ཉེན་ཁ་ཆེན་པོ་འགོག་སེལ་བྱས། འགྲིམ་འགྲུལ་ལས་རིགས་ཀྱི་སྲིད་འཛིན་དང་ཁེ་ལས་སོར་འབྱེད་བྱས་ཤིང་། ཞིང་ཆེན་འགྲིམ་འགྲུལ་རྐང་འཛིན་ཚོགས་པ་སྒྲིག་འཛུགས་བྱས། ལོ་མང་པོར་བསགས་པའི་བུ་ལོན་ལུགས་མཐུན་གྱིས་གཞན་བསྒྱུར་བྱེད་པར་སྒྲིག་ཡོད་སྒོས་སྐུལ་འདེད་བཏང་། འཚུབ་བསྟུན་ཉེན་སྐྱོབ་ཀྱི་ཉམས་བསྟན་ནས་ཁེ་ལས་ཀྱི་བུ་ལོན་ཐག་གཅོད་བྱས། STཚྭ་མཚོའི་མ་རྐང་ལ་ཁྲིམས་འཛིན་བསྐྱར་སྒྲིག་སྐུལ་འདེད་ཏན་ཏིག་བཏང་། ཞིང་ཆེན་དངུལ་གཏོང་ཚོགས་པའི་བུ་ལོན་ཉེན་ཁར་ནུས་ལྡན་སྒོས་ཚོད་འཛིན་བྱས་པ་དང་། ཟི་ལིང་དམིགས་བསལ་རྣོ་ལྕགས་ཀུང་སིའི་བུ་ལོན་སྒོར་དུང་ཕྱུར་30མ་རྐང་དུ་བསྒྱུར་བ་ཚང་མ་དོན་ཐོག་ཏུ་འབྱོར་ཡོད་པས། གནད་ཁེལ་གནོད་སེལ་དང་། ཉེན་བསྒྱུར་གླགས་རྙེད། བཅོས་སྒྱུར་རིགས་སྒྱུར་བཅས་ལ་ཆ་རྐྱེན་གསར་དུ་བསྐྲུན། མཚོ་སྔོན་ལྷོ་རྒྱུད་ལ་1961ལོའི་ཚུན་དུ་བྱུང་བའི་གངས་གནོད་ཆེ་ཤོས་དང་། ཚ་རྔ་འགག་གི་ཆུ་མཛོད་ཀྱིས་དུས་ཡུན་རིང་བོར་བཤངས་པའི་ཆུ་ལོག་ཆེན་པོ། མགོ་ལོག་རྭ་རྒྱར་བྱུང་བའི་རི་ཉིལ་ཆེན་པོ་སོགས་ཀྱི་གནོད་འཚེ་དང་ཉེན་ཁ་དག་ལ་ཁ་གཏད་འོས་ཤིང་འཚམ་པ་བཅལ་ཡོད། མཚོ་དཔངས་ཤིན་ཏུ་མཐོ་བའི་ཨ་ཆེན་གངས་རྒྱབ་ཀྱི་ཚྭ་མཚོ་འཕྱུར་བའི་འཚུབ་ཟློག་ལས་གྲྭ་ནུས་ལྡན་སྒོས་ལག་བསྟར་བྱས་ཏེ། རི་དྭགས་གཙོད་འཚོ་བའི་གནས་ཀྱི་བདེ་འཇགས་ཁག་ཐེག་བྱས། གཏུམ་འཇིགས་སྔོན་འགོག་དང་། ཁ་ཕྲལ་ལ་ངོ་རྒོལ། སྐྱེན་ཚ་བའི་དུས་སྐབས་ཀྱི་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཉེན་ཁ་བཅས་འགོག་ཟོན་ཤུགས་ཆེན་བྱས་ཤིང་། དཔལ་འབྱོར་སྤྱི་ཚོགས་ལ་འཆམ་མཐུན་དང་བརྟན་འཇགས་ཀྱི་རྣམ་པ་ཤར་ཡོད།

——ཁུར་པོ་སྙུང་བ་དང་གྲོན་ཆུང་བྱེད་པ། ཡིད་རྟོན་འཛུགས་པ། ངན་ནག་འཇོམས་པ་བཅས་ལ་གྲུབ་འབྲས་མངོན་གསལ་ཐོབ། “སྲིད་ཇུས་དོན་འཁྱོལ་བྱེད་ལོ”དང་“གཞི་རིམ་གྱི་ཁུར་པོ་སྙུང་ལོའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། སྲིད་གཞུང་གི་ལས་ཕྱོད་ཐོན་ནུས་བསྟུད་མར་མཐོར་འདེགས་སུ་བཏང་། ཚོགས་འདུ་དང་ཡིག་ཆའི་ཁུར་པོ་30%ཇེ་ཡང་དུ་བཏང་སྟེ། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་རྣམས་ཟོར་ཡང་མོར་ལས་ལ་ཞུགས་ཀྱིན་ཡོད། འགྲོ་སོང་གྲོན་ཆུང་བྱས་ནས་མི་དམངས་ཕྱུག་པོར་བསྒྱུར་བ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གི་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་10%ཡན་ཇེ་ཉུང་དུ་བཏང་བ་དང་། གཞུང་གསུམ་གྲོན་དངུལ་3%ཡས་མས་ཇེ་ཉུང་དུ་བཏང་། རྒྱལ་ཡོངས་ཀྱི་སྔོན་དུ་ཁྲིམས་མིའི་ལས་ཁུངས་དང་སྤྱི་དམངས་ཡོད་ཚད་འདུས་པའི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་གྱི་“རྨང་གཞིའི་གཞི་གྲངས་མཛོད”ཆེན་པོ་གཉིས་བཙུགས་ནས་གྲུབ་ཡོད་པས། ཡིད་རྟོན་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས་ལོ་རྒྱུས་སྟེང་ལུས་པའི་གྱོད་གཞི་སྐོར་ཞིག་རྩད་ཆོད་པས། མི་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་བའི་ཐལ་མོ་རྡེབ་ཀྱིན་ཡོད།

——མཚོ་སྔོན་གསར་པ་བསྐྲུན་པར་ཡར་བརྩོན་གྱི་སྟོབས་ཤུགས་བསྡུས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་ངོ་70འཁོར་བའི་བྱེད་སྒོ་རབ་དང་རིམ་པ་ཕུན་སུམ་ཚོགས་པར་སྤེལ་ཅིང་། རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་སྒྲོག་ཚོགས་དང་ཕྱི་འབྲེལ་པུའུ་ཡིས་འཛམ་གླིང་ལ་མཚམས་སྦྱོར་བྱེད་པའི་ཚོགས་འདུ། “རྒྱུད་གཅིག་ལམ་གཅིག”གི་མཚོ་སྔོན་འགྲེམ་སྟོན། འཛམ་གླིང་སྐྱེད་ཚལ་འགྲེམ་ཚོགས་ཀྱི་མཚོ་སྔོན་ཉིན་མོ། མི་རིགས་རང་སྐྱོང་ས་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ། “མདེལ་གཉིས་སྐར་གཅིག”གི་བྱས་རྗེས་འཇོག་པའི་སྙིང་སྟོབས་དང་མུའུ་ཧྲིན་ཀྲུང་གི་ལམ་གཏོད་སྙིང་སྟོབས་སོགས་མཐོ་སྒང་གི་སྙིང་སྟོབས་མཚོན་པའི་སྣང་ཡུལ་ཅན་གྱི་ཏང་གི་སློབ་ཁྲིད་5ལ་སྤྲོ་སེམས་འཁོལ་བའི་ལན་མང་པོ་བྱུང་། 《ཚབ་ཨང་221》སོགས་གློག་བརྙན་བརྙན་འཕྲིན་གྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ཡོངས་ཁྱབ་ཏུ་བསྟན་ནས། ལོ་རྒྱུས་ཀྱི་གཏིང་ཟབ་ས་ནས་མཚོ་སྔོན་མི་དམངས་ཀྱི་དཔའ་ངར་ཡར་སྐྱེད་ཀྱི་བསམ་བློའི་ཉམས་འགྱུར་ངོམ་ཞིང་། མཚོ་སྔོན་སྙིང་སྟོབས་གསར་པར་བརྟེན་ནས་དུས་རབས་གསར་པར་སྐྱོད་པར་འབད་པའི་སྟོབས་ཤུགས་ཆེན་པོ་སྐུལ་སློང་བྱས།

ལོ་གཅིག་གི་རིང་ལ། ང་ཚོས་ཐོག་མའི་བསམ་འདུན་ལ་བརྟེན་ནས་འགན་འཁྲི་ལག་ལེན་དུ་བསྟར་ཞིང་། བརྩོན་འགྲུས་འབད་འབུངས་ལ་བརྟེན་ནས་ལེའུ་གསར་པ་འབྲི་བཞེངས་བྱས། དཔོག་རྩིས་བྱས་པ་ལྟར་ན་འདས་པའི་ལོ་གཅིག་གི་རིང་ལ། རང་ཞིང་གི་ས་གནས་ཐོན་སྐྱེད་བསྡོམས་ཐང་6.5%ཡས་མས་འཕར་བ་དང་། ཞིང་ལས་དང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སོ་སོ་4.6%དང་7%འཕར། བརྟན་ནོར་ཐད་ཀྱི་མ་དངུལ་གཏོང་འཇོག་དང་སྤྱི་ཚོགས་འཛད་སྤྱོད་སིལ་འཚོང་བསྡོམས་འབོར་སོ་སོ་5%དང་5.4%འཕར། ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤྱི་པའི་སྔོན་རྩིས་ཡོང་འབབ་3.4%འཕར་ཡོད་ལ། ལོ་གཅིག་གི་རིང་ལ་གཙོ་བོར་གཤམ་གྱི་བྱ་བ་འདི་དག་བསྒྲུབས་པ་ཡིན།

(གཅིག)སྟོབས་ཤུགས་ཡོད་དགུས་འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་བཤམས། བློ་བརྟན་འགྱུར་མེད་ངང་དངུལ་རྩའི་ཉེན་ཁ་འགོག་སེལ་བྱས་པ་དང་། དུས་བརྟག་བབ་བསྟུན་གྱིས་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་པའི་“3+N”ལམ་ལུགས་ཀྱི་མ་ལག་བཙུགས་ཏེ། སྲིད་གཞུང་གི་མངོན་མེད་བུ་ལོན་ལོ་འཁོར་ནང་གཙང་སེལ་བྱེད་པའི་ལས་འགན་གྲུབ་ཡོད། མཉམ་ལས་དང་། བཤུག་སྤྲོད། བསྐྱར་སྒྲིག གཙང་རྩིས་བཅས་“སྐོར་ཁག་བཞིའི”བྱེད་ཐབས་སྤྱད་དེ་གཙོ་གནད་ཁེ་ལས་ཀྱི་དཀའ་ངལ་སེལ་ཐབས་བྱས་ཤིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་བུ་ལོན་དང་བུན་དབང་ཐག་གཅོད་གང་འཚམ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་དང་ལས་བཟོ་པའི་དཔུང་སྡེ་བརྟན་འཇགས་སུ་བཏང་། ཁྲིམས་མིན་གྱི་དངུལ་རྩའི་བྱེད་སྒོ་འབྱུང་བ་དང་མཆེད་པར་བཀག་སྡོམ་ནུས་ལྡན་བྱས་ཏེ། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་ལེགས་པོར་སྲུང་ཡོད།

དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ཏེ། “སེམས་ཁྲལ་མེད་པ་གཉིས་འགན་སྲུང་ཡོད་པ་གསུམ”དང་འཐུང་ཆུའི་བདེ་འཇགས་སྐོར་གྱི་གནད་དོན་འབུར་དུ་ཐོན་པ་དག་ཤུགས་བཏོན་ནས་ཐག་གཅོད་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དབུལ་སྐྱོར་ཡུལ་སྤོར་དང་ཁང་པ་ཉེན་རྙིང་སྒྱུར་བཀོད་ཀྱི་ལས་འགན་ཕྱོགས་ཡོངས་ནས་གྲུབ་ཡོད། དབུལ་ཕོངས་སྡེ་བ་1622ཀྱི་ཉི་གློག་དབུལ་སྐྱོར་གློག་འདོན་ས་ཚིགས་གཅིག་ཀྱང་མ་ལུས་པར་གློག་དྲ་སྦྲེལ་ནས་གློག་འདོན་གྱིན་ཡོད་ལ། “བསམ་བློའི་དབུལ་སྒྲོལ”གྱིས་མང་ཚོགས་ཀྱི་ནང་སེམས་ཀྱི་སྒུལ་ཤུགས་ནུས་ལྡན་སྒོས་སྐུལ་སློང་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཡོངས་རྫོགས་གཙང་སེལ་བྱས།

སྦགས་བཙོག་འགོག་བཅོས་ལ་བསྟུད་མར་ཤུགས་སྣོན་བརྒྱབ་པ་དང་། སྟོབས་ཤུགས་བསྡུས་ནས་གནམ་སྔོ་ཆུ་དྭངས་ས་གཙང་གི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམས་ནས་རྒྱལ་ཁ་བླངས། ཀྲུང་དབྱང་གི་ཁོར་སྲུང་ལྟ་སྐུལ་ཚོ་ཆུང་གིས་བཏོན་པའི་གནད་དོན་རྣམས་ནན་ཏན་གྱིས་དག་ཐེར་བྱས་པ་དང་། རིམ་པ་ལྔའི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་བྱ་བའི་མ་ལག་ཕྱོགས་ཡོངས་ནས་བཙུགས། སྡེ་བ་500རུ་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ཞིང་སྡེའི་“སྤྱོད་ཁང་གསར་བརྗེ”ལས་གྲྭའི་ཁྱིམ་ཚང་ཁྲི་7.5ཡི་སྤྱོད་ཁང་སྒྱུར་བཀོད་བྱས་ཚར། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ལེགས་ཡིན་པའི་ཉིན་གྲངས་ཀྱི་སྡུར་ཚད་95%ལ་སླེབས་པ་དང་། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་རིགས་Ⅳཅན་གྱི་ཆུ་རྒྱུ་ཚད་ལོངས་ཡིན་ཕྱོད་100%ལ་སླེབས་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཇལ་བྱེད་རེའི་འཕར་ཐང་གི་ནུས་ཁུངས་ཟད་གྲོན་དཔོག་རྩིས་བྱས་ན་8.5%ཡས་མས་མར་ཆག་ཡོད།

(གཉིས)འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ། རྡོ་སོལ་ཏུན་ཁྲི་60ཡི་ཐོན་ནུས་སེལ་བའི་ལས་འགན་གྲུབ་ཡོད། “བརྒྱ་ཟུང་ལས་གྲྭ”དང་ཚན་རྩལ་ཆེད་དོན་ལས་གཞི་གལ་ཆེན་12ལག་བསྟར་བྱས་ཤིང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.8%འཕར་ཡོད། འཁོར་སྐྱོད་བཟོ་ལས་ཀྱི་འཕར་ཐང་གི་སྡུར་ཚད་60%ལ་སླེབས་པ་དང་། ཅཱའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་ཕྱིར་བསྡུ་བྱས་ཕྱོད་75%ཡན་ལ་འཕར་ཡོད། རྒྱུ་ཆ་གསར་པ་དང་ནུས་ཁུངས་གསར་པ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་འཕར་ཐང་སོ་སོ་30.8%དང་8.9%དང་26.5%འཕར་ཡོད། གཤིས་ནུས་མཐོ་བའི་ཐཱན་ཚི་སྣའི་ལས་གཞི་དོན་ཐོག་ཏུ་འབྱོར་ཡོད། རང་བདག་གིས་IBCགློག་སྨན་ཞིབ་འཇུག་གསར་སྤེལ་བྱས་ནས་ཕྱི་རྒྱལ་གྱི་སྒེར་སྡེམ་གཏོར་ཡོད། སྟོང་ཝ་བྱེ་བ་ཅན་གྱི་ནུས་ཁུངས་གསར་པའི་རྟེན་གཞི་གཉིས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་པ་དང་། དྭངས་གཙང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་ཆས་ཀྱི་ཤོང་ཚད་སྟོང་ཝ་ཁྲི་2776ལ་སླེབས་ཏེ་གློག་འདོན་ཚད་ཀྱི་886.5%ཟིན་ཡོད། གཅིག་བསྡུས་ཅན་གྱི་ཉི་གློག་འདོན་ཆས་སྒྲིག་སྦྱོར་བྱས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་གྱུར་ཡོད། དྭངས་གཙང་གི་གློག་སྟོང་ཝ་ཆུ་ཚོད་དུང་ཕྱུར་166ཞིང་ཆེན་ཕྱི་རུ་བསྐྱལ་ཞིང་། པེ་ཅིན་ཏ་ཞིན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་“མཚོ་སྔོན་གྱི་ལྗང་གློག”བཀོལ་གྱིན་ཡོད། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་དང་འཆར་འགོད་བཏོན་པ་དང་། རྒྱལ་སྤྱིའི་སྦྲེལ་དྲའི་གཞི་གྲངས་ཆེད་སྤྱོད་བརྒྱུད་ལམ་དང་གཞིའི་ཤེལ་བརྙན་ཞབས་ཕྱི་འཕྲུལ་ཆས་བཀོད་སྒྲིག་བྱས། མདོ་དབུས་མཐོ་སྒང་གི་གཞི་གྲངས་གནོད་འབྱོལ་གྲབས་ཉར་ལྟེ་གནས་སོགས་གཞི་གྲངས་ཆེན་པོའི་ལས་གཞི་སྐོར་ཞིག་ལེགས་འགྲུབ་བྱུང་བ་དང་། མཐོ་སྒང་གི་ནུས་འབྲས་ཚད་ལེན་དངོས་བཤེར་ཁང་མཚོ་སྔོན་དུ་བཙུགས། བཟོ་ལས་ཀྱིས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་འཕེལ་ཁ་ཚ་བ་དང་གཙོ་གནད་ཁེ་ལས་ཀྱི་བུན་འགན་ལྕི་དྲག་པ། ཁེ་ལས་ལ་གྱོང་གུད་ཐེབས་རྒྱ་ཆེ་བ་སོགས་ཀྱི་གནོན་ཤུགས་སྣ་མང་ཤུགས་ཀྱིས་བཏེགས་ཏེ། དཀའ་བ་ཁྱད་བསད་ཀྱིས་མདུན་དུ་བསྐྱོད། དེ་ནི་དངོས་གནས་ལས་སླ་བོ་ཞིག་གཏན་ནས་མིན།

ཐོན་ལས་དང་པོ་དང་གསུམ་པས་རྨང་གཞི་སྟོབས་ལྡན་དང་བརྟན་འཇགས་སྐུལ་སྤེལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་བ་52ལ་གྲོང་གསེབ་དར་སྤེལ་གྱི་ཚོད་ལྟའི་གནས་སྤེལ། ནོར་གནག་དང་ནས་འབྲུའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་དང་། ནོར་གནག་དང་འབྲོག་ལུག་གི་ཐོན་ཡུལ་དངོས་ཁུངས་འདེད་ལས་གྲྭ་ལག་བསྟར་བྱས། ཕྱུགས་ལས་ཀྱིས་གངས་གནོད་དང་རིམས་ནད་ཀྱི་རྐྱེན་ངན་བཟློགས་ཏེ། ནོར་ལུག་གསོ་ཁ་ལས་བུད་ཚད་སོ་སོ་9.2%དང་7.5%འཕར་བ་དང་། སྲིད་འཛིན་སྡེ་བ་91.3%ལ་ཐུན་མོང་དཔལ་འབྱོར་མེད་པའི་སྟོང་ཆ་གསབ། རིག་གནས་ཡུལ་སྐོར་དུས་སྟོན་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་“ཡིད་དབང་འཕྲོག་པའི་ཀྲུང་གོའི་མཁར་གྲོང”ལས་མཚོ་སྔོན་གྱི་ལེ་ཚན་འགྲེམ་སྟོན་བྱས་པ་དང་། མདོ་ལ་རྫོང་ནི་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་སྐོར་ཁག་ཐོག་མའི་གྲས་སུ་བདམས་ཐོན་བྱུང་། ཁམ་རའི་ཏན་ཞ་ས་གཤིས་སྤྱི་གླིང་ནི་འཛམ་གླིང་ས་གཤིས་སྤྱི་གླིང་དུ་འོས་སྦྱོར་བྱེད་གྲབས་ཡོད་པའི་མིང་ཐོ་རུ་བཀོད་པ་དང་། ཝུའུ་ལན་རྫོང་ཆུ་མིག་ལུང་པའི་བོད་བཙན་པོ་དུས་སྐབས་ཀྱི་ལྡེབས་རིས་བང་སོ་ནི་2019ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་དཀར་ཆག་ཏུ་བདམས་ཐོན་བྱུང་། མཚོ་སྔོན་པོ་དང་ཚྭ་ཁའི་ཚྭ་མཚོའི་རྗེས་སུ། ཐང་ལམ་637དང་ཟི་ལིང་དོམ་ཁྲ་ཁང་། “ཙོང་ཆུའི་བག་ཆགས”ལས་ཡོན་ཀྱཱ་སྡེ་བ་སོགས་ཡུལ་སྐོར་ཁུལ་སྐོར་ཞིག་ནི་ཀུན་གྱིས་དོ་ཁུར་བྱ་ཡུལ་དང་དངོས་ཕེབས་གནང་ཡུལ་དུ་གྱུར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་གཅིག་ནང་འགྲུལ་པ་བསུ་སྐྱེལ་བྱས་ཚད་མི་ཐེངས་ཁྲི་800ལས་བརྒལ་བ་དང་། བསྟུད་མར་ལོ་4ལ་ལོ་རེར་ས་ཡ་ཕྲག་འགའ་འཕར་བ་མངོན་འགྱུར་བྱུང་སྟེ། ཡུལ་སྐོར་མི་ཐེངས་ཁྲི་5000ལས་བརྒལ་ཞིང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་20.4%འཕར་ཡོད། སྔོན་ཆད་“རྒྱང་རིང་གི་ས་ཆ”ཞེས་གྲགས་པ་དེ་ད་ལྟར་རྒྱང་རིང་མིན་པར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་པ་རྣམས་ལྗོངས་རྒྱུར་འགྲོ་སའི་གནས་སུ་གྱུར་ཡོད།

(གསུམ)ནུས་ལྡན་དགོས་མཁོ་ཧུར་ཐག་སྒོས་རྒྱ་བསྐྱེད་བཏང་། གཙོ་གནད་ལས་གཞི་མགྱོགས་པོར་འགག་གཏོར་བྱེད་པའི་འགུལ་སྐྱོད་དང་ལས་གཞི་བྱུང་ལོའི་བྱེད་སྒོ་སྤེལ་བ་དང་། ཟི་ཁྲིན་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པ་སོགས་ལས་གཞི་ལ་ཆོག་མཆན་ཐོབ། རྨ་ཆུ་ཟི་ལིང་དུ་འདྲེན་པའི་ལས་གྲྭའི་ཞིབ་འཇུག་རུང་བའི་སྙན་ཞུ་ལ་ཆུ་བེད་པུའུ་ཆུ་བེད་འཆར་འགོད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་བྱས་ཟིན་པ་དང་། ཁ་གསབ་ཏུ་སྤེལ་བའི་ཆེད་དོན་10ཡི་ཞིབ་འཇུག་བྱ་བ་ཡོངས་སུ་བསྒྲུབས་ཚར། ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པའི་ཚོད་ལྟའི་མཚམས་དང་ཡུལ་ཤུལ་གནམ་གྲུ་ཐང་སྒྱུར་བཀོད་རྒྱས་བསྐྲུན་ལས་གྲྭ་ལས་འགོ་བརྩམས། གུང་ཧོ་གནམ་གྲུ་ཐང་ལ་ཞིབ་འཇུག་རུང་བའི་ལས་རིགས་ཞིབ་བཤེར་བྱས་ཚར་བ་དང་། མཚོ་ནུབ་གནམ་གྲུ་ཐང་དུ་ཕྱོགས་གཉིས་སུ་སྐོར་འཕུར་བྱེད་ཐུབ་པ་བྱུང་སྟེ། རྒྱལ་ནང་གི་མཐོ་སྒང་གནམ་གྲུ་ཐང་དུ་གནམ་གྲུས་བར་ཐག་ཐུང་བའི་སྐྱེལ་འདྲེན་བྱེད་ཐུབ་པར་གྱུར། རིམ་པ་མཐོ་གྲས་ཀྱི་གཞུང་ལམ་8ལེགས་འགྲུབ་བྱུང་སྟེ་རླངས་འཁོར་ཤར་གཏོང་བྱེད་ཀྱིན་ཡོད། གོར་ཏུན་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ལས་གཉེར་བྱེད་ཀྱིན་ཡོད་ལ། གོར་ཁོའུ་ལྕགས་ལམ་ལས་ཞིང་ཆེན་ནང་མཚམས་སུ་མེ་འཁོར་གཏོང་ཆོག་པའི་ཆ་རྐྱེན་འཛོམས་ཡོད། ཀན་སུའུ་དང་མཚོ་སྔོན་གཉིས་སྦྲེལ་བའི་ཁྲོན་ཧའེ་ཟམ་ཆེན་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་རྒྱུག་གིན་ཡོད། ཞིང་སྡེའི་གཞུང་ལམ་སྤྱི་ལེ་5807དང་དམངས་ཕན་ཟམ་པ་152གསར་སྐྲུན་དང་སྒྱུར་བཀོད་བྱས། ལོ་20ལྷག་འགོར་བའི་རྗེས་སུ། དགུན་དཔྱིད་གཉིས་ཀྱི་ཞིང་ཚིགས་ཆུ་བེད་ཀྱི་རྨང་གཞི་འཛུགས་སྐྲུན་ཀྱི་མཉམ་འཐབ་ཆེན་མོ་ཡང་བསྐྱར་སྤེལ་འགོ་བརྩམས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་རྨ་ཆུའི་གཞུང་རྒྱུན་གྱི་ཞོད་འགོག་སོགས་ལས་གྲྭར་བརྟན་བརླིང་ངང་སྐུལ་འདེད་བཏང་། ང་ཚོས་མ་རྩ་གཏོང་འཇོག་དང་བསྡུ་རུབ་ཀྱི་མ་གནས་ཇེ་མཐོར་ཕྱིན་པ་དང་། ལས་གཞི་ཆེན་པོ་གྲབས་གསོག་བྱས་ཚད་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ། བློ་ཞིབ་མོས་ཉམ་ཐག་ཇེ་སྟོབས་སུ་གཏོང་བ་དང་ཞན་ཆ་ཁ་གསབ་བྱེད་པའི་ལས་གཞི་གལ་ཆེན་སྐོར་ཞིག་ཇུས་འགོད་དང་བཀོད་སྒྲིག་བྱས་པས། མ་དངུལ་གཏོང་འཇོག་གི་ཁེ་ཕན་རིམ་གྱིས་མངོན་ཏེ། རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་རྟིང་ཤུགས་བསྩལ་ཞིང་རྨང་གཞི་བཏིང་ཡོད།

མཁར་གྲོང་ཅན་གསར་པ་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད་བཏོན་པ་དང་། ལན་ཇུ་ནས་ཟི་ལིང་གི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ཀན་སུའུ་དང་མཚོ་སྔོན་གཉིས་སྦྲེལ་བའི་ཁྲོན་ཧའེ་ཟམ་ཆེན་གྲུབ་ནས་རླངས་འཁོར་ཤར་གཏོང་བྱས། ཟི་ལིང་ནས་མཚོ་ཤར་བར་གྱི་གྲོང་ཁྱེར་མུ་ཁྱུད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། ཧོང་ཀྲུང་རྫོང་བསྒྱུར་ནས་ཆུས་འཛུགས་པར་ཆོག་མཆན་ཐོབ། ཟི་ལིང་ནི་རྒྱལ་ཁབ་ཀྱི་སྐོར་ཁག་དང་པོའི་གྲོང་ཁྱེར་ཉམས་ཞིབ་ཚོད་ལྟའི་གནས་སུ་གྱུར། འཛད་སྤྱོད་ལ་སྐུལ་བའི་འགུལ་སྐྱོད་ཆེན་པོ་བཅུ་སྤེལ་བ་དང་། ཟི་ལིང་གི་ཁྱད་ལྡན་ཟས་རིགས་ཞིམ་པོ་འགྲེམ་སྟོན་དང་“མཚོ་སྔོན་གྱི་ལོ་སར། མཚོ་ཤར་གྱི་བདུད་རྩི”སོགས་ཀྱི་བརྗོད་སྙིང་བྱེད་སྒོ་སྤེལ། རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེར་སྤེལ་བའི་དཔེ་སྟོན་རྫོང་ཞིང་ཆེན་ཧྲིལ་པོར་ཁྱབ་ཡོད། “རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་བརྒྱུད་ལམ་གསར་པའི”སྒྲོམ་གཞིའི་གྲོས་ཆིངས་བཞག་པ་དང་། ལྕགས་ལམ་དང་མཚོ་ལམ་གྱིས་མཉམ་སྐྱེལ་བྱེད་པའི་ཆེད་དམིགས་མེ་འཁོར་མུ་མཐུད་དུ་བཏང་བ་དང་། རྒྱལ་ཕྱིའི་གཉེར་འཚོང་གནས་19དང་ནང་འདྲེན་ཚོང་རྫས་ཐད་ཚོང་ལས་སྟེགས་13ཡོད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱས་པའི་བསྡོམས་འབོར་ལྡབ་6.8འཕར་ཡོད། “ཤིང་རྟ་ཆེན་པོ་གསུམ”གྱིས་མཉམ་དུ་ཤུགས་བཏོན་པས། དཔལ་འབྱོར་འཕར་སྣོན་འབྱུང་བའི་གཞི་མ་བརྟན་སྲུང་བྱས་ཡོད།

(བཞི)སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བསྟུད་མར་ཤུགས་སྣོན་བརྒྱབ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་གནས་ལ་གཅིག་འདོམས་ཀྱིས་སྐུལ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས་ཐོག་མ་སྤེལ་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་རྒྱལ་སྤྱིའི་དཔྱད་འཇོག་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཆ་རྐྱེན་སྔར་བས་ཆ་ཚང་དུ་གྱུར། གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གཉིས་པ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་སྐྱེ་ཁམས་ལས་གྲྭ་གཙོ་བོ་མགྱོགས་མྱུར་ངང་ལག་བསྟར་བྱས། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་རྩི་ཤིང་ཁེབས་ཚད་ནི་བཅོས་སྐྱོང་མ་བྱས་གོང་གི་20%ནས་80%ཡན་ལ་འཕར། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་2002ལོ་ལས་ལྡབ་36ཙམ་འཕར། གཙོད་ནི་དུས་རབས་གོང་མའི་ལོ་རབས་90པར་ཁྲི་3ཙམ་ལས་མེད་པ་ནས་ད་ལྟ་ཁྲི་7ལྷག་ལ་འཕེལ་བ་དང་། དགོ་དམར་300ཙམ་ལས་མེད་པ་ནས་2000ལྷག་ལ་འཕེལ་ཡོད། མཚོ་སྔོན་པོའི་བྱ་རིགས་ནི་དུས་རབས་གོང་མའི་ལོ་རབས་90པའི་རིགས་སྣ་189ནས་ད་ལྟའི་རིགས་སྣ་225ལ་འཕེལ་ཡོད། རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོང་ཁུལ་སོ་སོ་རི་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་འཕེལ་བའི་གནས་མལ་དུ་གྱུར་ཡོད། རྒྱལ་མངའ་ས་ཁོངས་ལྗང་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་དེ་ཕུན་སུམ་ཚོགས་པའི་སྒོ་ནས་གྲུབ། ཁྱོན་བསྡོམས་ས་མུའུ་ཁྲི་1242ལ་སྡོང་བོ་བཙུགས་ནས་ནགས་ཚལ་བསྐྲུན་པ་དང་། ནགས་ཚལ་ཁེབས་ཕྱོད་བརྒྱ་ཆའི་ཚེག1ལ་ཉེ་བ་འཕར་བས། ས་ཁོངས་ཀྱི་ནམ་ཟླ་དང་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ནུས་ལྡན་བྱས་ཤིང་། ཆར་ཆུ་འབབ་ཚད་1961ལོའི་ཚུན་དུ་ཆེས་མང་ཤོས་ཡིན་ལ། རྨ་ཆུའི་ཆུ་རྒྱུན་བསྟུད་མར་ཡར་རྒྱས་བྱུང་བ་དང་། ཚལ་རྔ་འགག་གི་ཆུ་མཛོད་ཀྱི་ཆུ་གསོག་ཚད་དུས་མཐུན་བསྡུར་ན་10.7%འཕར་ཡོད་དེ། ལས་གཉེར་བྱས་ཚུན་དུ་ཆུ་ཆེས་འབེལ་བའི་ལོ་ཚིགས་གཉིས་པ་ཡིན། ལྗང་མདོག་རྩད་ཞིབ་ལ་ཐོད་བརྒལ་གསར་པ་ཐོབ་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་བདག་དབང་ཕྱིར་འཐེན་དང་སྐྱིན་གསབ་སྟེར་བའི་འགྲོས་རིམ་ལམ་ལྷོངས་བྱུང་ཡོད་ལ། ལོ་རྒྱུས་སྟེང་བདག་པོ་མེད་པའི་གཏེར་རི་བཅོས་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་ཐོན་ཡོད། “སྤྱིལ་ཁང་ཆེན་པོའི”ཆེད་དམིགས་གཙང་སེལ་སྒྲིག་བཅོས་བྱ་བ་ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་བསྒྲིལ། ཟི་ལིང་ནི་རྒྱལ་ཡོངས་ཀྱི་“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་པའི་ཚོད་ལྟའི་གནས་སུ་བདམས་པའི་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་གཅིག་པུར་གྱུར་པ་དང་། མགོ་ལོག་ནི་ཡུལ་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་ཏུ་བསྐྲུན་པ་དང་། ཁྲི་ཀ་ནི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་དུ་མིང་བཏགས། སྐྱེ་ཁམས་སྲུང་སྐྱོང་གི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ལྗང་མདོག་ནི་རབ་མཛེས་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་གཞི་མདོག་ཏུ་གྱུར་ཡོད།

(ལྔ)བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་ཀྱི་རྒྱུན་བསྐྱངས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བཏང་ཐོག“ཞིབ་མཆན་འཁྱགས་གཏོར”ལས་གྲྭར་མ་དངུལ་གཏོང་བར་ཤུགས་བཏོན་ནས་སྐུལ་འདེད་བྱས། “དྲ་གཅིག་ཡོངས་སྒྲུབ་དང་དོན་གཅིག་ཀུན་སྒྲུབ”ཀྱི་སྲིད་དོན་ཞབས་ཕྱིའི་མ་ལག་མགྱོགས་མྱུར་ངང་བཙུགས་པས། ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཕྱིའི་དོན་ཚན་དྲ་ཐོག་ནས་བསྒྲུབ་ཆོག་ཕྱོད་98%ལ་སླེབས་པ་དང་། ལས་གཞིར་ཞིབ་མཆན་འགོད་པའི་དུས་བཅད་ནི་ལས་ཀའི་ཉིན་གྲངས་90དང་ཁེ་ལས་ཀྱི་སྒྲུབ་གཉེར་དུས་ཚོད་ནི་ལས་ཀའི་ཉིན་གྲངས་5ཡི་ནང་ཚུན་དུ་བསྐྱུངས་ཡོད། ཟི་ལིང་གི་གྲོང་མིའི་ཞབས་ཕྱི་ལྟེ་གནས་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་ཞབས་ཕྱི་སྒྲུབ་ཁུལ་ཆེད་དུ་བཙུགས་ནས། དོན་དག་སྔར་ལས་ཟོར་ཡང་བོར་སྒྲུབ་ཐུབ་ཅིང་ཞབས་ཕྱི་སྔར་ལས་ཕན་ཕྱོད་མཐོ་བ་ཡིན། ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་པོར་ཁྲལ་འཕྲི་རིན་གཅོག་སྒོར་དུང་ཕྱུར་61.5བྱས་ཡོད། བཟོ་ཚོང་ལས་རིགས་དཀྱུས་མའི་གློག་རིན་ཐེངས་གཉིས་ལ་མར་ཕབ་སྟེ་སྤྱོད་མཁན་གྱི་ཁུར་པོ་སྒོར་དུང་ཕྱུར་5.9ཇེ་ཡང་དུ་བཏང་། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་ལ་དོམ་ཆད་པ་གཙང་མར་བཅལ། སྐྱེ་ཁམས་དཔལ་ཡོན་དང་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར། ཁྲིམས་འཛིན་ལམ་སྲོལ་བཅས་“རྒྱལ་མིང་རྟགས་ཅན”གྱི་བཅོས་སྒྱུར་ཁག་གསུམ་བདེ་བླག་ངང་སྤེལ་གྱིན་ཡོད། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་རྒྱུན་མི་ཆད་པར་ཟབ་སྤེལ་བྱས། ཞིང་སྡེ་འབྲོག་ཁུལ་དང་ནོར་ཁྲལ་དངུལ་རྩ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཁྱབ་ཁོངས་སོ་སོར་བཅོས་སྒྱུར་ནུས་ལྡན་ཏན་ཏིག་བྱས། གླ་བསྡུ་གཞུང་ལམ་གྱི་ལམ་ལུགས་བཅོས་སྒྱུར་ལེགས་འགྲུབ་བྱུང་བ་དང་། མྱུར་སྐྱོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གླ་བསྡུ་ས་ཚིགས་ཕྱོགས་ཡོངས་ནས་མེད་པར་བཏང་། ཟི་ལིང་སློབ་ཆེན་སྐྲུན་པའི་གྲ་སྒྲིག་བྱ་བ་ཧུར་ཐག་གིས་སྤེལ་གྱིན་ཡོད། མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་པར་བརྩོན་ཏེ། མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྤེལ་བ་དང་། ཚན་རིག་ཡར་རྒྱས་ཀྱི་བྱས་རྗེས་བཞག་ཕྱོད་ནི་དཔོག་རྩིས་ལྟར་ན་54%སླེབས་ཡོད།

ང་ཚོས་“རྒྱུད་གཅིག་ལམ་གཅིག”གིས་གྲོས་འགོ་ལ་ཧུར་ཐག་གིས་དང་དུ་བླངས་ཏེ། མཚོ་སྔོན་ཚོང་གཏམས་གྲོས་ཚོགས་སྐབས་20པ་དང་། 2019ལོའི་ས་གདན་འགྲེམ་ཚོགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམ་སྟོན་ཚོགས་འདུ་རྒྱལ་ཁའི་ངང་འཚོགས། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་མཚོ་ཤར་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་མཚོ་སྔོན་ཀྱི་ནས་དང་སྐམས་ཤ་ལུག་ཤ་ཉོ་ཚོང་ལྟེ་གནས་དྲ་ལམ་དུ་བཏང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་མ་རྩ་ཨུ་ལྷན་གྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན། ཀྲུང་དབྱང་ཁེ་ལས་49མཚོ་སྔོན་དུ་འབྱོར་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་གཏིང་ཟབ་དང་དབུལ་སྒྲོལ་འགག་གཏོར་བྱ་བར་རམ་འདེགས་བྱས། མཚོ་སྔོན་ལ་རོགས་སྐྱོར་དུ་ཕེབས་པའི་ལས་བྱེད་འཇོན་ནི་སྐབས་གསུམ་པ་དང་བཞི་པ་བདེ་བླག་ལས་རེས་བརྗེས་ཏེ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལ་རིམ་པ་འཕར་ཞིང་སྟོབས་ཤུགས་བསྣན་ཡོད། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་རིམ་པ་སྤར་ནས་རྒྱལ་སྤྱིའི་ལྕགས་རྟའི་མནའ་མཐུན་ཚོགས་པའི་ལས་རིགས་འགྲན་སྡུར་བསྟར་མའི་གྲས་སུ་ཚུད་པ་མ་ཟད་རྒྱལ་ཁབ་ལུས་རྩལ་ཐོན་ལས་ཀྱི་དཔེ་སྟོན་ལས་གཞི་སྐོར་དང་པོའི་གྲས་སུ་བདམས་པས། དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གཉེར་བའི་ཞབས་ཕྱི་ལས་གཞི་ལ་འོས་ཐོན་བྱུང་སྟེ། འགྲན་སྡུར་གྱི་ཕན་ནུས་རིམ་གྱིས་ཇེ་ཆེར་བཏང་། རྒྱལ་སྤྱིའི་འཁྱགས་ལྟིར་འགྲན་སྡུར་དང་ཁུར་འཛིང་དྲག་རྩོད་འགྲན་སྡུར། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་ཕུལ་བྱུང་ཅན་གྱི་འགྲན་སྡུར་སོགས་ཀྱིས་མཚོ་སྔོན་གྱི་སྐད་གྲགས་སྔར་ལས་ལྷག་པར་ཇེ་ཆེར་བཏང་།

(དྲུག)དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བ་འབུར་དུ་དོད་ནས་དམ་འཛིན་བྱས་པ་དང་། སློབ་ཆེན་མཐར་ཕྱིན་སློབ་མའི་སྤྱི་ཁོག་གི་ལས་ཞུགས་བྱས་ཕྱོད་89%ལ་སླེབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་མི་ཐེངས་ཁྲི་10ལས་བརྒལ་པར་གསོ་སྦྱོང་བྱས། རང་ཞིང་གི་མང་ཚོགས་ཀྱིས་ཞིང་ཆེན་གཞན་དུ་འཐེན་ཐུག་ཟ་ཁང་ཁྲི་3.2གཉེར་གྱིན་ཡོད་ལ། མི་ཁྲི་19.1ལས་ཀར་ཞུགས་པར་སྐུལ་ཁྲིད་བྱས་ཤིང་ཡོང་འབབ་ཧ་ལམ་སྒོར་དུང་ཕྱུར་70འཕར། མཚོ་སྔོན་ཚེམ་དྲུབ་ཀྱི་ཚོང་རྟགས་མཐོར་འདེགས་སུ་གཏོང་བའི་“གཅིག་ཅན་བརྒྱད”ལས་གྲྭ་ལག་བསྟར་བྱས་ཏེ། ཚེམ་མ་ཁྲི་30ཡིས་ལག་རྩལ་རྙིང་པར་བརྟེན་ནས་འཚོ་བ་གསར་པ་རོལ་གྱིན་ཡོད། “ལྕེ་ཐོག་གི་འཐེན་ཐུག”དང་“སོར་རྩེའི་མཚོ་སྔོན་ཚེམ་དྲུབ”ནི་མཚོ་སྔོན་གྱི་མིང་བྱང་གསར་པར་གྱུར་ཡོད། གླ་ཕོགས་ཆད་པ་གཙང་བཅོས་ཀྱི་ཆེད་དམིགས་འགུལ་སྐྱོད་སྤེལ་ནས། གླ་རྒྱག་ཞིང་པ་9800ཡི་གླ་ཕོགས་སྒོར་དུང་ཕྱུར་1.25དེད་ནས་རྩིས་སྤྲོད་བྱས། མཚོ་སྔོན་སློབ་གསོ་དེང་རབས་ཅན་2035ཞེས་པའི་འགོ་བརྩམས་པ་དང་། སློབ་སྔོན་སློབ་གསོ་དང་མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱས། ལས་རིགས་སློབ་གསོའི་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ། འབུམ་རམས་ཕྱི་ཚར་གྱི་ཚན་ཞིབ་འཁོར་རྒྱུག་ས་ཚིགས་མེད་པ་ནས་ཡོད་པར་གྱུར། བདེ་ཐང་མཚོ་སྔོན་མགྱོགས་མྱུར་གྱིས་འཛུགས་སྐྱོང་བྱས་ཏེ། ཚད་ལྡན་ཅན་གྱི་སྡེ་བའི་འཕྲོད་བསྟེན་ཁང་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཁྲི་རེ་ལ་ཚད་ལོངས་པའི་ཀུན་ཤེས་སྨན་པ་2ནས་3ཡོད། སྨན་བཅོས་འབྲེལ་ཚོགས་115སྒྲིག་འཛུགས་བྱས་པ་དང་། ཁྱིམ་ཚང་སྨན་པའི་དཔུང་སྡེ་1979བཙུགས་ཤིང་མི་ཁྲི་310ལ་གྲོས་ཆིངས་བཞག་ཡོད། ཐུམ་འབུའི་ནད་དང་གློ་གཅོང་ནད་ཀྱི་ནད་པ་ཁྲི་1.15ལ་རིན་མི་དགོས་པར་སྨན་བཅོས་བྱས། ཁྲག་ཤེད་མཐོ་བ་དང་གཅིག་སྙི་ཟ་ཁུའི་ནད་སོགས་ལ་སྒོ་བསྟེན་སྨན་ཁང་དུ་བཀོལ་བའི་སྨན་ཡོན་རྣམས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་སུ་བཞག་པ་དང་། གཅིག་བསྡུས་དམིགས་འགུགས་ཀྱིས་ཉོ་སྒྲུབ་བྱས་པའི་སྨན་གྱི་རིན་གོང་སྔར་གྱི་4ཆའི་ཡན་ཇེ་དམའ་རུ་བཏང་། སྤྱི་ཚོགས་བྱ་གཞག་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཕྱི་མ་ལག་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་བས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་བསྟུད་མར་འཕེལ་ཡོད།

ཤུགས་བསྒྲིམས་ནས་སྤྱི་ཚོགས་འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་ཞིང་། སྤྱི་ཚོགས་འགན་བཅོལ་གྱི་ཚད་གཞི་ཇེ་མཐོར་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བའི་ལས་འགན་ཡོངས་སུ་གྲུབ། ཁེ་ལས་དང་ལས་ཁུངས་དོན་ལས་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་པའི་རྒན་གསོ་མ་དངུལ་མི་རེར་ཆ་སྙོམས་ཀྱིས་སྒོར་213འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་ཚད་གཞི་སོ་སོ་ཟླ་རེར་སྒོར་580དང་ལོ་རེར་4300རུ་འཕར་ཡོད། མཁར་གྲོང་གི་སྤྱིལ་ཁང་ཁུལ་དུ་ཁང་པ་ཁྲི་1དང་། མཁར་གྲོང་གི་གཞིས་ཁུལ་ཉེན་རྙིང་གི་ཁང་པ་ཁྲི་3དང་། རོང་འབྲོག་པའི་ཁང་པ་ཉེན་རྙིང་ཁྲི་1.5སྒྱུར་བཀོད་བྱས་པ་དང་། རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ལས་གྲྭ་ཁྱིམ་ཚང་ཁྲི་3ལ་ལས་འགོ་བརྩམས། ཧུའུ་ཀྲུའུ་ཡི་བདེ་སྐྱིད་གླིང་དང་རྒན་གཅེས་གསོལ་ཁང་སོགས་རྒན་གསོ་ཞབས་ཕྱིའི་སྒྲིག་བཀོད་སྐོར་ཞིག་ལེགས་འགྲུབ་བྱུང་བ་དང་། དབང་པོ་སྐྱོན་ཅན་ཁྱིམ་ཚང་2500ལ་གེགས་མེད་སྒྱུར་བཀོད་བྱས་ཚར། སྤྱི་ཚོགས་བྱ་གཞག་ཐམས་ཅད་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་། གཞི་རྩའི་སྤྱི་པའི་ཞབས་ཕྱི་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་བཅས་མུ་མཐུད་དུ་ཇེ་དྲག་ཏུ་ཕྱིན་ཡོད།

(བདུན)སྲིད་གཞུང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”བརྗོད་སྙིང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་འདུན་ཀ་རྡོ་བཞིན་བརྟན་ཞིང་འགན་འཁྲི་ཕྲག་ཏུ་འཁུར་ཏེ། འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་སྤྱོད་པ་སྔར་བས་རང་རྟོགས་ཅན་དུ་གྱུར་ཅིང་ནུས་པ་བསྟུད་མར་མཐོར་འདེགས་སུ་ཕྱིན། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་བཅའ་ཁྲིམས་ལྟ་རྟོག་དང་བྱ་བའི་ལྟ་རྟོག སྲིད་གྲོས་ཀྱི་དམངས་གཙོ་ལྟ་རྟོག་རང་རྟོགས་སྒོས་དང་ལེན་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་གྲོས་གཞི་དང་གྲོས་འཆར་སྒྲུབ་པར་ཁྲིད་སྟོན་དང་ལྟ་སྐུལ་གནང་སྟེ། འཐུས་མིའི་གྲོས་གཞི་387དང་ཨུ་ཡོན་གྱི་གྲོས་འཆར་332ཡོངས་རྫོགས་དུས་ལྟར་བསྒྲུབས་ཚར། སྲིད་གཞུང་ཁོངས་གཏོགས་ཀྱི་སྒྲིག་གཞི་བཅོས་སྒྱུར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། དྲང་ཕྱོགས་ནས་བསྟོད་སྐུལ་དང་ལྟ་ཞིབ་འགན་འདྲི་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་བསྡུ་གསོག་དང་བཀོལ་སྤྱོད་དང་དོ་དམ་བཅས་ཚད་ལྡན་དུ་བཏང་ནས། སྒྲིག་གཞིའི་འགན་ནུས་སྔར་བས་ལེགས་སྒྱུར་དང་། འགན་དབང་སྔར་བས་མཐུན་སྦྱོར། འཁོར་སྐྱོད་སྔར་བས་ཕན་མཐོ་བཅས་སུ་བཏང་ཡོད། ཉེན་མེད་ཐོན་སྐྱེད་ཀྱི་བྱ་བར་ཤུགས་སྣོན་བརྒྱབ་ཅིང་། ཟས་རིགས་དང་སྨན་རྫས་བདེ་འཇགས་སྐོར་གྱི་མངོན་མེད་ཉེན་ཁ་བརྟག་སེལ་དག་ཐེར་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། རྫས་འགྱུར་ཉེན་རྫས་ཀྱི་སྔོན་འགོག་ཚོད་འཛིན་དང་དམིགས་བསལ་སྒྲིག་ཆས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བརྒྱབ་པས། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་མངོན་གསལ་གྱིས་ཇེ་མཐོར་ཕྱིན། ཡིག་སྐུར་ངོ་གཏུག་གི་དོན་དག་བསྒྲུབས་པའི་སྤུས་ཚད་དང་ཕན་ཕྱོད་སྔར་བས་ཇེ་མཐོར་བཏང་བ་དང་། ཧྲུའུ་ཅི་དང་ཧྲིན་ཀྲང་གིས་ཡིག་ཟམ་དུ་འབྱོར་བའི་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་དོན་ཚན་ཚང་མ་བསྒྲུབས་ཚར་ཡོད།

སྲིད་གཞུང་རང་སྟེང་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཏུ། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཤིང་། གྲོང་ཁྱེར་(ཁུལ)བརྒྱད་པོ་ཚང་མར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཙུགས། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཡོངས་ཅན་གྱི་ཆོས་ལུགས་ཚོགས་པའི་སྐབས་བརྗེ་ལས་དོན་བདེ་བླག་ངང་བསྒྲུབས་ཚར་ཞིང་། མི་རིགས་འགྲིག་མཐུན་དང་ཆོས་ལུགས་གཡུང་མཐུན། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་སྔར་བས་སྲ་བརྟན་དུ་གྱུར་ཡོད། རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་མཉམ་སྐྱོང་། མི་དམངས་མཁའ་ཟོན་དང་ཡུལ་དམག་གི་གྲ་སྒྲིག་དམག་ཞབས། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཕྱི་འགན་སྲུང་སོགས་ཀྱི་བྱ་བ་ཏན་ཏན་ཏིག་ཏིག་གིས་བསྒྲུབས་པ་དང་། ས་གནས་ཀྱི་དམག་མི་དང་ཉེན་རྟོག་པར་འབྲེལ་བའི་གནད་དོན་ཆེན་པོ་མཐུན་སྦྱོར་ངང་ཐག་གཅོད་པར་སྐུལ་འདེད་བྱས་ཤིང་། དམག་མི་དང་ཉེན་རྟོག་པས་མཉམ་འགོག་མཉམ་སྐྱོང་མཉམ་ཞིབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། དམག་སྲིད་དང་དམག་དམངས་བར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་གྱུར། དམག་དཔུང་དང་ས་གནས་ཀྱི་དགོས་མཁོ་ཁ་འཕྲོད་ངོ་འཕྲོད་ཀྱིས་སྦྲེལ་བ་དང་། དམག་དམངས་འོ་ཆུ་ལྟར་འདྲེས་པའི་ཁེ་ལས་སྐྱེད་སྲིང་བྱས་ཤིང་། དམག་དམངས་འོ་ཆུ་ལྟར་འདྲེས་པའི་འཐབ་ཇུས་མགྱོགས་པོར་ལག་བསྟར་བྱས། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་དང་རྒྱལ་ཡོངས་ཀྱི་རྒྱལ་མངའ་ས་ཁོངས་བརྟག་དཔྱད་ཐེངས་གསུམ་པ་ནན་ཏན་གྱིས་སྤེལ། ཝ་ལི་ཀོན་ཀྱི་ཀྲུང་གོའི་རླུང་ཁམས་ཆེན་མོའི་གཞི་གདན་ཚད་གཞིའི་གནམ་དཔྱད་ཁང་བཙུགས་ནས་ལོ་ངོ་25འཁོར་བའི་དྲན་གསོ་བྱེད་སྒོ་སྤེལ། རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་འགན་ནུས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། གསར་འགྱུར་དང་དཔེ་སྐྲུན། ས་ཡོམ་དང་གནམ་གཤིས། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན། ཀང་ཨོ་ཐའེ། ས་གནས་ལོ་རྒྱུས། ལས་ཁུངས་ཀྱི་ལས་དོན་སོགས་ཀྱི་བྱ་བར་ཤུགས་སྣོན་བརྒྱབ་པ་དང་། བུད་མེད་དང་བྱིས་པ། བགྲེས་སོང་དགེ་རྩ། རྒྱ་གྲམ་དམར་པོ། རབས་རྗེས་མར་ཐུགས་ཁུར་སོགས་ཀྱི་ལས་དོན་ལ་ཡར་རྒྱས་གསར་པ་ཐོབ་ཡོད།

འཐུས་མི་རྣམ་པ། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་དང་བརྟན་འཇགས་ཐད་ཀྱི་གྲུབ་འབྲས་དག་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་སྟོབས་ཆེན་དང་ཐུགས་ཁུར་བླ་མེད་གནང་བའི་འབྲས་བུ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཞིང་ཆེན་ཏང་ཨུས་མཐུན་སྒྲིལ་ངང་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱ་བསྐྱེད་གསར་གཏོད་དང་འབད་བརྩོན་ལྷོད་མེད་བགྱིས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ལྟ་སྐུལ་གོ་འཕེར་དང་རམ་འདེགས་ཅི་ནུས་གནང་བའི་འབྲས་བུ་ཡིན། རྒྱལ་ཁབ་ཀྱི་པུའུ་ཨུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིིང་ཆེན་ནམ་གྲོང་ཁྱེར་དང་། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དུས་ཡུན་རིང་པོར་ཐུགས་ཁུར་དང་རོགས་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་ཡིན། འདི་ནས། ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་གྱི་བཅིངས་འགྲོལ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལ་བྱས་རྗེས་འབུར་དུ་ཐོན་པ་བཞག་པའི་དཔའ་མཛངས་དཔེ་བཟང་རྣམ་པ་དང་བྱ་བ་སྒྲུབ་མཁན་སྔོན་ཐོན་ཅན། དེ་བཞིན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག སྤྱི་བདེ་ལས་བྱེད་ཉེན་རྟོག་པ། མེ་གསོད་རོགས་སྐྱོབ་རུ་ཁག་གི་དཔོན་དམག་བཅས་ལ་བླ་མེད་ཀྱི་གུས་འདུད་ཞུས་པ་ཡིན། དེ་མིན་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་། རྒྱ་ཆེ་བའི་ལས་བྱེད་པ་དང་ལས་བཟོ་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་པ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བཅས་དང་། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་པུའུ་ཨུ་དང་། སྤུན་ཟླའི་འབྲེལ་བ་ཆགས་པའི་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་སོ་སོ། ཀང་ཨོ་ཐེའི་སྤུན་ཟླ་དང་། ཕྱིར་སྡོད་རང་མི་སྤུན་ཟླ། རྒྱལ་སྤྱིའི་མཛའ་གྲོགས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

ལོ་གཅིག་གི་བྱ་བ་ལས་ང་ཚོར་གོ་རྟོགས་གསལ་པོ་ཐོབ་པ་ནི། སྲིད་གཞུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཇེ་ཟབ་དང་“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་དགོས་ལ། ངེས་པར་དུ་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་གནང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་མང་ཚོགས་ལ་རྒྱབ་བརྟེན་བརྟན་པོ་བཅོལ་ནས། ཧུར་ཐག་དང་རང་འགུལ་གྱིས་བྱ་བ་མཐའ་དག་བསྒྲུབ་དགོས། ངེས་པར་དུ་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བ”དེ་རྟག་བརྟན་གྱི་དཔྱོད་དོན་དུ་བརྩིས་ཏེ་ལྷོད་གཡེང་མེད་པར་དམ་འཛིན་བྱེད་ཅིང་། ཡར་རྒྱས་ཧུར་བརྩོན་དང་རྒྱ་བསྐྱེད་གསར་གཏོད་བྱེད་པའི་ཟུངས་ཤུགས་དང་དཀའ་སྤྱད་སྙིང་རུས་དང་དམ་པ་དོན་གཉེར་བྱེད་པའི་སྒུལ་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏང་དགོས།

གྲུབ་འབྲས་ཁས་ལེན་པ་དང་ཆབས་ཅིག་ཏུ། ང་ཚོ་ལ་ངེས་ཤེས་ཀྱང་གསལ་པོ་ཐོབ་ཡོད་དེ། རང་ཞིང་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་སྐབས་ཀྱི་རིམ་པ་ཅུང་དམའ་སར་གནས་ཡོད་ལ། རང་ཞིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་རྟིང་མ་ལེན་པར་མཐའ་མཇུག་མྱུར་མཆོང་བྱེད་པའི་སྐབས་འདིར། ད་དུང་འབུར་དུ་ཐོན་པའི་དཀའ་ངལ་དང་གནད་དོན་ཁ་ཤས་མདུན་དུ་ལྷགས་ཡོད་དེ། གཙོ་བོ་ནི་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཁོག་ཁོར་ཡུག་གི་ཤུགས་རྐྱེན་ལས། འཕེལ་རྒྱས་ཀྱི་གནས་བབ་སྔར་བས་ཛ་དྲག་དང་རྙོག་འཛིང་ཡིན་ལ། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་འགྲིབ་མེད་འཕེལ་སྐྱེན་དུ་སྣང་། མ་དངུལ་གཏོང་འཇོག་གི་དགོས་མཁོ་བསྟུད་མར་ཇེ་ཉུང་དུ་སོང་བ་དང་། འཛད་སྤྱོད་འཕར་སྣོན་གྱི་རྟིང་ཤུགས་འདང་གིན་མེད། སྒུལ་ནུས་གསར་རྙིང་གི་སྦྲེལ་མཐུད་ལ་གེགས་ཆེ་བ་དང་། དམངས་གཉེར་དཔལ་འབྱོར་གྱི་སྤྱི་གྲངས་ཉུང་ཞིང་བསྡུར་ཚད་དམའ་ལ། ཚན་རྩལ་དང་འཇོན་མིར་འདེགས་སྐྱོར་ནུས་པ་སྟོབས་པོ་ཆགས་མེད། སྲིད་གཞུང་དང་ཁེ་ལས་ཀྱི་བུ་ལོན་འཇལ་སེལ་བྱེད་པར་ད་དུང་དུས་ཚོད་ངེས་ཅན་དགོས་པ་དང་། ཉེན་ཁ་ཚབས་ཆེན་འགོག་སྲུང་བྱེད་པའི་ལས་འགན་ཤིན་ཏུ་ལྕི། དམངས་འཚོའི་ལས་དོན་ཐད་ལ་ད་དུང་ཞན་ཆ་མི་ཉུང་བ་གནས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཡོང་འབབ་འཕར་སྣོན་ཐབས་ལམ་ཡངས་པོ་མེད། འཛད་སྤྱོད་རིན་གོང་ནི་གྲུབ་ཚུལ་རང་བཞིན་གྱིས་ཡར་འཕར་གྱིན་པ་མངོན་གསལ་ཡིན། དེ་བས་སྲིད་གཞུང་གིས་ཧུར་ཐག་གིས་གདོང་གཏད་ཅིང་བྱེད་ཐབས་གོ་ཆོད་སྤྱད་ནས། དམིགས་གཏད་ཡོད་པའི་སྒོ་ནས་རེ་རེ་བཞིན་ཐག་གཅོད་བྱ་དགོས།

གཉིས། 2020ལོའི་བྱ་བའི་སྤྱིའི་བླང་བྱ།

ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གསུམ་པ་བཞི་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་མཐའ་གཅིག་ཏུ་ལག་བསྟར་འཐིལ་ཕྱིན་བྱེད་ཅིང་། “འདུ་ཤེས་བཞི”ཇེ་ཟབ་དང་“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱས་ཏེ། བརྟན་བརླིང་ངང་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང་། འཕེལ་རྒྱས་འདུ་ཤེས་གསར་པ་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བྱེད་ཕྱོགས་གཙོ་བོར་འཛིན་པ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་ཀྱིས་སྒུལ་ཤུགས་བྱེད་པ་རྒྱུན་འཁྱོངས། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པ་རྒྱུན་འཁྱོངས་བཅས་བྱེད་པ། “བརྟན་བརླིང་དྲུག”གི་བྱ་བ་ལེགས་པོར་སྒྲུབ་པ། “འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་བྱེད་ཅིང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཅི་ནུས་གཏོང་བ། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་ལ་གཅིག་འགྱུར་བཀོད་འདོམས་བྱེད་པ། “དཔལ་འབྱོར་ཆགས་སྟངས་རིགས་བཞི”ཡིས་སྣེ་ཁྲིད་པར་ཤུགས་སྣོན་པ། ལྗང་མདོག་འཕེལ་རྒྱས་སུ་གཏོང་སྟངས་ཀྱི་གདང་རིམ་སྤར་བ། འཕར་སྣོན་བརྟན་སྲུང་དང་བཅོས་སྒྱུར་སྐུལ་སྤེལ། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་གཟིགས་སྐྱོང་། ཉེན་ཁ་སྔོན་འགོག བརྟན་འཇགས་སྲུང་སྐྱོང་བཅས་ཀྱི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་དང་། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་མུ་མཐུད་དུ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ཕུན་སུམ་ཚོགས་པར་མཇུག་བསྡུ་ཐུབ་པ་ཁག་ཐེག་བྱ་དགོས།

ད་ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི།

གཅིག་ནས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་6%ནས་6.5%འཕར་རྒྱུ། འཕེལ་རྒྱས་འདེགས་སྐྱོར་སྐོར་གྱི་དམིགས་ཚད་ལས། གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་འཇོག་7%འཕར་རྒྱུ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་ཚོང་བསྡོམས་འབོར་7%འཕར་རྒྱུ། ཐོན་ལས་དང་པོའི་འཕར་ཐང་4.6%འཕར་རྒྱུ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་6.5%ཡས་མས་འཕར་རྒྱུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་འགྲོས་མཉམ་ངང་འཕར་རྒྱུ་ཡིན།

གཉིས་ནས་ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ལེགས་ཉིན་གྲངས་ཀྱི་སྡུར་ཚད་85%ཡན་དུ་བརྟན་འཇགས་སུ་གནས་རྒྱུ་དང་། གྲོང་ཁྱེར་གཙོ་བོར་82%ཡན་ལ་སླེབ་རྒྱུ། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་སུ་ཆུ་རྒྱུ་རིགས་IVཅན་དང་ཆུ་རྒྱུ་རིགས་IIIཅན་གྱིས་ཟིན་པའི་སྡུར་ཚད་50%ཡན་ལ་སླེབ་རྒྱུ། དེ་དང་ཆབས་ཅིག་ཏུ་རྒྱལ་འཛིན་བཅད་ངོས་ཀྱི་ས་ངོས་ཆུའི་ཆུ་རྒྱུ་ལེགས་ཕྱོད་90%ཡན་དང་། གཙང་བོ་ཆེན་པོ་གསུམ་གྱི་ཆུ་རྒྱུ་ལེགས་ཕྱོད་100%ལ་སླེབ་པར་བྱ་རྒྱུ། མཚོ་སྔོན་པོ་དང་ཚལ་རྔ་འགག་སོགས་མཚོ་དང་ཆུ་མཛོད་གཙོ་བོའི་ཆུ་རྒྱུ་སྤུས་ལེགས་སུ་བརྟན་སྲུང་བྱ་རྒྱུ། ནུས་སྲི་ཐཱན་འཕྲི་དང་སྦགས་དངོས་གཙོ་བོ་ཉུང་འདོར་གྱི་དམིགས་ཚད་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་གྱི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་ཡིན།

གསུམ་ནས་སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་རྒྱུན་མཐུད་ངང་དཔལ་འབྱོར་འཕར་ཚད་ལས་མགྱོགས་པར་བྱ་རྒྱུ། ཤུགས་བསྒྲིམས་ནས་ལས་ཞུགས་ལ་སྐུལ་འདེད་དང་དངོས་གོང་བརྟན་སྲུང་བྱ་རྒྱུ་དང་། མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི་6གསར་དུ་འཕར་རྒྱུ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི་105ཡུལ་སྤོར་ལས་ཞུགས་བྱ་རྒྱུ། མཁར་གྲོང་གི་ཐོ་བཀོད་ལས་ཤོར་ཕྱོད་3.5%ནང་ཚུན་དུ་ཚོད་འཛིན་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ་ཡིན།

བཞི་ནས་དྭངས་གཙང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་ཆས་ཤོང་ཚད་ཀྱིས་ཟིན་པའི་སྡུར་ཚད་90%ཡན་ལ་སླེབ་རྒྱུ། རྫས་ལུད་དང་ཞིང་སྨན་གྱི་བཀོལ་ཚད་ཇེ་ཉུང་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཚོད་ལྟའི་གནས་ཀྱི་རྒྱ་ཁྱོན་མུའུ་ཁྲི་300ལོངས་པར་བྱ་རྒྱུ། ད་དུང་མཛེས་པའི་མཁར་གྲོང་10དང་མཐོ་སྒང་གི་མཛེས་པའི་གྲོང་གསེབ་300བསྐྲུན་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)60%ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་བསྐྲུན་ཏེ། འཕེལ་རྒྱས་ཀྱི་ཁྱད་ཆོས་སྔར་ལས་ལྷག་པར་གསལ་པོར་མངོན་རྒྱུ་ཡིན།

གོང་དུ་བཀོད་པའི་དམིགས་འབེན་འདི་དག་ནི་སྤྱི་ཁོག་དཔལ་འབྱོར་གྱི་ཁོར་ཡུག་དང་ཀྲུང་དབྱང་སྲིད་ཇུས་ཀྱི་སྟོན་ཕྱོགས། རང་ཞིང་གི་འཕེལ་རྒྱས་དོན་དངོས་བཅས་ལ་འཚམ་པ་དང་། སྤྱི་ཚོགས་སྔོན་དཔོག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་དམིགས་འབེན་གྱི་བླང་བྱ་དང་ཡང་མཐུན་པ་ཡིན། དེ་ལས་དཔལ་འབྱོར་འཕར་ཚད་ཀྱི་དམིགས་འབེན་6%ནས་6.5%བར་དུ་གཏན་ཁེལ་བྱས་དོན་ནི། གཙོ་བོར་དཔལ་འབྱོར་ལུགས་མཐུན་གྱིས་འཁོར་སྐྱོད་ཐུབ་པ་སྲུང་འཛིན་བྱེད་པའི་དགོས་མཁོ་ལ་བསམ་བློ་བཏང་བ་ཡིན་ལ། དེ་དང་མཉམ་དུ་ལས་ཞུགས་འཕར་སྣོན་དང་སྡོད་དམངས་ཡོངས་འབབ་ཀྱི་དམིགས་འབེན་ཡང་འདེགས་སྐྱོར་བྱེད་ནུས་པ་ཡིན་ཏེ། ཕྱོགས་སོ་སོའི་ཧུར་བརྩོན་བྱེད་སེམས་སྐུལ་སློང་བྱེད་པ་དང་། ལྗང་མདོག་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡིན། སྐྱེ་ཁམས་ཁོར་སྲུང་གི་དམིགས་ཚད་ཀྱི་གཅུན་ཤུགས་ཇེ་དྲག་ཏུ་གཏོང་དོན་ནི། གྲུབ་ཚུལ་ལ་ཕྱིར་ལྡོག་གིས་རིགས་སྒྱུར་རིམ་སྤར་དང་སྒུལ་ནུས་གསར་རྙིང་བརྗེ་སྤོ་བྱེད་པའི་ཆེད་ཡིན་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཆུ་ཚད་མཐོན་པོའི་སྲུང་སྐྱོང་ལ་མཉམ་ལས་ཀྱིས་སྐུལ་འདེད་བྱེད་པ་ཡིན། འཕར་སྣོན་བརྟན་བརླིང་ཡོང་དགོས་ན་ཐོག་མར་ལས་ཞུགས་སྲུང་འཛིན་བྱ་དགོས། ད་སྔའི་དཔལ་འབྱོར་འཕར་སྣོན་གྱི་སྐུལ་ཁྲིད་ནུས་པར་གཞིགས་ན། དཔལ་འབྱོར་འཕར་ཚད་6%ནས་6.5%ཡིས་ལས་ཞུགས་གསར་དུ་འཕར་བའི་དམིགས་འབེན་འདེགས་སྐྱོར་བྱེད་ཐུབ། འོན་ཀྱང་བརྩོན་པ་ཧ་ཅང་ཆེན་པོ་བརྒྱག་དགོས། དམིགས་ཚད་འདི་ལ་ཕྱོགས་བསྡུས་སྒོས་བསམ་གཞིག་དང་ཕྱོགས་མང་པོས་རིགས་སྒྲུབ་བྱས་ཡོད་དེ། དངོས་ཐོག་བདེན་འཚོལ་ཡིན་ལ་ཡར་རྒྱས་བརྩོན་ལེན་ཞིག་ཀྱང་ཡིན་པས། གལ་སྲིེད་ཆ་རྐྱེན་གལ་ཆེན་དག་ལ་འགྱུར་བ་མ་བྱུང་ན། བརྩོན་པ་བསྐྱེད་ན་མངོན་འགྱུར་བྱེད་ཐུབ་པ་ཡིན།

ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གཙོ་བོ་འགྲུབ་དགོས་ན། གཤམ་གྱི་ཕྱོགས་དྲུག་གཙིགས་སུ་དམ་པོར་འཛིན་དགོས་ཏེ། གཅིག་ནས་འདུ་ཤེས་དང་བཀོད་པ་ཇེ་དྲག་ཏུ་གཏང་དགོས། “དཔེ་སྟོན་ལྔའི་ཞིང་ཆེན”དང་“དཔལ་འབྱོར་ཆགས་སྟངས་རིགས་བཞི”དེ་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཡིན་པར་བརྩིས་ཤིང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཅི་ནུས་བགྱིས་ཏེ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་ལ་རིམ་གདང་སྤར་དགོས། གཉིས་ནས་དགོས་མཁོ་དང་སྲིད་ཤས་གཅིག་ལྕོགས་བྱ་དགོས། བརྟན་བརླིང་ངང་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་མདོ་དོན་དམ་པོར་བཟུང་ཞིང་། རང་ལ་གནོན་ཤུགས་སྩོལ་བ་དང་གནམ་མཆོང་གིས་མཐོ་སར་རེག་སྟེ། ཆུ་ཚད་སྔར་ལས་མཐོན་པོར་འཕེལ་རྒྱས་འགྲོ་བར་བརྩོན་དགོས། གསུམ་ནས་འཕེལ་རྒྱས་དང་སྲུང་སྐྱོང་ལ་གཅིག་འདོམས་བྱ་དགོས། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་སྲུང་སྐྱོང་ནི་འགན་འཁྲི་ཨང་དང་པོ་ཡིན་པ་སེམས་སུ་དམ་པོར་བཟུང་སྟེ། རང་བྱུང་སྐྱེ་ཁམས་སྡེ་ཚན་དང་མིའི་རིགས་ཀྱི་སྤྱི་ཚོགས་དོ་དམ་སྡེ་ཚན་མཉམ་སྒྲུབ་དང་། རང་བྱུང་སྐྱེ་ཁམས་ཀྱི་ཐེག་ཤུགས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཐོན་སྐྱེད་ནུས་ཤུགས་མཉམ་སྒྲུབ་བྱེད་པའི་“མཉམ་སྒྲུབ་གཉིས”འབད་པས་མངོན་འགྱུར་བྱ་དགོས། བཞི་ནས་ཆོས་ཉིད་དང་སྔོན་དཔོག་ཁོང་དུ་ཆུད་དགོས། “བརྟན་བརླིང་དྲུག”གི་བྱ་བ་ཏན་ཏིག་གིས་བསྒྲུབས་ནས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གྱི་“ཡིག་བརྒྱད་བྱེད་ཕྱོགས”ཐོག་མཐའ་བར་གསུམ་དུ་བརྒྱུས་ཤིང་། དགོས་མཁོ་ཕྱོགས་ཀྱི་དགོས་ལའང་གཅིག་ལྕོགས་ཀྱི་བསམ་བློ་གཏོང་བ་དང་། སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པ་དག་ལ་ལན་གློན་ནས་སྔོན་དཔོག་བརྟན་བརླིང་ཡོང་བ་བྱ་དགོས། ལྔ་ནས་གསར་གཏོད་དང་དོན་འཁྱོལ་གཙིགས་སུ་འཛིན་དགོས། གསར་གཏོད་ཀྱི་སྐྱེ་ཁམས་ལེགས་པོ་བསྐྲུན་པ་དང་། གསར་གཏོད་ཀྱི་ནུས་དང་དོན་འཁྱོལ་གྱི་ཕན་ཕྱོད་ཅི་ཐུབ་ཀྱིས་ཇེ་མཐོར་གཏོང་བ་དང་། ལམ་སྲོལ་དང་རྐྱེན་སྲོལ་གྱི་གེགས་རྒྱ་རྒྱུན་མ་ཆད་པར་གཏོར་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྔར་ལས་གསོན་ཤུགས་རྒྱས་པར་བྱ་དགོས། དྲུག་ནས་གོ་སྐབས་དང་ཉེན་ཁར་ཁ་གཏད་གཞལ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་གིས་འདྲེས་སུ་བཅུག་ནས། སྡུག་འབྱུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གོ་སྐབས་དང་འཕེལ་ཕྱོགས་དང་སྟོབས་ཤུགས་ལ་བརྟེན་ནས། བདེ་དུས་ཉེན་ཁ་བསམ་པ་དང་བརྟན་དུས་སེམས་ཁྲལ་མི་འདོར་བར། མཐོ་སར་འགྲེངས་ཤིང་དམའ་ས་སྲུང་ནས། ཚད་མཐའ་དམ་སྲུང་བྱེད་པའི་ཁྲོད་ནས་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་སྐུལ་སྤེལ་བྱ་དགོས།

གསུམ། 2020ལོའི་བྱ་བའི་ལས་འགན་གཙོ་བོ།

ད་ལོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བླང་བྱ་མཐོ་ཞིང་ལས་འགན་ཡང་ལྕི་ལ་འགྲན་སློང་ཡང་མང་བས། གཤམ་གྱི་ཕྱོགས་10ཡི་བྱ་བ་གཙོ་བོ་དག་ལ་ཤུགས་བསྒྲིམས་ནས་དམ་འཛིན་བྱ་དགོས།

(གཅིག) ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་རྟིང་མ་ལེན་དགོས། ད་སྔ་མཚོ་སྔོན་ལ་རྒྱལ་ཡོངས་དང་འགྲོས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་རྨང་གཞི་བརྟན་པོ་ཆགས་ཡོད་པས། ང་ཚོས་ཤུག་པ་བྲག་ལ་ཚུགས་པ་ནང་བཞིན་ལྷོད་གཡེང་གཏན་ནས་མེད་པར། སྤྱོད་པའི་སྟེང་ནས་ཁས་ལེན་བརྗིད་པོ་དོན་ལ་གནས་པར་བྱ་དགོས།

ཕྱོགས་ཡོངས་འབྱོར་འབྲིང་གི་དམིགས་འབེན་མངོན་འགྱུར་བྱ་དགོས། “དབུལ་སྒྲོལ་གཅིག་དང་། ལྡབ་འཕར་གཉིས། མངོན་འགྱུར་བཞི”བཅས་ལ་དམིགས་པ་གཏད་ཅིང་། འབད་འབུངས་ལྷོད་མེད་ཀྱི་བྱ་བ་སྒྲུབ་སྟངས་དང་དགེ་མཚན་ལྷུར་ལེན་གྱི་བྱ་བ་བྱེད་ཐབས་ལ་བརྟེན་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་སྟོབས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་2011ལོ་ལས་ལྡབ་གཅིག་འཕར་བ་ཁག་ཐེག་བྱ་དགོས། ཐབས་ལམ་སྣ་མང་བརྒྱུད་ནས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་དུ་བཅུག་ནས། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ལས་རིགས་བར། སྤྱི་ཚོགས་མི་སྣའི་བར་བཅས་ཀྱི་ཡོང་འབབ་བགོ་བཤའི་བར་ཁྱད་མུ་མཐུད་དུ་ཇེ་ཆུང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་2011ལོ་ལས་ལྡབ་གཅིག་འཕར་བ་ཁག་ཐེག་བྱ་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་དམིགས་འབེན་མ་ལག་གི་ཕྱོགས་ཁྲིད་དང་སྐུལ་སློང་དང་ལྟ་འཇལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམིགས་འབེན་གཏན་ཁེལ་དང་སྐྱོན་བཤེར་ཆད་གསབ། ཨར་ལས་ཞིབ་ཚགས་བཅས་བྱེད་པ་དང་། སྐྱེ་ཁམས་ཁོར་སྲུང་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་པའི་ཞབས་ཕྱི། སྤྱི་ཚོགས་ཡར་རྒྱས་བཅས་ཕྱོགས་བཞིའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་འགོ་རྩོམ་པར་རྨང་གཞི་བཏིང་ནས། མི་དམངས་མང་ཚོགས་ཀྱི་དགའ་སྐྱིད་འཚོ་བའི་དགོས་མཁོ་རྒྱུན་མ་ཆད་པར་བསྐང་དགོས།

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བགྱི་དགོས། འབྱོར་འབྲིང་ཡིན་མིན་གྱི་གནད་འགག་མི་སེར་ལ་ཐུག་ཡོད། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། “གཙོ་གནད་ཀྱི་བྱ་བ་བདུན”ལ་མདོ་འདུ་བར་བྱེད་ཅིང་། “ཤང་བརྒྱ་སྡེ་སྟོང”གི་དཔེ་སྟོན་ལས་གཞི་ལག་བསྟར་བྱ་དགོས། ད་དུང་མུ་མཐུད་དུ་ཞིང་ཆེན་རིམ་པའི་དཔེ་སྟོན་ཚོད་ལྟའི་གནས་ཡིན་པའི་སྡེ་ར་25ལ་འདེགས་སྐྱོར་བྱ་རྒྱུ་གཏན་ལ་ཕབ་སྟེ། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་དགོས། ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་དང་། ཞིང་པའི་མཉམ་ལས་ཁང་དང་མཉམ་འབྲེལ་ཁང་། གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་དཔལ་འབྱོར་དངོས་གཞི་སྐོར་ཞིག་བསྐྲུན་དགོས། ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་ཁྲི་20བསྐྲུན་ནས། འབྲུ་རིགས་ཐོན་ནུས་ཏུན་ཁྲི་ས་ཡ་ཡན་བརྟན་སྲུང་བྱ་དགོས་པ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་“སྟོང་ཆ་གསབ་པ”ཕྱོགས་ཡོངས་ནས་མངོན་འགྱུར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ལ་དུས་རབས་གསར་པའི་གོམ་འགྲོས་དང་མཐུན་པའི་བདེ་སྐྱིད་འཚོ་བ་རོལ་ཏུ་འཇུག་དགོས།

ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་མཉམ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ས་ཆ་སོ་སོའི་སྡུར་མངོན་དགེ་མཚན་འདོན་སྤེལ་བྱས་ནས། “སྲོལ་མང་ཆིག་སྒྲིལ”བྱས་པའི་རྒྱལ་མངའ་ས་ཁོངས་ཀྱི་བར་སྟོང་འཆར་འགོད་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པ་དང་། ཚན་རིག་དང་མཐུན་པར་“ཚོད་འཛིན་ཐིག་གསུམ”གཏན་ལ་ཕབ་སྟེ། རིགས་མི་འདྲ་བའི་རྒྱུ་རྐྱེན་གཙོ་བོ་དག་ལུགས་མཐུན་གྱིས་འཁོར་རྒྱུག་དང་ཕན་མཐོའི་ངང་བསྡུ་རུབ་བྱ་དགོས། གྲོང་ཁྱེར་དུ་ཐེམ་ཐོ་འགོད་པའི་ཚད་འཛིན་ཕྱོགས་ཡོངས་ནས་མེད་པར་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐེམ་ཐོའི་གེགས་རྒྱ་མགྱོགས་མྱུར་ངང་སེལ་ཐབས་བྱེད་པ་དང་། རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་ཕྱོད་58%ཡས་མས་སུ་སླེབ་པར་བྱ་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་རྐྱེན་སྲོལ་འཛུགས་པ་དང་། དེང་རབས་མཐོ་སྒང་གི་མཛེས་ཤིང་སྐྱིད་པའི་“ཟི་ལིང་ཆེན་པོ”དང་གྲོང་ཁྱེར་གྲོང་གསེབ་གཅིག་འདོམས་ཀྱི་“མཚོ་ཤར་གསར་པ”མགྱོགས་མྱུར་ངང་འཛུགས་དགོས། མཚོ་ནུབ་ཀྱི་རིགས་སྒྱུར་འཕེལ་རྒྱས་དང་མཚོ་སྐོར་ས་ཁུལ་གྱི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་དང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་ལྗང་མདོག་གི་“གཙང་གསུམ་འབྱུང་ཡུལ”སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཆེ་ཕྱོགས་ཀྱི་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་བསྐྲུན་ནས། ཙོང་ཆུའི་གྲོག་རོང་ཁུལ་དང་ཚྭ་འདམ་གཤོང་ས་གཉིས་ལ་མཐུན་སྦྱོར་མཉམ་འགུལ་བྱེད་པར་ཤུགས་སྣོན་བརྒྱག་པ་དང་། གྲོང་ཁྱེར་དང་ཁུལ་གྱི་དགེ་མཚན་གསབ་རེས་དང་གྲོག་རོང་དང་གཤོང་ས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་དགོས།

འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་བྱ་དགོས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་ཀྱི་ལོ་གསུམ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། སྡེ་བའི་རྣམ་པ་ལེགས་སྒྱུར་དང་གད་སྙིད་བཙོག་ཆུ་གཙང་བཅོས། ཞིང་ལས་ཐོན་སྐྱེད་ཀྱི་སྙིགས་རོ་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་པ་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱ་དགོས། “སྤྱོད་ཁང་གསར་བརྗེའི”ལོ་གསུམ་འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་། ཁོངས་ཡོངས་སུ་སྙིགས་མེད་གསར་སྐྲུན་གྱི་ཚོད་ལྟའི་གནས་སྤེལ་བར་རྒྱབ་སྐྱོར་བྱ་དགོས་པ་དང་། ཁྱད་ཆོས་མངོན་པར་གསལ་བའི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་མཐོར་འདེགས་ལ་སྐུལ་འདེད་གཏང་དགོས། མཁར་གྲོང་གི་འཚོ་བའི་གད་སྙིགས་བཙན་དྲག་གིས་རིགས་བཀར་ནས་གཙང་སེལ་བྱེད་དུ་འཇུག་པ་དང་། ཆར་ཆུ་དང་བཙོག་ཆུ་རང་སར་བཞུར་བའི་སྦུག་དྲ་སྒྱུར་བཀོད་དང་གད་སྙིགས་མེར་སྲེག་པ། བཙོག་ཆུ་གཙང་གསིང་བྱེད་པ་སོགས་ཀྱི་ལས་གྲྭ་སྐུལ་སྤེལ་བྱས་ནས། སྤུས་ཀ་ལེགས་ཤིང་མཛེས་ཆ་དོད་པའི་འཆམ་མཐུན་གྱི་ཁྱིམ་གཞིས་བསྐྲུན་དགོས།

(གཉིས) བློ་ཐག་རྦད་ཆོད་ཀྱིས་འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་དགོས། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ནི་མཁར་སྒོ་གཏོར་བ་དང་བཙན་རྫོང་ལེན་པའི་གནད་འགག་གི་དུས་སུ་བབས་ཡོད་པས། ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་ལ་གཞོལ་ཅིང་། དཀའ་ཉེན་ཇི་ལྟར་ཆེའང་མདུན་སྐྱོད་ཀྱི་གོམ་མཚམས་མི་འཇོག་པར། སྟོབས་ཤུགས་ཡོད་དགུས་མདུན་དུ་མཆོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས།

དབུལ་སྒྲོལ་འགག་གཏོར་གྱི་གཡུལ་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས། “མི་ཕུད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། འགག་གཏོར་གྱི་ཉམས་མི་འཆོལ་ཞིང་འགག་གཏོར་གྱི་འགན་མི་ཤོར་བར་མེ་ཏོག་གཙག་པ་ལྟ་བུའི་ཞིབ་ཚགས་ལ་འབད་པ་དང་། “ཚེམ་རྒྱག་མིག་འབྱེད”ཀྱི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། “དབུལ་སྒྲོལ་གྱི་རྗེས་མཐུད་བརྟན་སྲུང་འགུལ་སྐྱོད་ཆེན་པོ་དགུ”ལག་བསྟར་བྱས་ཏེ། འགུལ་རྣམ་གྱི་ལྟ་འཇལ་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་པོར་ལོག་མ་ཐག་ནང་དུ་ལེན་ཞིང་དབུལ་ཕོངས་ལས་ཐར་མ་ཐག་ཕྱི་རུ་འཐེན་པ་རྒྱུན་འཁྱོངས་བྱ་དགོས། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་དགོས་ལ། ཡུལ་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། “གནད་ཁེལ་དབུལ་འགོག་འགན་བཅོལ”གྱི་ཚོད་ལྟའི་གནས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། བསམ་བློའི་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་དགོས་ལ། ལྟོས་བཅས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་དབུལ་སྒྲོལ་འགག་གཏོར་གྱི་གཡུལ་འཐབ་ལ་རྟིང་མ་ལེན་རྒྱུ་ཡིན་ཏེ། ཟོལ་བཅོས་རྫུན་བཟོས་ཀྱི་ཨང་ཀིའི་དབུལ་སྒྲོལ་དང་“གཞོང་མཛེས་ལས་གྲྭ”གཏན་ནས་མི་ལས།

སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམ་དགོས། ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་ལས་མཐོང་བའི་གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བྱེད་པ་དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་རེབ་གཉིས་པ་སྤེལ་དགོས། བློ་ཐག་རྦད་ཆོད་ཀྱིས་གནམ་སྔོན་པོ་སྲུང་སྐྱོབ་གཡུལ་འཐབ་ལ་རྒྱལ་ཁ་ལེན་དགོས་ཤིང་། གྲོང་ཁྱེར་གྱི་ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་དང་། བཙོད་འབུད་མང་བའི་རླངས་འཁོར་བཀོལ་སྤྱོད་ཚད་འཛིན་ལམ་ལུགས་ནན་སྐྱོང་བྱེད་པ་དང་། སྟོན་དགུན་གྱི་མཁའ་དབུགས་སྦགས་བཙོག་འགོག་བཅོས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་འགག་གཏོར་ལག་བསྟར་བྱ་དགོས། ཆུ་དྭངས་མོ་དང་ས་གཙང་མ་སྲུང་སྐྱོབ་ཀྱི་གཡུལ་འཐབ་ལེགས་པོར་བཤམ་པ་དང་། ཆུ་དཔོན་མཚོ་དཔོན་གྱི་བྱ་བའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཆུ་དང་མཚོའི་“རྫོབ་བཞི་གཙང་སེལ”ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། མཚོ་སྔོན་པོ་དང་ཙོང་ཆུ་སོགས་ཀྱི་ཆུའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་གཏིང་ཟབ་བྱ་དགོས་ལ། མགྱོགས་མྱུར་ངང་ལོ་རྒྱུས་སྟེང་ལུས་པའི་སྦགས་བཙོག་ས་ཆ་སླར་གསོ་དང་ཉེན་ཁ་ལྟ་སྡོམ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་དང་ཆུ་དང་ས་གཤིན་གྱི་སྤུས་ཚད་གོམ་ཁ་བརྟན་པོར་མཐོར་འདེགས་སུ་བཏང་ནས། རི་ལྗང་ཆུ་དྭངས་མཚོ་མཛེས་དེ་མཚོ་སྔོན་གྱི་མངོན་པར་གསལ་བའི་རྟགས་མཚན་དུ་བསྒྱུར་དགོས།

ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་ཐབས་བྱ་དགོས། སྲིད་གཞུང་གི་བུ་ལོན་གཞི་ཁྱོན་གྱི་སྔོན་རྩིས་དང་བཅད་གྲངས་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བུན་ལེན་ཐབས་ལམ་དང་མ་དངུལ་སྤྱོད་སྒོ་ལ་ཁྲིམས་ལྟར་གཟབ་ནན་གྱིས་ཚད་བཀག་བྱས་ཏེ། མངོན་མེད་བུ་ལོན་གྱི་གྲངས་ཚད་འཕར་བ་གཏན་འགོག་དང་གསོག་གྲངས་རིམ་གྱིས་སེལ་ཐབས་བྱ་དགོས། ཁེ་ལས་དོ་དམ་གྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་ཁྲིམས་ལྟར་བུ་ལོན་ཉེན་ཁ་སེལ་བ། རྐང་དབང་གྲུབ་ཚུལ་སྙོམས་སྒྲིག་ལེགས་བསྒྱུར་བྱེད་པ། རྒྱལ་དབང་མ་རྩའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་བཅས་ལ་འབད་པ་བྱ་དགོས་ཤིང་། ཚྭ་མཚོའི་མ་རྐང་ཁྲིམས་འཛིན་གྱིས་བསྐྱར་སྒྲིག་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་འགྲུབ་དགོས་པ་དང་། ཟི་ལིང་རྣོ་ལྕགས་ཚོགས་པའིི་ལོ་གསུམ་བཅོས་སྒྱུར་དཀའ་སེལ་དམིགས་འབེན་ལེགས་འགྲུབ་བྱ་དགོས། བརྟན་བརླིང་ཁག་ཐེག་ཐུབ་པའི་སྔོན་འགྲོའི་འོག་ཏུ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཐབས་ཤེས་བེད་སྤྱད་དེ་ཞིང་ཆེན་མ་དངུལ་གཏོང་འཇོག་ཀུང་སིའི་བསགས་བསྡོམས་བུ་ལོན་སེལ་ཐབས་བྱ་དགོས། མ་དངུལ་གཏོང་འཇོག་དང་བསྡུ་རུབ་ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བྱ་དགོས། རྒྱལ་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ནང་སྒྱུར་སྤོ་བྱེད་པའི་བྱ་བ་ཕལ་ཆེར་འགྲུབ་དགོས་པ་དང་། རྒན་གསོའི་ཐེབས་རྩའི“ཞབས་རྡོལ་བའི”ཉེན་ཁ་འགོག་ཟོན་བྱ་དགོས། ཁྲིམས་འགལ་གྱི་P2Pདྲ་ཐོག་བུན་གཏོང་དང་དངུལ་རྩའི་བརྒྱུད་འཚོང་། ཁྲིམས་མིན་གྱི་དངུལ་འཛིན་དུས་ཚོང་སོགས་དངུལ་རྩའི་བྱེད་སྒོ་ཁྲིམས་མིན་ཅན་ལ་རྡུང་རྡེག་ཚ་ནན་གཏང་དགོས། དུས་ཐོག་ཏུ་ཨ་ཆེན་གངས་རྒྱབ་ཀྱི་ཆུའི་གནོད་པ་སོགས་རང་བྱུང་གནོད་འཚེ་དང་ཉེན་ཁ་ཚབས་ཆེན་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱ་དགོས།

(གསུམ) “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་ལ་གཅིག་འདོམས་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན་ནས། ང་ཚོས་“དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན་ཧུར་ཐག་གིས་སྤེལ་ཏེ། ཐོག་མའི་ཆ་ནས་གྲུབ་འབྲས་ཐོབ་ཡོད། གོ་རིམ་རྗེས་མར་གསར་སྐྲུན་ལ་བརྟེན་ནས་མཐོར་འདེགས་ཡོང་བར་སྐུལ་བ་དང་། དཔེ་སྟོན་ལ་བརྟེན་ནས་འཕེལ་རྒྱས་སྐུལ་ཁྲིད་བྱས་ཏེ། མཉམ་བསྡུས་སྒོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་རྣམ་པ་དང་དགེ་མཚན་ཆགས་སུ་འཇུག་དགོས།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་འཕྲིན་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་པ་བྱས་ཏེ། རྩོལ་ནུས་བཀོད་སྒྲིག་ལེགས་སྒྱུར་དང་དོ་དམ་ལམ་སྲོལ་འཛུགས་སྐྱོང་། མ་དངུལ་འགན་སྲུང་སྟོབས་ལྡན། ཚན་རིག་དང་མཐུན་པའི་བདག་སྐྱོང་ལག་བསྟར། མཉམ་སྐྲུན་མཉམ་སྤྱོད་མངོན་འགྱུར་བཅས་ཕྱོགས་ལྔ་ནས་སྔོན་དུ་འཚོལ་ཞིབ་བྱེད་པ་དང་། མུ་མཐུད་དུ་སྐྱེ་ཁམས་རིན་ཐང་སྲུང་འཛིན་དང་འཕར་སྣོན་ཐུབ་པ་མངོན་འགྱུར་བྱས་ཏེ། རང་བྱུང་སྐྱེ་ཁམས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས། རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་གྱི་ཚོད་ལྟའི་གནས་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པར་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་བར་ཆ་རྐྱེན་བསྐྲུན་དགོས་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་འཆར་འགོད་བསྒྲིགས་ནས། ཁྱད་ཆོས་མངོན་པར་གསལ་བའི་རྒྱལ་ཁབ་སྤྱི་གླིང་སྐོར་ཚོགས་འཛུགས་སྐྱོང་བྱ་དགོས། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་སྤེལ་ནས། གླེང་སྟེགས་དེ་རྐྱེན་སྲོལ་རང་བཞིན་གྱིས་མཚོ་སྔོན་དུ་གཞི་ཚུགས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོའི་ཤེས་རབ་གཅིག་ཏུ་བསྡུས་ནས། དཔུང་རྡང་མཉམ་སྦྲེལ་གྱིས་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འབྱུང་འགྱུར་ལེགས་པོ་བསྐྲུན་དགོས།

རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། “གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་པ་བྱེད་ཅིང་། “མཚོ་སྔོན་གྱི་གློག་ཧོ་ནན་དུ་འདྲེན་པའི”ལས་གྲྭ་དང་སྟོང་ཝ་བྱེ་བ་ཅན་གྱི་ནུས་ཁུངས་གསར་པའི་རྟེན་གཞི་གཉིས་ལེགས་འགྲུབ་བྱ་དགོས། ཧྲན་ཏུང་དང་ཅང་སུའུ་ལ་ནུས་ཁུངས་གསར་པའི་གློག་ཤུགས་སྐྱེལ་བ་དང་། བརྒྱུད་ལམ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། སླར་སྐྱེ་བའི་ནུས་ཁུངས་དེ་གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་དུ་ཐེ་བར་སྐུལ་འདེད་གཏང་དགོས། དྭངས་གཙང་ནུས་ཁུངས་ཀྱིས་ཚབ་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་གྱི་རྡོ་སོལ་བཀོལ་ཚད་ཇེ་ཉུང་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ནས། དྭངས་གཙང་ནུས་ཁུངས་རང་ས་གནས་སུ་བསྡུ་སྤྱོད་བྱེད་ཚད་ཇེ་མཐོར་གཏང་དགོས་པ་དང་། “ལྗང་གློག་དམིགས་བསལ་ས་ཁུལ”མུ་མཐུད་དུ་བསྐྲུན་དགོས། “རྒྱུད་གཅིག་ལམ་གཅིག”གི་དྭངས་གཙང་ནུས་ཁོངས་ཀྱི་མཐོ་རིམ་གླེང་སྟེགས་མུ་མཐུད་དུ་ལེགས་པོར་སྤེལ་དགོས་པ་དང་། ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་བཀོད་སྒྲིག་དང་འཛུགས་སྐྲུན་བྱ་དགོས། ཆིང་ནུས་དང་ཉིང་ནུས་བེད་སྤྱོད་པའི་ལས་གཞིར་ཞིབ་འཇུག་དང་འཆར་འགོད་བྱེད་པ་དང་། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ཚ་སྐམ་བྲག་རྡོའི་ཐོན་ཁུངས་གསར་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱ་དགོས།

ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། མཐོ་སྒང་གི་ས་གཙང་བ་དང་། ཉི་འོད་མོད་པ། ནམ་ཟླ་འཁྱགས་ཤིང་སྐས་ཤས་ཆེ་བ། འབུ་ནད་ཀྱི་གནོད་པ་ཉུང་བ། སོན་རྒྱུད་བཟང་བ་སོགས་ཀྱི་རྩྭ་ཐང་ཞིང་ཚིགས་ཀྱི་བསྡུར་མངོན་དགེ་མཚན་ལ་རྒྱབ་བཅོལ་ནས། དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག་དང་ཚོང་གཉེར་མ་ལག་འཛུགས་སྐྱོང་བྱ་དགོས། སྤུས་ཀ་རྩེ་གྲས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་ཞིང་། ནས་འབྲུ་ཐོན་ལས་གླིང་སྐྲུན་པ་དང་། ཀུན་གྱིས་སྔོན་དུ་རྒྱལ་ཡོངས་ནས་ནོར་ལུག་གི་ཐོན་ཡུལ་དངོས་ཁུངས་འདེད་ཐུབ་པ་མངོན་འགྱུར་བྱ་དགོས། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དང་ཕན་འབྲས་ཇེ་མཐོར་གཏོང་བའི་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ནས། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ད་དུང་སོ་སོར་20%དང་10%ཇེ་ཉུང་དུ་གཏང་དགོས། གཟན་གསོ་འདེབས་འཛུགས་དང་ལས་སྣོན་ཐོན་སྐྱེད། སོས་ཉར་སྐྱེལ་འདྲེན་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཐོན་ལས་སྦྲེལ་རྡང་འཐུས་སྒོ་ཚང་བར་འཛུགས་དགོས། “སྐྱེ་ཁམས་དོ་མཉམ་གྱི་མཚོ་སྔོན་དང་ལྗང་མདོག་གནོད་མེད་ཀྱི་ཞིང་ཕྱུགས”ཞེས་པའི་ས་ཁོངས་ཚོང་རྟགས་སྤྱིའི་ཆ་ནས་བསྐྲུན་ཏེ། ལྗང་མདོག་དང་། སྐྱེ་ལྡན། རྩེ་གྲ། བདེ་འཇགས་བཅས་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་མིང་གི་ཚབ་མ་རུ་བསྒྱུར་དགོས།

མཐོ་སྒང་གི་མཛེས་པའི་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། མཐོ་སྒང་གི་རི་ཀླུང་དང་མི་ཆོས་ཀྱི་ལྷན་སྐྱེས་དགེ་མཚན་ལ་རྒྱབ་བཅོལ་ཞིང་། “གཏན་ཁེལ་གསུམ་དང་མཉམ་འདྲེས་བཞི”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ནས། “ཁྱུ་གཅིག་ཁུལ་གཉིས་གནས་མང”གི་འཕེལ་རྒྱས་རྣམ་པ་མགྱོགས་མྱུར་ངང་འཛུགས་སྐྱོང་བྱ་དགོས་པ་དང་། ォམཐོ་སྒང་གི་མཛེས་པའི་མཁར་གྲོང་བསྐྲུན་པར་སྐུལ་འདེད་བྱེད་པའི་སྲོལ་ཡིགサགཏན་ལ་ཕབ་ནས། མཐོ་སྒང་གི་མཛེས་པའི་མཁར་གྲོང་གི་དམིགས་ཚད་མ་ལག་འཛུགས་པ་དང་། མཐོ་སྒང་གི་མཛེས་པའི་གྲོང་རྡལ་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་གླེང་སྟེགས་སྤེལ་བར་གྲ་སྒྲིག་བྱ་དགོས། ཟི་ལིང་གིས་ཀུན་གྱི་སྔོན་དུ་ཚོད་ལྟའི་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། “གྲོང་ཁྱེར་གྱི་གསོ་གཉིས”ཚོད་ལྟའི་གནས་ཀྱི་ལས་འགན་ལེགས་འགྲུབ་བྱ་དགོས། མདོ་བའི་གྲོང་གསར་དང་ཙོང་ཆུའི་ཁུལ་གསར་སོགས་མཁར་གྲོང་གི་ཁུལ་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་གྲོང་རྡལ་ཆུང་བ་དང་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ནི་འཚོ་སྡོད་ལ་འཕྲོད་ཅིང་རྒྱུ་མང་དཀྱེལ་ཡངས་ཡིན་པའི་མཐོ་སྒང་གི་མཛེས་པའི་མཁར་གྲོང་གི་མ་དཔེ་བསྐྲུན་ཏེ། མཁར་གྲོང་དུ་ཕ་ཡུལ་གྱི་དྲན་གདུང་སེལ་ཐུབ་ཅིང་འབྱུང་འགྱུར་ལ་རེ་བ་བཅའ་ཐུབ་པ་ཞིག་བྱ་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་དགོས། མི་རིགས་མང་ཞིང་ཆོས་ལུགས་དར་བའི་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་ཚུགས་ཤིང་། མི་རིགས་སོ་སོས་“མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་སྤེལ”བྱེད་པའི་བརྗོད་སྙིང་ལ་དམིགས་ནས། བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། བདེ་འཇགས་དང་དར་སྤེལ་ལས་གྲྭར་གོམ་ཁ་བརྟན་པོའི་ངང་སྐུལ་འདེད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་། མི་རིགས་སོ་སོ་འགྲོ་འོང་དང་འབྲེལ་འདྲིས་དང་མཉམ་འདྲེས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་པ་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་སུ་འཇུག་དགོས། 《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ནས། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱག་དགོས། ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་ངོ་10འཁོར་བའི་དྲན་གསོའི་བྱེད་སྒོ་སྤེལ་དགོས། “འབྲལ་མེད་གསུམ”དང་“མོས་སེམས་ལྔ”སྔར་ལས་ལྷག་པར་ཀུན་གྱི་སེམས་གཏིང་ལ་འཇགས་སུ་བཅུག་སྟེ། མི་རིགས་སོ་སོ་སེའུ་འབྲུའི་འབྲས་བུ་བཞིན་དུ་གོང་བུ་གཅིག་ཏུ་འགྲིལ་བར་སྐུལ་མ་གཏང་དགོས།

(བཞི) “དཔལ་འབྱོར་ཆགས་སྟངས་རིགས་བཞི”ཡིས་སྣེ་ཁྲིད་པར་ཤུགས་སྣོན་བརྒྱག་དགོས། དཔལ་འབྱོར་གསར་པ་དང་ལས་རྣམ་གསར་པ་དང་སྒུལ་ནུས་གསར་པ་གསོ་སྐྱོང་དང་གོང་སྤེལ་བྱ་དགོས་ལ། གྲུབ་ཚུལ་ལེགས་སྒྱུར་ལ་སྣེ་ཁྲིད་ཅིང་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་མ་ལག་དེང་རབས་ཅན་འཛུགས་སྐྱོང་བྱ་དགོས།

སྐྱེ་ཁམས་དཔལ་འབྱོར་དར་ཞིང་རྒྱས་པར་གསོ་སྐྱོང་བྱ་དགོས། ཐོན་ལས་སྐྱེ་ཁམས་ཅན་དུ་བསྒྱུར་རྒྱུ་དང་སྐྱེ་ཁམས་ཐོན་ལས་ཅན་དུ་བསྒྱུར་རྒྱུ་དམིགས་འབེན་དུ་བཟུང་ནས། སྐྱེ་ཁམས་ནི་ཞིང་ལས་དང་བཟོ་ལས། རིག་གནས་ཡུལ་སྐོར། བདེ་གསོ་སོགས་ཀྱི་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་ཏེ། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཕྱུགས་ལས། ཀྲུང་བོད་གསོ་རིག མཐོ་སྒང་བདེ་གསོ་སོགས་ཀྱི་ཐོན་ལས་སྟོབས་ལྡན་དུ་ལེགས་སྒྱུར་བྱ་དགོས་པ་དང་། ནུས་སྲི་ཁོར་སྲུང་དང་ཐོན་སྐྱེད་དྭངས་གཙང་། ནུས་ཁུངས་དྭངས་གཙང་སོགས་ཀྱི་ཐོན་ལས་གསོ་སྐྱོང་དང་གོང་སྤེལ་བྱ་དགོས། ཟུར་སྣོན་རིན་ཐང་དང་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དགོས། སྐྱེ་ཁམས་ཕྱོགས་བསྡུས་སྐྱིན་གསབ་ཀྱི་ཚོད་ལྟའི་གནས་ཀྱི་བྱ་བར་བབ་རླིང་རིམ་ལྡན་སྒོས་སྐུལ་སྤེལ་བྱས་ནས། མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་འགན་སྲུང་ཐུབ་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་སྐྱོང་བྱ་དགོས།

འཁོར་སྐྱོད་དཔལ་འབྱོར་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས། འཁོར་སྐྱོད་དཔལ་འབྱོར་དེ་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་འདོན་ས་བྱས་ཏེ། ལྗང་མདོག་གིས་རྩད་ཞིབ་བྱས་ནས་ཐོན་ཁུངས་ཅི་ཙམ་ཡོད་པ་གསལ་ཐག་ཆོད་པོ་བྱ་དགོས་པ་དང་། ས་འོག་ཐོན་ཁུངས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པ་དང་། ས་ཐོག་ཐོན་ཁུངས་ཚན་རིག་དང་མཐུན་པར་གསར་སྤེལ་བྱ་དགོས། “འདེབས་གསོ་ཟུང་འབྲེལ་དང་། ཞིང་ཕྱུགས་གསབ་རེས། རྩྭ་ཕྱུགས་མཉམ་འགུལ། འཁོར་སྐྱོད་འཕེལ་རྒྱས”བཅས་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་ཞི་མཐུན་ཅན། སྐྱེ་ཁམས་གསོ་སྐྱོང་ཅན་གྱི་འཁོར་སྐྱོད་ཞིང་ཕྱུགས་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏང་དགོས། “ཚད་འཕྲི་ཅན་དང་། ཡང་བསྐྱར་དུ་སྤྱོད་པ། ཐོན་ཁུངས་ཅན”བཅས་རྒྱུན་འཁྱོངས་བྱེད་ཅིང་། གཙོ་གནད་ས་ཁུལ་དང་གླིང་ཁུལ་སོགས་འཁོར་སྐྱོད་ཅན་དུ་སྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། སྦྲེལ་རྡང་འཛུགས་པ་དང་གསབ་པ། སྲིང་བ། ཤུགས་ཆེན་དུ་གཏོང་བ་བཅས་ཀྱི་ལས་གཞི་སྐོར་ཞིག་གསོ་སྐྱོང་དང་ནང་འདྲེན་བྱ་དགོས། ཟད་གྲོན་ཉུང་བ་དང་བཙོག་འབུད་ཉུང་བ། ཕན་ཕྱོད་མཐོ་བ། ཐོན་ཚད་མཐོ་བའི་འཁོར་སྐྱོད་ཐོན་ལས་ཁྱུ་ཚོགས་འཛུགས་སྐྱོང་བྱས་ཏེ། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཉིས་ཆར་པ་ཆུ་གྲོགས་སུ་ཆགས་པའི་དཔལ་འབྱོར་གྲུབ་ཚུལ་དང་ཐོན་ལས་བཀོད་པ་མགྱོགས་མྱུར་ངང་འགྲུབ་པར་བྱ་དགོས།

གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས། རང་ཞིང་གི་ནམ་ཟླར་སྐམ་ཤས་ཆེ་ལ་བསིལ་ཞིང་གྲང་བ་དང་། དྭངས་གཙང་ནུས་ཁུངས་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དང་གྲངས་འཛིན་དཔལ་འབྱོར་གྱི་འཕེལ་རྒྱས་ངོམ་སའི་འཁོར་སྐྱོད་ལས་སྟེགས་འཛུགས་པ་དང་། གྲངས་འཛིན་དཔལ་འབྱོར་གོང་སྤེལ་ཚོགས་པ་སྒྲིག་འཛུགས་པ་དང་། “སྤྲིན་ཐོག་མཚོ་སྔོན”མགྱོགས་མྱུར་ངང་བསྐྲུན་དགོས། རྒྱལ་སྤྱིའི་སྦྲེལ་དྲའི་གཞི་གྲངས་ཆེད་སྤྱོད་བརྒྱུད་ལམ་དང་གཞིའི་ཤེལ་བརྙན་ཞབས་ཕྱི་འཕྲུལ་ཆས་མཚོ་སྔོན་དུ་གཞིས་ཚུགས་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཆ་འཕྲིན་ཞབས་ཕྱི་ནུས་པ་མཐོར་འདེགས་དང་། 5Gདྲ་རྒྱ་དང་རིག་ལྡན་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཟོང་སྦྲེལ་དྲ་བ་དང་སྤྲིན་རྩིས། གཞི་གྲངས་ཆེན་མོ། ཁུལ་ཚན་སྦྲེལ་རྡང་། རྩོལ་བྱུང་རིག་ནུས་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་ཁྱབ་གདལ་དང་ཉེར་སྤྱོད་བྱས་ནས། ད་ཡོད་ཀྱི་ཐོན་ལས་དང་ཁེ་ལས་དང་ཐོན་རྫས་ཧྲིལ་སྡེབ་བྱ་དགོས། རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་རར་ཟུང་འབྲེལ་བྱས་ནས། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ལས་སྦྲེལ་རྡང་གྲངས་འཛིན་ཅན་དུ་སྒྱུར་བཀོད་བྱེད་པར་ཇུས་འགོད་དང་སྐུལ་འདེད་བྱས་ནས། གྲངས་འཛིན་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ཐོན་པའི་ཆེར་སྐྱེད་དང་རྩེག་སྣོན་དང་ལྡབ་འཕར་གྱི་ཕན་ནུས་ཕྱིར་གཏང་དགོས།

ས་བརྒལ་དཔལ་འབྱོར་མཐུན་སྦྱོར་དང་མཉམ་སྐྲུན་བྱ་དགོས། རྩོལ་ནུས་ཀྱི་གནས་ངེས་ལ་རྐང་ཚུགས་ཏེ། ས་ཆ་སོ་སོའི་སྡུར་མངོན་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཐོན་ཁུངས་ལ་གཅིག་འདོམས་ཀྱིས་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ས་བརྒལ་ཐོན་ལས་ར་བ་བཙུགས་ཏེ། ལིས་ཀྱི་མཐོ་གསར་རྒྱུ་ཆ་དང་སྒྲིག་ཆས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས་སོགས་ཀྱི་ཕྱོགས་ནས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་སྐོར་ཞིག་གསོ་སྐྱོང་བྱ་དགོས། སྐུལ་ཁྲིད་རང་བཞིན་དྲག་པོ་ལྡན་པའི་གཙོ་གནད་ལས་གཞི་སྐོར་ཞིག་དང་ལེན་དང་ནང་འདྲེན་བྱས་ནས། དགེ་མཚན་གསབ་རེས་དང་མཉམ་ལས་མཉམ་རྒྱལ་ཡོང་བར་སྐུལ་དགོས། ཚོང་དང་མ་རྩ་འགུགས་པའི་སྲིད་ཇུས་ལེགས་སྒྱུར་བྱེད་པ་དང་། སྤྱི་ཁྱབ་པུའུ་དཔལ་འབྱོར་ཇུས་འགོད་བྱས་ནས་འཕེལ་རྒྱས་སུ་གཏང་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སོགས་ཀྱི་ལས་སྟེགས་ཐོན་ཁུངས་ལ་བརྟེན་ནས། ཞིང་ཆེན་ཕྱི་ནང་གི་ས་བརྒལ་དཔལ་འབྱོར་གོམ་ཁ་བརྟན་པོར་རྒྱ་བསྐྱེད་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་འཇོན་མི་དང་ལག་རྩལ་དང་ཁྲོམ་རའི་དགེ་མཚན་བེད་སྤྱད་ནས། མཚོ་སྔོན་གྱི་ཐོན་ལས་ནི་སྐས་གཡར་ནས་མཐོ་སར་འཛེགས་པ་དང་གྲུ་གཡར་ནས་རྒྱ་མཚོར་སྐྱོད་པར་སྐུལ་འདེད་གཏང་དགོས།

(ལྔ) རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དངོས་གནས་སྲ་བརྟན་དུ་བསྐྲུན་དགོས། མངག་བཅོལ་གནང་བའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། གཙོ་གཞིའི་བྱེད་ལས་ཁུལ་གྱི་འཆར་འགོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བློ་ཞིབ་མོས་སྔོ་ལྗང་དྭངས་གཙང་གི་རི་ཀླུང་ཡིད་དུ་འོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་སུ་ཡོད་པའི་ཀྲུང་གོའི་མཚོ་སྔོན་གྱི་མཛེས་རིས་འབྲི་དགོས།

“ཀྲུང་ཧྭའི་ཆུ་གཏེར”སྲུང་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་དགོས། “ཆུ་མགོའི་འགན་འཁྲི”དམ་སྲུང་བྱེད་ཅིང་། ཆུའི་ཐོན་ཁུངས་གསོ་ཚགས་རྩོལ་ནུས་བརྟན་སྲུང་དང་སྐྱེ་ཁམས་མ་ལག་གི་རྩོལ་ནུས་མཐོར་འདེགས་སོགས་ཁྱབ་ཁོངས་ཆེན་པོའི་ལྔའི་སྐྱེ་ཁམས་ལས་གྲྭ་གལ་ཆེན་25ལག་བསྟར་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་གྲུབ་འབྲས་ཕབ་སྒྱུར་ཐེངས་གཉིས་པར་མུ་མཐུད་དུ་སྐུལ་སྤེལ་བྱ་དགོས། གཙང་པོའི་མགོ་ཁུངས་དངོས་མར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་བར་སྟོང་ལ་དོ་དམ་ཚོད་འཛིན་ནན་ཏན་བགྱིས་ནས། བཞུར་ཚད་འགན་སྲུང་དང་ཆུ་རྒྱུ་འགན་སྲུང་ཐུབ་པ་ཧུར་ཐག་གིས་མངོན་འགྱུར་བྱེད་ཅིང་། སྟོབས་ཤུགས་ཡོད་དགུས་ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོང་གི་གདུབ་གསུམ་བང་རིམ་འཛུགས་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་ཅན་སྔར་བས་མང་པོ་འདོན་སྤྲོད་བྱ་དགོས། ཅི་ནུས་ཀྱིས་ཆུ་གཏེར་བརྟན་སྲུང་དང་། ཆུ་གཏེར་གྱིས་རྒྱལ་ཡོངས་ལ་ཕན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་གསོ་ཚགས་གང་ལེགས་བགྱི་དགོས།

“གླིང་སྣེ་སྲུང་སྐྱོང”ལས་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། སེམས་ཁུར་དང་ཤེས་རྟོགས། གདོང་གཏད། སྲུང་སྐྱོང་། རྒྱུན་མཐུད་འཕེལ་རྒྱས་བཅས་དམིགས་འབེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་དང་རི་ཀླུང་མི་ཆོས་ཀྱི་ཤུགས་རྐྱེན། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་ཐད་ནས་ཕྱོགས་མང་མཉམ་ལས་བྱེད་པར་མཉམ་དུ་སྐུལ་འདེད་དང་། གླིང་སྣེ་སྲུང་སྐྱོང་མཉམ་འགུལ་བྱེད་པར་སྐུལ་འདེད་གཏང་དགོས། “སའི་གོ་ལའི་སྐུ་སྲུང་བྱ་དགའ”རེ་ཞུ་བྱེད་པར་རྩ་འཛུགས་དང་། “དྲུག་པའི་ཚེས་ལྔ་འཛམ་གླིང་ཁོར་ཡུག་ཉིན་མོའི”རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལེགས་པོར་བསྒྲུབ་དགོས། རྒྱལ་ཁབ་གནམ་གཤིས་ཅུས་དང་མཉམ་དུ་ལག་རྡང་སྦྲེལ་ཏེ་ཀྲུང་གོའི་གནམ་གཤིས་གཞི་གྲངས་ཆེན་མོའི་མཚོ་སྔོན་ཡན་ལག་ལྟེ་གནས་འཛུགས་དགོས་པ་དང་། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་རི་མཐོའི་དབུ་ཚོགས་སྤེལ་རྒྱུ་ཧུར་ཐག་གིས་ཡར་ཞུ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱ་དགོས།

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱ་དགོས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་གཏན་ལ་ཕབ་སྟེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་བྱ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ལ་དཔྱད་འཇོག་དང་ལེགས་སྒྲིག་བྱས་ཚར་དགོས། ཞིང་ཆེན་ཡོངས་ལ་ཁེབས་པའི་“གནམ་ས”གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་འཇལ་དྲ་རྒྱའི་མ་ལག་འཛུགས་སྐྱོང་བྱ་དགོས། རི་ཆུ་ནགས་ཞིང་མཚོ་སྤང་གི་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་དང་། གཙང་གསུམ་འབྱུང་ཡུལ་གྱི་ལས་སྐབས་གཉིས་པ་དང་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་། ཕྱུགས་བསྐྱུར་རྩྭ་གསོ། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། “བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན། རྩྭ་ཐང་སྐྱེ་ཁམས་སླར་གསོ། བརླན་ས་སྲུང་སྐྱོང་། ས་ཆུ་སྲུང་འཛིན་སོགས་ཀྱི་གཙོ་གནད་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱ་དགོས། གཞི་ཁྱོན་ཆེན་པོའི་རྒྱལ་མངའ་ས་ཁོངས་ལྗང་སྒྱུར་བྱེད་པ་མུ་མཐུད་དུ་སྤེལ་བ་དང་། མྱ་ངམ་ཐང་དང་བྱེ་རྡོ་ཐང་དང་ས་ནག་ཐང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས་ཤིང་། ས་རྒྱུའི་གནོད་འཚེ་བཅོས་སྐྱོང་དང་གཏེར་རི་ས་རྒྱུའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྔོ་ལྗང་གཉིས་ཀྱིས་ཟིན་པའི་བར་སྟོང་སྡུར་ཚད་རྒྱུན་མི་ཆད་པར་ཇེ་མཐོར་གཏང་དགོས།

(དྲུག)རྨ་འབྲིའི་རྒྱལ་ཁབ་འཐབ་ཇུས་ནང་གཏིང་ཟབ་ཏུ་འདྲེས་པར་བྱ་དགོས། “ཆུ་མགོའི་འགན་འཁྲི”དང་“གཞུང་རྒྱུན་འགན་འཁུར”མཐའ་གཅིག་ཏུ་ཕྲག་ཏུ་བླངས་ཏེ། ཐུན་མོང་ནས་སྲུང་སྐྱོང་ཆེན་པོ་དམ་འཛིན་དང་མཉམ་སྒྲུབ་ཀྱིས་བཅོས་སྐྱོང་ཆེན་པོོོར་སྐུལ་འདེད་བྱས་ནས། རྨ་ཆུ་དང་འབྲི་ཆུའི་ཆུ་རྒྱུན་གཙང་མ་དལ་གྱིས་འབབ་པར་སོ་བ་བསྲུང་དགོས།

ཆུ་མགོ་གསོ་ཚགས་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱག་དགོས། འབབ་རྒྱུད་ཀྱི་སྟོད་སྨད་དང་བཞུར་རྒྱུན་གྱི་གཞུང་ལག ཆུ་ངོགས་གཡས་གཡོན་བཅས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོོ། རྨ་ཆུ་འབབ་ཡུལ་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་བཅོས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། འབྲི་ཆུ་འབབ་ཡུལ་གྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོང་ཁུལ་4ལ་སྲུང་སྐྱོང་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཙོང་ཆུར་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་པའི་ཚོད་ལྟའི་གནས་ལ་སྐུལ་འདེད་བཏང་ནས། ཆུ་མགོའི་གསོ་ཚགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན། ས་ཆུ་སྲུང་འཛིན་སོགས་ཀྱི་ཞབས་ཕྱིའི་རྩོལ་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས། ཆུ་གྲོན་ཆུང་བྱེད་པ་སྔོན་དུ་འགྲོ་བ་དང་ཆུ་ཕྱིར་གཙང་པོར་འདྲེན་པ་རྒྱུན་འཁྱོངས་བྱས་ནས། ཆུ་ལམ་དང་གྲམ་པའི་ཕྱོགས་བསྡུས་མཐོར་འདེགས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱ་དགོས། ཆུའི་ཐོན་ཁུངས་ཀྱི་ཟད་གྲོན་སྤྱི་གྲངས་དང་དྲག་ཚད་གཉིས་ཀར་ཚོད་འཛིན་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ཆུ་བཀོལ་སྟངས་དེ་ཞིབ་ཚགས་མིན་པ་ནས་གྲོན་ཆུང་ཅན་དང་ཞིབ་བསྡུས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས།

འབབ་ཡུལ་སྤུས་ཚད་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཆུའི་ཐོན་ཁུངས་ཡུལ་དུས་སུ་ཁྱབ་ཚུལ་དོ་མི་མཉམ་པའི་འགལ་བ་སེལ་རྒྱུར་དམིགས་ནས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ལས་གྲྭ་མགྱོགས་མྱུར་གྱིས་ལག་བསྟར་བྱ་དགོས་པ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པའི་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་ཧུར་ཐག་གིས་སྐུལ་དགོས། གུང་ཧོ་གཤོང་ས་དང་ཕྱི་མཐའི་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་པ་དང་འབྲི་ཆུ་ཚ་འདམ་དུ་འདྲེན་པ་སོགས་ཀྱི་ལས་གཞིའི་དུས་མགོའི་བྱ་བ་འགྲོས་མཉམ་ངང་སྐུལ་སྤེལ་བྱ་དགོས་པ་དང་། ཙོང་ཆུའི་མ་ཡུར་བྱང་མའི་ལས་སྐབས་དང་པོའི་ཞིང་ཚིགས་ལེ་ལག་ལས་གྲྭ་དང་རྨ་ཆུའི་ཆུ་མཛོད་ཆེན་པོ་བཞིའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་བསྐྲུན་ནས་འགྲུབ་དགོས། ཆུའི་ཚད་ལ་གཞིགས་ནས་གཏན་ཁེལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས་པ་དང་། མི་འབོར་དང་གྲོང་ཁྱེར་དང་ཐོན་ལས་བཅས་ཀྱི་འཕེལ་རྒྱས་ལ་འཆར་འགོད་ལུགས་མཐུན་བྱ་དགོས། གང་ལ་གང་འཚམ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་བཟང་གཤིས་ཀྱིས་མཉམ་འགུལ་བྱེད་པར་སྐུལ་འདེད་གཏང་དགོས། རྨ་ཆུ་འབབ་ཡུལ་གྱི་ཞིང་ཆེན་དང་ལྗོངས་ལ་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཅིང་། ཟི་ལིང་ནས་མཚོ་ཤར་གྱི་གྲོང་ཁྱེར་མུ་ཁྱུད་ཀྱི་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་ལེགས་སྒྱུར་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་འདྲེན་བྱེད་ནུས་པའི་འཕར་སྣེ་གལ་ཆེན་བསྐྲུན་དགོས།

རི་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་དགོས། ཙོང་ཆུའི་རིག་གནས་དང་རྨ་ཡུལ་རིག་གནས། ཁུ་ནུའི་རིག་གནས་བཅས་ཀྱི་ཟབ་རྒྱས་ནང་དོན་དང་དུས་རབས་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་མགོ་ལོག་གི་གེ་སར་དང་ཡུལ་ཤུལ་གྱི་ཁམས་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་དངོས་བཤེར་ཁུལ་མགྱོགས་མྱུར་གྱིས་བསྐྲུན་དགོས། རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མཁར་གྲོང་ཆུང་བ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། རྨ་འབྲིའི་སྐྱེ་ཁམས་རིག་གནས་རྒྱུད་བསྐྲུན་དགོས། “ཁུངས་འདེད་རིག་གནས་ཀྱི་འགྲུལ་ལམ”སོགས་ལས་རྣམ་གསར་པ་འཕེལ་རྒྱས་སུ་གཏོང་བ་དང་། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གྱི་ཆེད་དམིགས་འཆར་འགོད་གཏན་ལ་དབབ་དགོས། རྨ་ཆུའི་རིག་གནས་ཤུལ་བཞག་ལ་མ་ལག་ཚང་བའི་སྲུང་སྐྱོབ་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ་དང་། ཙོང་ཆུའི་རིག་གནས་སྒྱུ་རྩལ་དུས་སྟོན་སྤེལ་དགོས་ལ། ལོ་རྒྱུས་རིག་གནས་ཀྱི་རྒྱུན་མཐུད་ཅིང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་ནས། ཀྲུང་གོའི་ཕུགས་འདུན་ལས་མཚོ་སྔོན་གྱི་ལེའུ་རྩོམ་པའི་སྟོབས་ཤུགས་རབ་ཏུ་འཕེལ་བར་བྱ་དགོས།

(བདུན) སྟོབས་ཤུགས་ཡོད་དགུས་དཔལ་འབྱོར་བརྟན་བརླིང་ངང་འཕར་བ་སྲུང་འཛིན་བྱ་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་ཆབས་ཅིག་ཏུ། ཤུགས་བསྒྲིམས་ནས་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་བཏང་སྟེ། དཔལ་འབྱོར་བརྟན་བརླིང་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་སྟོབས་དང་ལྡན་པ་འདོན་སྤྲོད་བྱ་དགོས།

བཟོ་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་ཕྱོད་ཇེ་མཐོར་གཏོང་བར་སྐུལ་འདེད་བྱ་དགོས། “འདོར་གཅོག་གསབ་གསུམ”གྱི་གྲུབ་འབྲས་ཀྱི་བརྟན་སྲུང་བྱས་ཐོག ལོ་རེའི་ཐོན་ཚད་ཏུན་ཁྲི་30མན་གྱི་རྡོ་སོལ་གཏེར་ཁུངས་རྣམས་རིགས་དབྱེ་ནས་ཐག་གཅོད་དགོས་པ་དང་། གཙོ་གནད་ཁེ་ལས་ལ་གན་རྒྱ་ལྟར་རང་བྱུང་སོལ་རླངས་འདོན་ཚད་མཐུན་སྦྱོར་ངང་ཁ་སྣོན་བརྒྱག་དགོས། “གཞུང་ལམ་ནས་ལྕགས་ལམ་དུ་བསྒྱུར་བ”ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། གློག་ཤུགས་ཐད་ཀར་ཉོ་ཚོང་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། སྲོག་མེད་ཁེ་ལས་ཀྱི་གཙང་བྲིན་ལས་འགན་འགྲུབ་པར་བྱ་དགོས། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་མདོག་ལྡན་ལྕགས་བཞུ། ནུས་ཁུངས་ཀྱི་རྫས་འགྱུར་བཟོ་ལས། ཁྱད་ལྡན་གྱི་ཡང་བའི་བཟོ་ལས་སོགས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོར་འདེགས་བྱེད་པ་དང་། ནུས་ཁུངས་གསར་དང་རྒྱུ་ཆ་གསར་པ། ཆ་འཕྲིན་ལག་རྩལ། སྐྱེ་དངོས་སྨན་རྫས་སོགས་གསར་དར་ཐོན་ལས་དར་ཞིང་རྒྱས་པར་གསོ་སྐྱོང་བྱ་དགོས། སོལ་བཟོས་ཞཱི་ཐིང་ཏུན་ཁྲི་60དང་གློག་སྨན་རིམ་པའི་ཐཱན་སྐྱུར་ལིས་ཏུན་ཁྲི་2དང་། སྒུལ་ཤུགས་དང་ནུས་གསོག་གློག་སྨན་གྱི་བར་སྐྱི་སོགས་ཀྱི་ལས་གཞིར་སྟོབས་ཤུགས་ཡོད་དགུས་སྐུལ་འདེད་གཏང་དགོས་ལ། དབྱིབས་འགྱུར་རྨེ་བསྲེས་ལྕགས། ཐའེ་བསྲེས་ལྕགས། ཐཱན་ཚི་སྣ། སྨར་ཚད་མཐོ་བའི་དབྱང་འགྱུར་རྨེ་སོགས་རྒྱུ་ཆ་གསར་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། ཁེ་ལས་ཀྱིས་ཐོན་རྫས་ཀྱི་རིགས་སྣ་ཇེ་མང་དང་རྒྱུ་སྤུས་ཇེ་བཟང་། ལེ་ལག་ཇེ་སྟོབས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཐོན་ལས་སྦྲེལ་རྡང་རིང་དུ་བསྲིངས་པ་དང་། གསར་གཏོད་སྦྲེལ་རྡང་གསོ་སྐྱོང་བྱེད་པ། མཁོ་སྤྲོད་སྦྲེལ་རྡང་འཐུས་ཚང་དུ་གཏོང་བ། རིན་ཐང་སྦྲེལ་རྡང་མཐོར་འདེགས་སུ་གཏོང་བ་བཅས་བརྒྱུད། ཐོན་ལས་རྣམས་འབྲིང་གྲས་དང་རྩེ་གྲས་སུ་འཕགས་པར་སྐུལ་དགོས།

མཛད་སྤྱོད་ཀྱི་ཤོང་རྒྱ་སྐྱེད་ཅིང་རིམ་པ་སྤར་བར་སྐུལ་འདེད་གཏང་དགོས། དངོས་གཞིའི་སིལ་ཚོང་གསར་གཏོད་རིགས་སྒྱུར་བྱེད་པ་དང་ཞིང་ཚོང་ཁྲོམ་ར་གལ་ཆེན་དག་རིམ་སྤར་སྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་གཏང་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕན་ཕྱོད་མཐོ་བའི་སྡེབ་སྐྱེལ་ཆེད་དམིགས་འགུལ་སྐྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། མཚན་མོའི་དཔལ་འབྱོར་ལ་བཀྲག་མདངས་འཚེར་བ་དང་། གུང་གསེང་དཔལ་འབྱོར་ལ་འཁྲུག་ཆ་དོད་པ། ཚོགས་འགྲེམ་དཔལ་འབྱོར་ལ་འཕེལ་རྒྱས་ཡོད་པ་བྱས་ཏེ། སྤུས་ཀ་ཁྱད་དུ་འཕགས་པའི་རྐང་ཐང་ཁྲོམ་ལམ་བསྐྲུན་དགོས། གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་དང་གློག་གསོག་ཀ་ཕུར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐབས་མང་མཉམ་བཀོལ་གྱིས་བཅོས་སྣུམ་དང་རླངས་འཁོར་སོགས་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་སྤེལ་བྱ་དགོས། ཁྱིམ་ལས་ཞབས་ཕྱི་དང་ལུས་རྩལ་ལུས་སྦྱོང་། མགྱོགས་ཟས་སྡེབ་སྐྱེལ། འཛད་སྤྱོད་ཉམས་ལེན་ཅན་སོགས་དེང་རབས་ཞབས་ཕྱིའི་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། མངག་བཀོད་འཛད་སྤྱོད། རིག་ནུས་འཛད་སྤྱོད། ཆ་འཕྲིན་འཛད་སྤྱོད། གློག་རྡུལ་ཚོང་བའི་ཐད་གཏོང་སོགས་ཀྱི་ཚོང་ལས་མ་དཔེ་གསར་པ་སྐྱེད་སྲིང་བྱ་དགོས།

རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། གྲོང་གསེབ་ཡུལ་སྐོར་དང་གསར་བརྗེ་ཡུལ་སྐོར། དགུན་དཔྱིད་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཡུལ་སྐོར་མཛེས་ལྗོངས་སོ་སོ་སྟར་དུ་བརྒྱུས་ཏེ། སྤུས་ལེགས་པའི་ཡུལ་སྐོར་ལམ་ཐིག་རིང་དུ་སྲིང་ཞིང་ཡངས་པོར་རྒྱ་བསྐྱེད་དེ། ཡུལ་སྐོར་སྤྱིའི་ཡོང་འབབ་20%ཡས་མས་འཕར་བ་སྲུང་འཛིན་བྱ་དགོས། ཞོན་ཧྭ་ཟ་ལར་གྱི་ཆུ་ཁའི་གྲོང་རྡལ། རྩེ་ཁོག་གི་ཧོར་མཛེས་ལྗོངས་ཁུལ། ཞིན་ཧེ་རྫོང་གི་ཐང་བོད་གནའ་ལམ་མཛེས་ལྗོངས་ཁུལ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཅན་གྱི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་བསྟོད་སྐུལ་དང་ཁྲིད་སྟོན་བྱ་དགོས། རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཚོགས་ཆེན་དང་རྒྱལ་ཡོངས་ཀྱི་རིག་གནས་འཛད་སྤྱོད་བྱ་བའི་ཡུལ་དངོས་ཚོགས་འདུ་སྒྲུབ་གཉེར་བྱ་དགོས། གཙོ་གནད་ལྗོངས་ཁུལ་གྱི་སྲུང་སྐྱོང་དང་བེད་སྤྱོད་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་མཉམ་འདྲེས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཉམས་ལེན་དང་སྐྱེ་ཁམས་ཤེས་རྟོགས། སྐྱེ་ཁམས་སློབ་གསོ་སོགས་ཀྱི་ཡུལ་སྐོར་འགྲོ་སྟངས་འཚོལ་ཞིབ་བྱ་དགོས།

ནུས་ལྡན་གྱི་མ་དངུལ་གཏོང་འཇོག་དངོས་གནས་ཇེ་མང་དུ་གཏང་དགོས། གཙོ་གནད་ལས་གཞིི་མྱུར་བར་འགག་གཏོར་གྱི་འགུལ་སྐྱོད་མུ་མཐུད་དུ་ལག་བསྟར་བྱས་ནས། ཟི་ཁྲིན་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པ། གུང་ཧོ་གནམ་གྲུ་ཐང་སོགས་གཙོ་གནད་ལས་གྲྭ་སྐྲུན་པའི་འགོ་རྩོམ་པ་དང་། ཡུལ་ཤུལ་གནམ་གྲུ་ཐང་གི་སྒྱུར་བཀོད་རྒྱས་སྐྲུན་དང་ལ་ཟེ་བ་ཆུ་མཛོད་ཀྱི་འཕྲུལ་ཆས་ཤོང་ཚད་རྒྱ་བསྐྱེད། མྱུར་སྐྱོད་གཞུང་ལམ། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་སོགས་གཙོ་གནད་ལས་གཞིར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། མཐོ་སྒང་གི་སྒྲིག་ཆས་ལ་ནུས་ཕྱོད་ཚད་ལེན་གྱི་ཚོད་ལྟ་བྱེད་གནས་འཛུགས་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་བཟོ་སྐྲུན་དང་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཀྱི་ནུས་ཕྱོད་དོ་དམ་ལ་ལག་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། ཟི་ཆབ་ལྕགས་ལམ་དང་གོར་ཁྲིན་ལྕགས་ལམ། མཚོ་སྔོན་པོའི་མཁར་བར་འཁོར་ལམ་འགྲིམ་འགྲིལ་སོགས་ཀྱི་དུས་མགོ་བྱ་བ་བསྒྲུབ་དགོས། དམག་དམངས་མཐུན་འདྲེས་ངང་སྤུས་ཚད་མཐོན་པོར་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་ཅིང་། འབྲེལ་མཐུད་ཞབས་ཕྱི་ཟབ་སྤེལ་དང་། ཐོན་ལས་དར་ཞིང་རྒྱས་པར་སྤེལ་ནས། དམག་དམངས་མཐུན་འདྲེས་ཀྱི་རྟིང་ཤུགས་ཇེ་དྲག་ཏུ་གཏང་དགོས།

ཕྱི་ཚོང་བརྟན་བརླིང་ངང་འཕར་སྣོན་ཡོང་བར་སྐུལ་མ་ཅི་ནུས་གཏང་དགོས། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་མཚོ་ཤར་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྲུབ་ནས་ལོ་འཁོར་ནང་འགག་བསྡམས་འཁོར་སྐྱོད་ཐུབ་པར་བརྩོན་དགོས། མཚོ་སྔོན་གྱི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་པར་ཧུར་ཐག་གིས་ཞིབ་འཇུག་དང་རེ་ཞུ་བྱ་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་རྒྱལ་ཕྱིའི་མཛོད་ཁང་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ལཱིན་སྐྱུར་ལྕགས་ལིས་དང་འཕང་འབྲས། སྟར་བུ། ཆུ་འཁྱགས་ཉ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འདྲེན་བྱེད་པར་སྐུལ་མ་བཏང་སྟེ། ཐོན་ལས་སྣ་འདུས་ཀྱི་དགེ་མཚན་དེ་ཕྱིར་འཚོང་འགྲན་རྩོད་ཀྱི་དགེ་མཚན་དུ་བསྒྱུར་དགོས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་ཚད་བསྡུར་ནས་“སྒེའུ་ཁུང་སྣ་གཅིག”འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་འགག་བདེ་བླག་ངང་བརྒྱུད་ཐུབ་པའི་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏང་དགོས།

(བརྒྱད) བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་གཏིང་ཟབ་ཏུ་སྤེལ་དགོས། གསར་གཏོད་གོང་སྤེལ་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་སྒུལ་འཁོར་གཉིས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ། མཉེན་ཆ་ཇེ་ལེགས་དང་གསོན་ཤུགས་ཇེ་རྒྱས་སུ་བཏང་ནས། དཔལ་འབྱོར་སྤྱི་ཁོག་གི་འགྲན་རྩོད་ནུས་པ་ཇེ་ཆེར་གཏང་དགོས།

ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱ་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་སྲོལ་ཡིག་དོན་འཁྱོལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་ལོ་ཞེས་པའི་བྱེད་སྒོ་སྤེལ་བ་དང་། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཅིང་ཁྱབ་ཆེན་པོར་སྐུལ་འདེད་གཏང་དགོས། སྲིད་འཛིན་ཆོག་མཆན་གྱི་གནོན་ཤུགས་མུ་མཐུད་དུ་འཕྲི་བ་དང་། “འཛིན་དཔང་དབྱེ་ཕྲལ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས། “དྲ་གཅིག་ཡོངས་སྒྲུབ་དང་དོན་གཅིག་ཀུན་སྒྲུབ”ཀྱི་སྲིད་དོན་ཞབས་ཕྱིའི་མ་ལག་མགྱོགས་པོར་འཛུགས་སྐྱོང་བྱ་དགོས་ལ། སྲིད་དོན་ཞབས་ཕྱིའི་ཐད་“བཟང་ངན་དཔྱད་འཇོག”ལམ་ལུགས་སྐུལ་སྤེལ་བྱེད་པ་དང་། མ་དངུལ་གཏོང་འཇོག་གི་“ཞིབ་མཆན་འཁྱགས་གཏོར”ལས་གྲྭ་གཏིང་ཟབ་ཏུ་སྤེལ་དགོས། མཉམ་གཤིབ་ཀྱིས་ཞིབ་མཆན་འགོད་པ་དང་། ངོ་མི་འཕྲད་པར་ཞིབ་མཆན་འགོད་པ། ལས་སྟེགས་ཀྱི་ཕྱི་ནས་ཞིབ་མཆན་མི་འགོད་པ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་དགོས། ལས་གྲྭ་འཛུགས་སྐྲུན་གྱི་ལས་གཞིར་ཞིབ་མཆན་འགོད་པ་དང་བརྟན་ནོར་ཐོ་འགོད་བྱེད་པའི་དུས་ཚོད་སྔར་བས་ཉུང་དུ་འཕྲི་དགོས་ལ། ཁེ་ལས་འཛུགས་པའི་ཐོ་འགོད་དུས་ཚོད་བསྙུངས་ཏེ་ལས་ཀའི་ཉིན་མོ་2སུ་གཏང་དགོས། སྲིད་དོན་ཡིད་རྟོན་དང་ཚོང་དོན་ཡིད་རྟོན། འཛད་སྤྱོད་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། ཁྲིམས་འཛིན་ཡིད་རྟོན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། གཞུང་དྲང་ཡིད་རྟོན་གྱི་སྲོལ་བཟང་དར་ཞིང་རྒྱས་ལ། རྟོན་མེད་སྤྱོད་ངན་ཅན་ནི་གང་དུའང་འགྲོ་ས་མེད་པར་བྱ་དགོས།

དམངས་གཉེར་དཔལ་འབྱོར་དར་ཞིང་རྒྱས་པར་སྤེལ་དགོས། འགྲན་རྩོད་དྲང་གཞག་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། རིགས་མི་འདྲ་བའི་ཁྲོམ་རའི་བྱེད་པོ་ཡོངས་ལ་ཕྱོགས་རིས་མེད་པར་མངོན་ལྐོག་གཉིས་ཀྱི་བཙན་རྫོང་ལ་ཕྱོགས་མཐའ་ཀུན་ནས་ལེབ་བཤེར་དང་རྒྱུད་རིམ་ལྡན་པར་གཙང་སེལ་བྱས་ཏེ། འགྲན་རྩོད་དྲང་བཞག་ཡིན་པའི་ཁྲོམ་རའི་ཁོར་ཡུག་དང་སྲིད་ཇུས་ཁོར་ཡུག་དང་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་པར་བརྩོན་དགོས། ཁྲལ་འཕྲི་རིན་གཅོག་གི་གྲུབ་འབྲས་བརྟན་སྲུང་དང་རྒྱ་སྐྱེད་བྱས་ནས། དོན་ངོ་མས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས། མ་རྩའི་ཁྲོམ་རའི་“ས་མཐོའི་དམར་མདངས”འགུལ་སྐྱོད་ལག་བསྟར་བྱེད་པ་དང་། དངུལ་ཁང་གིས་དངུལ་བུན་ཕྱིར་ལེན་པ་དང་དངུལ་བུན་མཚམས་གཅོད་པར་ཆེད་དམིགས་ཞིབ་བཤེར་བྱས་ནས། མ་དངུལ་བསྡུ་ཚེགས་ཆེ་བ་དང་མ་དངུལ་བསྡུ་རིན་མཐོ་བའི་གནད་དོན་དངོས་གནས་ཐག་གཅོད་བྱ་དགོས། དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་དབུ་ཚོགས་སོགས་ཀྱི་ཆིངས་འཇོག་ལས་གཞིའི་རྗེས་སྙེག་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དབུ་ཚོགས་ཀྱི་ཕན་འབྲས་ནུས་སྣང་བསྟུད་མར་ཆེ་རུ་བསྐྱེད་དེ། མགྱོགས་མྱུར་ངང་དངོས་པོའི་མ་དངུལ་གཏོང་འཇོག་ཚད་ཆགས་སུ་འཇུག་དགོས། བློ་ཉེ་སྤྱོད་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་སྐྱོང་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་དང་གནས་སྦྲེལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། བློ་གཅིག་སེམས་གཅིག་གིས་དམངས་གཉེར་ཁེ་ལས་ལ་རྒྱབ་སྐྱོར་དང་། ལྷག་བསམ་ཟོལ་མེད་ཀྱིས་དམངས་གཉེར་ཁེ་ལས་ཞབས་ཕྱི་བསྒྲུབས་ཏེ། དམངས་གཉེར་ཁེ་ལས་ལ་སེམས་བདེ་མོར་མ་དངུལ་གཏོང་འཇོག་དང་། བློ་ཞིབ་མོར་ལས་ལམ་གསར་གཏོད། བག་ཕེབས་མོར་ཡར་རྒྱས་གོང་སྤེལ་བྱེད་དུ་འཇུག་དགོས།

གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་གཏན་འབེབས་དང་དོན་འཁྱོལ་བྱས་ཏེ། “མཁོ་འདོན་གསུམ་དང་གཞིས་ལས་གཅིག”གི་ཁ་ཕྲལ་གཞན་སྤྲོད་དང་ཁེ་ལས་ཀྱིས་སྤྱི་ཚོགས་འགན་ནུས་སྒྲུབ་པ་དབྱེ་ཕྲལ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་པ་རྣམས་ལ་སྤྱི་ཚོགས་ཅན་དུ་དོ་དམ་བྱས་ནས་འགྲུབ་དགོས་ལ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་དུ་འཕེལ་རྒྱས་བར་སྟོངས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱ་དགོས། ནོར་ཁྲལ་དང་དངུལ་རྩའི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། ཞིང་ཆེན་མན་གྱི་ཁྱབ་ཁོངས་ཕྱེ་བའི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སོང་འགན་འཁུར་དབྱེ་བགོད་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། རྒྱལ་ཡོངས་ཀྱི་ཡོངས་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟའི་ཞིང་ཆེན་འཛུགས་སྐྲུན་ལ་རིམ་པ་སྤར་བར་སྐུལ་འདེད་དང་། ཞིང་སྡེའི་ཡིད་རྟོན་མ་རྐང་ལམ་ལུགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། ཞིང་སྡེའི་འགན་གཙང་ལེན་བྱས་པའི་ས་ཞིང་གི་“དབང་གསུམ་ལོགས་འཛུགས”ལམ་ལུགས་དོན་འཁྱོལ་བྱེད་པ་དང་། འགན་གཙང་ལེན་བྱས་པའི་ས་ཞིང་གི་དབང་ཆ་ངོས་བཟུང་ནས་ཐོ་འགོད་དཔང་ཡིག་སྤྲོད་པ་དང་ཐུན་མོང་རྒྱུ་ནོར་ལ་གཙང་བཤེར་དང་ཞིབ་རྩིས་ལེན་པའི་བྱ་བ་ཕྱོགས་ཡོངས་ནས་འགྲུབ་དགོས། རེབ་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་མུ་མཐུད་དུ་ལོ་30རིང་དུ་བསྲིང་བའི་སྲིད་ཇུས་ཐབས་བཀོད་བྱེ་བྲག་པ་རྣམས་ཞིབ་ཕྲའི་ངང་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ནགས་ལས་དང་རིན་གོང་དང་ཆུ་དབང་སོགས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་གཅིག་འདོམས་ངང་སྐུལ་འདེད་གཏང་དགོས།

ཕྱི་ནང་གཉིས་ལ་སྒོ་འབྱེད་ཀྱི་རྒྱ་བསྐྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཧུར་ཐག་གིས་འདྲེས་སུ་འཇུག་པ་དང་། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོ་སྐུལ་སྤེལ་བྱས་ནས་རྣམ་པ་གསར་པ་ཆགས་སུ་འཇུག་དགོས་པའི་མཛུབ་སྟོན་བསམ་འཆར་ལག་བསྟར་གཏིང་ཟབ་བྱ་དགོས། རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་གི་བརྒྱུད་ལམ་གསར་པར་གཏིང་ཟབ་ཏུ་འདྲེས་སུ་བཅུག་སྟེ། ཀྲུང་ཡོབ་དུས་གཏན་མེ་འཁོར་དང་ལྕགས་ལམ་མཚོ་ལམ་མཉམ་སྐྱེལ་གྱི་དུས་གཏན་མེ་འཁོར་རྒྱུན་ལྡན་དུ་ལས་གཉེར་བྱེད་པར་སྐུལ་འདེད་གཏང་དགོས། མཚོ་སྔོན་ཚོང་གཏམས་གྲོས་ཚོགས་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སོགས་འགྲེམ་ཚོགས་དང་འགྲན་སྡུར་རྣམས་རྒྱལ་སྤྱི་ཅན་དང་ཁྲོམ་ར་ཅན་དུ་བསྒྱུར་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་བཤམས་སྟོན་ཚོགས་འདུ་སྐབས་དང་པོར་ལེགས་པོར་སྤེལ་ཏེ། ཕྱི་ནང་གཉིས་ཀར་འབྲེལ་འདྲིས་དང་མཉམ་ལས་བྱེད་པའི་ལས་སྟེགས་གསར་པ་བསྐྲུན་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དག་ལ་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་དོན་འཁྱོལ་བྱེད་པ་དང་། ཤར་རྒྱུད་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་རྒྱ་བསྐྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་10འཁོར་བའི་འབྲེལ་ཡོད་བྱེད་སྒོ་སྤེལ་དགོས།

གསར་གཏོད་དང་འཇོན་མིའི་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། གསར་གཏོད་བྱེད་པོ་ཡིན་པའི་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “བརྒྱ་ཟུང”ལས་གྲྭ་དང་། ཚན་རྩལ་ཅན་གྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་“ལྡབ་ཉིས་འཕར”དང་“ཚན་རྩལ་གྱད་མིའུ”ཁེ་ལས་གསོ་སྐྱོང་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། འགག་རྩའི་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་ཐོད་བརྒལ་གསར་པ་ཐོབ་པར་བརྩོན་དགོས། ཀྲུང་གོ་ཚན་རིག་གླིང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་འཛུགས་པར་སྐུལ་འདེད་གཏོང་བ་དང་། གསོག་ནུས་སྔོན་ཐོན་ཅན་གྱི་རྒྱལ་ཁབ་གཙོ་གནད་དངོས་བཤེར་ཁང་འཛུགས་པའི་སྟ་གོན་བྱ་དགོས། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་དགོས། གསར་གཏོད་དང་ལས་གཏོད་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས་“ཉིས་གཏོད”རིམ་འཕར་ཅན་བསྐྲུན་དགོས། འཇོན་མི་གདན་འདྲེན་དང་སྐྱེད་སྲིང་། བཀོལ་སྤྱོད་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་ཅིང་། མཚོ་སྔོན་གྱི་མཁས་དབང་དང་ཁུ་ནུའི་མཛངས་མི་དང་འབུམ་རམས་ཞབས་ཕྱི་ཚོགས་པ་སོགས་འཇོན་མིའི་སྐོར་གྱི་ལས་གཞི་ལེགས་པོར་བསྒྲུབས་ནས། “ཅང་ཤེས”སྔར་ལས་མང་པོས་མཐོ་སྒང་གི་ས་གཞི་ཡངས་པོར་བང་འགྲན་ཏེ། གསར་གཏོད་ཀྱི་འགྲོས་སྔར་བས་ཇེ་མགྱོགས་སུ་གཏང་དགོས།

(དགུ)ལོ་ལྔའི་འཆར་འགོད་བཅུ་གསུམ་པ་སྤུས་ཚད་མཐོན་པོའི་ངང་འགྲུབ་དགོས། དམིགས་འབེན་ལས་འགན་དང་ཚད་བསྡུར་ནས། དུས་ཀྱི་གོ་རིམ་དང་ལས་ཀའི་སྒྲུབ་ཡུན་ཕྱིར་ལྡོག་པའི་ཚུལ་དུ་སྒྲིག་པ་དང་། མཐུན་སྦྱོར་ངང་སྦྲེལ་མཐུད་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་བསྡུ་ཐུབ་པ་ཁག་ཐེག་བྱ་དགོས།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་འགག་གཏོར་ནས་འགྲུབ་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ཀྱི་དམིགས་འབེན་འགྲུབ་པ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་སྒོ་མོ་འབྱེད་པ་དེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པར་རག་ལས་པས། ངེས་པར་དུ་གཙོ་གནད་དམ་འཛིན་དང་ཞན་ཆ་གསབ་སྐོང་དང་ཉམ་ཐག་སྟོབས་ལྡན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་སྲུང་དང་དམངས་འཚོ་ལེགས་བཅོས་སོགས་ཐད་ཀྱི་དགེ་མཚན་ལྡན་པའི་དམིགས་ཚད་བརྟན་སྲུང་དང་མཐོར་འདེགས་སུ་གཏང་དགོས་ལ། རྗེས་ལུས་དམིགས་ཚད་ལ་དབྱེ་ཞིབ་དང་བཀོད་གཏོང་བྱེད་པར་ཤུགས་སྣོན་བརྒྱག་དགོས། ཆོད་སེམས་དང་སྤོབས་པར་འགྱུར་བ་མེད་ཅིང་། འགན་འཁྲི་ཁུར་ཕོད་ཀྱི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། དཀའ་ངལ་འཛེམས་མེད་ཀྱིས་ཡར་རྒྱས་ལ་བརྩོན་པ་དང་། བྱེད་པོའི་འགན་འཁྲི་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་དགུས་ཉམ་ཐག་ཚིགས་མཚམས་ལ་ཐོད་བརྒལ་ཡོད་པ་བྱས་ནས། འཆར་འགོད་ནས་གཏན་ཁེལ་བྱས་པའི་དམིགས་འབེན་གཙོ་བོ་དང་གཙོ་གནད་ལས་འགན། ལས་གྲྭ་གལ་ཆེན་བཅས་ལེགས་འགྲུབ་ཡོང་བར་བརྩོན་དགོས།

ལོ་ལྔའི་འཆར་འགོད་བཅུ་བཞི་པ་ཇུས་འགོད་ནན་ཏན་བྱ་དགོས།“སྤྱི་ཡོངས་གཉིས”ཀྱི་སྟེང་ནས་བསམ་བློ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་འཐབ་ཇུས་ཆེན་མོའི་ནང་འདྲེས་སུ་བཅུག་སྟེ། ལས་གཞི་སྔར་བས་མང་པོ་ཞིག་རྒྱལ་ཁབ་ཀྱི་འཆར་འགོད་ནང་ཚུད་པར་ཅི་ལྕོགས་ཀྱིས་འབད་དགོས། ཕྱོགས་སོ་སོའི་ཤེས་རབ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། དམིགས་ཚད་ཚོད་རྩིས་དང་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག ཡུལ་ཁོངས་བཀོད་པ། སྲིད་ཇུས་ཀྱི་ཕྱོགས་ཁྲིད་བཅས་ལ་ཞིབ་ཚགས་གནད་ཁེལ་གྱིས་ཞིབ་འཇུག་བྱེད་པར་ཤུགས་སྣོན་བརྒྱག་དགོས། གཙོ་གནད་ལས་གྲྭ་ལས་གཞི་བསྡུར་འདེམས་དང་རིགས་སྒྲུབ་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་དོན་འཆར་འགོད་སྣ་ཚོགས་སྒྲིག་བཟོ་དང་སྦྲེལ་མཐུད་བྱེད་པར་འགྲོས་མཐུན་གྱིས་སྐུལ་འདེད་གཏོང་བ་དང། དེང་རབས་ཅན་ལ་ཁ་ཕྱོགས་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་སྟངས་ཚན་རིག་དང་མཐུན་པར་འཆར་གཞི་བཀོད་ནས། མི་སེམས་གཅིག་ཏུ་བསྒྲིལ་ཅིང་བརྩོན་སེམས་ཧུར་གྱིས་བསྐྱེད་པ། འབྱུང་འགྱུར་ལ་སྣེ་འཁྲིད་པའི་འཕེལ་རྒྱས་འཆར་འགོད་ཅིག་བཟོ་དགོས།

(བཅུ) དམངས་འཚོ་འགན་སྲུང་གི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས། སྲིད་གཞུང་གི་གཞི་རྩ་སྲུང་བའི་འགན་འཁྲི་དང་ལེན་ཏན་ཏིག་བྱེད་ཅིང་། ཡོངས་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། ཚད་མཐའ་སྲུང་བའི་རང་བཞིན་ལྡན་པའི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་དགའ་སྐྱིད་འཚོ་བའི་དགོས་མཁོ་རྒྱུན་མི་ཆད་པར་བསྐང་དགོས།

དམངས་འཚོའི་དངོས་དོན་ལས་གྲྭ་ལག་བསྟར་བྱ་དགོས། མང་ཚོགས་ཀྱི་དོན་དག་ཆུང་ངུ་ནི་སྲིད་གཞུང་གི་དོན་དག་ཆེན་པོ་ཡིན། ན་ནིང་གི་ལོ་མཇུག་ཏུ་ཞིང་ཆེན་སྲིད་གཞུང་གིས་“མང་ཚོགས་ཀྱིས་རེ་བ་འདོན་པ་དང་། ཚང་མས་གྲོས་ཐག་གཅོད་པ། སྲིད་གཞུང་གིས་དོན་དག་སྒྲུབ་པའི”འདུ་ཤེས་གཞིར་བཟུང་སྟེ། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་2020ལོའི་དམངས་འཚོའི་དངོས་དོན་ལས་གཞི་མངོན་གསལ་གྱིས་བསྡུ་གསོག་བྱས། བསྡུ་གསོག་བྱས་པའི་གྲོས་གཞི་835ལས་ལས་ཞུགས་སྔོན་དུ་འགྲོ་བ་དང་། སློབ་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་བ། སྡོད་ཁང་འགན་སྲུང་བྱེད་པ། རྒན་བཀུར་བྱིས་སྐྱོང་ལ་གཞོལ་བ། དབུལ་སྐྱོར་དཀའ་ངལ་སེལ་བ་སོགས་རིགས་10ཡི་དམངས་འཚོའི་དངོས་དོན་ལས་གཞི་41བསལ་ནས་གཏན་ཁེལ་བྱས། ང་ཚོས་སྟོབས་ཤུགས་ཡོད་ཚད་བཏོན་ནས་དམངས་འཚོའི་དངོས་དོན་འདི་དག་ལེགས་པོར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་སྐྱིད་པོ་ཡོང་བ་བྱ་རྒྱུ།

ལས་ཞུགས་ལས་གཏོད་དང་ཡོང་སྒོ་འཕར་སྣོན་དམ་འཛིན་བྱ་དགོས། ལས་ཞུགས་བརྟན་སྲུང་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་སྟེ། ནོར་ཁྲལ་དང་དངུལ་རྩ། སྤྱི་ཚོགས་འགན་བཅོལ་གྱི་གསབ་དངུལ། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་སྲུང་བྱེད་པ་སོགས་ཀྱི་ཐབས་བཀོད་ཕྱོགས་བསྡུས་སྒོས་བེད་སྤྱད་ནས། སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་ལས་བྲལ་ལས་ཤོར་མི་སྣ། གླ་རྒྱག་ཞིང་པ། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བར་འབུར་དུ་ཐོན་པའི་སྒོ་ནས་དམ་འཛིན་བྱ་དགོས་པ་དང་། ལས་རིགས་ནུས་རྩལ་མཐོར་འདེགས་སུ་གཏོང་བ་དང་མཐོ་རིམ་ལས་རིགས་སློབ་གྲྭར་སློབ་མ་བསྡུ་ཚད་ཇེ་མང་དང་སྤུས་ཚད་ཇེ་མཐོར་གཏོང་བའི་“ལོ་གསུམ་འགུལ་སྐྱོད”གཉིས་ལག་བསྟར་བྱེད་པ་དང་། མི་དཀའ་ངལ་ཅན་ལ་ལས་ཞུགས་ཐད་ནས་རོགས་སྐྱོར་བྱས་ཏེ། མི་གཅིག་ཀྱང་ལས་ཀར་ཞུགས་མེད་པའི་ཁྱིམ་ཚང་གི་འགུལ་རྣམ་གནས་ཚུལ་གཙང་སེལ་བྱ་དགོས། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་གྱི་ནུས་པ་སྔར་བས་འདོན་སྤེལ་ལེགས་པོ་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་སྤུས་ཚད་མཐོར་འདེགས་སུ་གཏང་དགོས། གླ་ཕོགས་གཏོང་སྤྲོད་འགན་སྲུང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་དང་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་འཕར་སྣོན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་སྣ་མང་གིས་འཕར་སྣོན་འབྱུང་བར་སྐུལ་བའི་ཐབས་བཀོད་མགྱོགས་མྱུར་ངང་ཞིབ་འཇུག་བྱ་དགོས། རོང་འབྲོག་པའི་ཡུལ་སྤོར་ལས་ཞུགས་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་རྐྱེན་སྲོལ་འགྲུབ་པར་བྱས་ཏེ། ཡུལ་སྤོར་ལས་ཞུགས་ཀྱི་སྤུས་ཚད་དང་གོ་ཆོད་དུས་ཡུན་མཐོར་འདེགས་སུ་གཏང་དགོས། འཐེན་ཐུག་དཔལ་འབྱོར་དང་མཚོ་སྔོན་ཚེམ་དྲུབ་སོགས་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ལ། མི་སེར་ཕྱུག་པོར་བསྒྱུར་བའི་གྲོང་གསེབ་ཐོན་ལས་དང་ངལ་ལས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། རོང་འབྲོག་པའི་ཡོང་འབབ་བསྟུད་མར་འཕར་སྣོན་འབྱུང་བར་སྐུལ་འདེད་བྱ་དགོས།

སློབ་གསོའི་ལས་དོན་སྔོན་ལ་འཕེལ་རྒྱས་སུ་གཏང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མིའི་བླ་སྲོག་སྐྱོང་བ་རྒྱུན་འཁྱོངས་དང་། སྤྱོད་བཟང་འཛུགས་སྐྱོང་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པ་སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། སློབ་གསོའི་སྤུས་ཚད་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་པ་དང་། ཡོངས་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོ་ལ་ཤུགས་སྣོན་རྒྱག་པ་དང་། “ཕལ་ཆེར་གཉིས”ཀྱི་སློབ་གསོའི་འབྲས་བུ་སྲ་བརྟན་དུ་གཏང་དགོས། དམིགས་བསལ་སློབ་གསོ་དང་མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དུ་ལས་ཀ་གཉེར་དུ་ཡོང་མཁན་དག་གི་བུ་ཕྲུག་སློབ་གྲྭ་འགྲིམ་པའི་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱ་དགོས། འཛིན་གྲྭར་སློབ་མ་མང་བའི་གནད་དོན་ཕལ་ཆེར་སེལ་བ་དང་། འོས་འགན་སློབ་གསོ་དེ་སྤུས་ལེགས་དང་དོ་མཉམ་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏང་དགོས། ཤུགས་བསྒྲིམས་ནས་ཐོན་སྐྱེད་དང་སློབ་གསོ་མཐུན་འདྲེས་ཡིན་ལ་སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་ལས་བྱེད་པའི་ལམ་སྲོལ་རྐྱེན་སྲོལ་འཛུགས་སྐྱོང་བྱེད་པ་དང་། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཟི་ལིང་སློབ་ཆེན་སྐྲུན་འགོ་རྩོམ་པ་དང་། ཞིང་ཆེན་ལ་གཏོགས་པའི་མཐོ་རིམ་ལས་རིགས་སློབ་གླིང་གནས་སྤོར་བ་དང་རྒྱས་སྐྲུན་བྱེད་པའི་གོམ་འགྲོས་ཇེ་མགྱོགས་སུ་གཏང་དགོས།

དམངས་ཡོངས་བདེ་ཐང་ཡིན་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་ཆུ་ཚད་མཐོ་བའི་སྨན་ཁང་འཛུགས་པའི་སྒྲོམ་གཞིའི་གྲོས་ཆིངས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་མཐོ་སྒང་ནད་རིགས་བརྟག་བཅོས་ལྟེ་གནས་དང་ས་ཁོངས་ཀྱི་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས། བྱིས་པ་དང་སྦྲུམ་མའི་འཚུབ་ཉེན་ནད་གཞི་ལྗིད་མོ་གསོ་བཅོས་ལྟེ་གནས། རྫོང་ཁོངས་ཀྱི་གསོ་རིག་ཐུན་མོང་གི་ཆ་འཕྲིན་འཛུགས་སྐྲུན་བཅས་ལ་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། “སྨན་གསུམ”མཉམ་འགུལ་ཟབ་སྤེལ་བྱེད་ཅིང་། “སྦྲེལ་དྲ+སྨན་བཅོས་བདེ་ཐང”ལ་སྐུལ་འདེད་བྱས་ཏེ། དམ་ཚགས་ཅན་གྱི་གསོ་རིག་ཐུན་མོང་འཛུགས་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། བདེ་ཐང་མཚོ་སྔོན་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། དལ་གཤིས་ནད་རིགས་ཀྱི་དོ་དམ་དང་འགོས་ནད་ཆེ་གྲས་རིིགས་ཀྱི་འགོག་བཅོས་དང་མྱུར་སྐྱོབ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས། ཡུལ་ནད་ཆེད་དམིགས་འགོག་བཅོས་ཀྱི་འགག་གཏོར་འགུལ་སྐྱོད་སྤེལ་དགོས་ལ། གཞི་རིམ་གྱི་རིམས་ནད་འགོག་སེལ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཐུམ་འབུའི་ནད་གསོ་བཅོས་ཞིང་ཆེན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པ་དང་། ལྷན་སྐྱེས་སྙིང་ནད་སྤྱི་ཚོགས་ཀྱིས་བཅོས་སྐྱོབ་བྱེད་པར་སྐུལ་འདེད་ཧུར་ཐག་གཏང་དགོས། སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་སྤོ་བསྒྱུར་དང་ཡུལ་གཞན་དུ་བསྡོམས་རྩིས། ནད་གཞི་ཆེ་གྲས་ཀྱི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་ལ་ནོར་སྲིད་ནས་མི་རེར་ཆ་སྙོམས་ཀྱིས་གསབ་དངུལ་སྟེར་བའི་ཚད་གཞི་ཇེ་མཐོར་གཏང་དགོས། ཀྲུང་བོད་གསོ་རིག་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། རིན་པོ་ཆེ་དེ་ཉིད་དངོས་གནས་རྒྱུན་འཛིན་ལེགས་པོ་དང་གོང་སྤེལ་ལེགས་པོ། བེད་སྤྱོད་ལེགས་པོ་བྱ་དགོས།

རིག་གནས་དང་ལུས་རྩལ་གྱི་བྱ་གཞག་དར་རྒྱས་གོང་འཕེལ་དུ་གཏང་དགོས། ལྕགས་རི་རིང་བོ་དང་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་ནང་ཁུལ་དུ་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་ཞིང་། རིག་རྩལ་གླིང་དང་ཚོགས་པའི་བཅོས་སྒྱུར་ཟབ་མོ་བྱ་དགོས། སྒྱུ་རྩལ་བརྩམས་ཆོས་སྤུས་དག་གསར་རྩོམ་བྱེད་པ་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་དང་། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དང་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པར་ཤུགས་སྣོན་བརྒྱག་དགོས། རིག་གནས་དམངས་ཕན་བྱང་བུའི་ཚོད་ལྟའི་གནས་ཀྱི་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། “ཟློས་གར་གྲོང་གསེབ་ཏུ་འཁྲབ་པ”དང་“རབ་མཛེས་མཚོ་སྔོན་གྱི་རིག་རྩལ་སྐྱ་དམག”སོགས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་དགོས། ォལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་པའི་རྩ་གནདサདོན་འཁྱོལ་བྱེད་པ་དང་། གངས་འཁྱགས་ལུས་རྩལ་འགུལ་སྐྱོད་ཧུར་ཐག་གིས་འཕེལ་རྒྱས་སུ་གཏང་དགོས། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་དང་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲ་སྒྲིག་བྱ་དགོས། རྩལ་འགྲན་ལུས་རྩལ་དང་དམངས་ཡོངས་ལུས་སྦྱོང་མཉམ་སྒྲུབ་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང་། ན་གཞོན་དང་གཞོན་ནུའི་རྐང་རྩེད་སྤོ་ལོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོོས་ལ། དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་གསུམ་པ་འཚོག་དགོས།

སྤྱི་ཚོགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏང་དགོས། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོ་མ་དངུལ་གྱི་ཚད་གཞི་མུ་མཐུད་དུ་ཇེ་མཐོར་གཏང་དགོས། གྲོང་ཁྱེར་གྱི་ལས་བཟོ་པ་དཀའ་ངལ་ཅན་གྱི་དཀའ་ངལ་སྒྲོལ་སེལ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་དགེ་ཕན། དགེ་ལས་བྱ་གཞག་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། དབང་པོ་སྐྱོན་ཅན་གྱི་ནད་རིགས་སྔོན་འགོག་དང་བདེ་ཐང་སླར་གསོ་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ད་དུང་10%ཇེ་མཐོར་གཏང་དགོས། “རྒན་པ་དང་བྱིས་པའི”གནད་དོན་ལ་མཐོང་ཆེན་བྱས་ནས་ཐག་གཅོད་པ་དང་། རྒན་གསོ་ཞབས་ཕྱིའི་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས། རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། རྒན་གསོའི་མ་དངུལ་དུས་ལྟར་ཁ་ཚང་དུ་སྟེར་བ་ཁག་ཐེག་བྱ་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཡོངས་ཕན་གསོ་བཅོལ་ཞབས་ཕྱི་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཕྱི་འགན་སྲུང་དེ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས།

སྤྱི་པའི་ཞབས་ཕྱི་མཁོ་འདོན་ལེགས་སྒྱུར་བྱ་དགོས། འབྲུ་རིགས་བདེ་འཇགས་ལ་ཧྲིན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དང་“ཚོད་སླེ”ལ་ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། གསོན་ཕག་ཐོན་སྐྱེད་མགྱོགས་མྱུར་ངང་སླར་གསོ་བྱས་ཐོག སྔོ་ཚལ་དང་ཤ་སྒོང་ཐོན་སྐྱེད་རྟེན་གཞི་ལ་ཐོན་འཚོང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རིན་གོང་གསབ་དངུལ་གྱི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ། མཁོ་འདོན་ཁག་ཐེག་དང་རིན་གོང་བརྟན་སྲུང་བྱེད་པའི་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་དགོས། སྡོད་ཁང་གི་ཁྲོམ་རའི་མ་ལག་དང་འགན་སྲུང་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ་དང་། བོགས་གཏོང་སྡོད་ཁང་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། མཁར་གྲོང་གི་མི་ཚོགས་དཀའ་ངལ་ཅན་གྱི་སྡོད་ཁང་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ནས། མཁར་གྲོང་གི་སྤྱིལ་ཁུལ་གྱི་ཁང་པ་ཁྲི་1.13སྒྱུར་བཀོད་དང་། རྙིང་ཉེན་གཞིས་ཁུལ་གྱི་ཁང་པ་ཁྲི་5སྒྱུར་བཀོད་དང་། རོང་འབྲོག་པའི་ཁྱིམ་ཚང་ཁྲི་3གྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གྲྭ་ལག་བསྟར་བྱ་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཕྱི་མིན་པའི་མཁོ་འདོན་ཁ་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་ཁ་མང་བའི་དགོས་མཁོ་སྐོང་ཐབས་བྱ་དགོས།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ལོ་གསུམ་ཡུན་ཕན་རྒྱུན་སྐྱོང་དམིགས་འབེན་ལ་དམིགས་པ་མི་འདོར་བར། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཁྲོད་དུ་ཕ་རོལ་ཟིལ་གྱིས་གནོན་པའི་རྒྱལ་ཁ་ལེན་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་གཏོང་བ་དང་། “པདྨའི་ཉམས་མྱོང”དང་“ཡུལ་ཤུལ་གྱི་གྲོང་དགོན་མཉམ་སྐྱོང”གི་ཉམས་མྱོང་མཐོར་འདེགས་དང་ཁྱབ་གདལ་དུ་གཏང་དགོས། ཡིག་སྐུར་ངོ་གཏུག་གི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཟི་ལིང་དུ་གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བའི་ཚོད་ལྟའི་གནས་སྤེལ་བར་རྒྱབ་སྐྱོར་བྱ་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། འཚུབ་ཟློག་དོ་དམ་གྱི་ནུས་པ་དང་གནོད་འཚེ་འགོག་སྙུང་སྐྱོབ་གསུམ་གྱི་ནུས་པ་ཇེ་ཆེར་གཏང་དགོས། གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ཐད་ཀྱི་ཉེན་ཁར་ངོས་འཛིན་དང་དཔྱད་དཔོག་བྱེད་པར་དངོས་གནས་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་འཁོར་སྐྱོད་ཀྱི་བདེ་འཇགས་ཆེད་དམིགས་བཅོས་སྐྱོང་གི་བྱེད་སྒོ་སྤེལ་དགོས་ལ། དྲ་འཐེན་པ་བཞིན་མངོན་མེད་ཉེན་ཁར་རྩད་བཤེར་དང་བཅོས་སྐྱོང་བྱས་ཏེ། བདེ་འཇགས་ཀྱི་ཐད་ནས་དོན་རྐྱེན་ཅི་རིགས་འབྱུང་བ་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས། ཟས་རིགས་དང་སྨན་རྫས་བདེ་འཇགས་ཐད་ཀྱི་“ཆེས་ནན་མོ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། ལོ་སར་སོགས་གནད་འགག་གི་དུས་ཚོད་ནང་དུ་ཉེན་མེད་ཐོན་སྐྱེད་དང་། མེ་གསོད་བདེ་འཇགས། ལམ་གྱི་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

དེ་དང་ཆབས་ཅིག་ཏུ། དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་དང་རྒྱལ་སྲུང་སྐུལ་སློང་། གཉིས་བཀུར་གཟིགས་སྐྱོང་བཅས་ཀྱི་བྱ་བར་གཅིག་འདོམས་ཀྱིས་ལེགས་པོར་སྒྲུབ་པ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། མི་དམངས་མཁའ་སྲུང་དང་ས་ཡོམ། ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན། གསར་འགྱུར་དཔེ་སྐྲུན། ཀང་ཨོ་ཐའེ། རྒྱ་གྲམ་དམར་པོ་ཚོགས་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ལོ་རྒྱུས་དང་ལོ་གསལ་མེ་ལོང་སྒྲིག་པའི་“གཉིས་ཚང་དམིགས་འབེན”ལེགས་འགྲུབ་བྱ་དགོས། རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ཏན་ཏིག་གིས་སྤེལ་བ་དང་། རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་གྱིས་བརྟག་དཔྱད་དང་ལྟ་འཇལ་དང་གདེང་འཇོག་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས།

བཞི། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།

སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྱུར་གྱི་འབྲས་བུ་བརྟན་སྲུང་བྱ་དགོོས་ལ། སྲིད་གཞུང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ཕྱོད་ལ་བསྒྱུར་ཏེ། མི་དམངས་ཀྱི་ཡིད་ཚིམ་པའི་ཞབས་ཕྱི་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱ་དགོས།

ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་བརྟན་ཚུགས་པ་བྱས་ཏེ། “འདུ་ཤེས་བཞི”ཇེ་ཟབ་དང་“ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱ་དགོས། ཏང་གིས་དཔལ་འབྱོར་གྱི་བྱ་བར་འགོ་ཁྲིད་གནང་བ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས་ལ། ཆབ་སྲིད་ནུས་པ་མཐོར་འདེགས་དང་ཆབ་སྲིད་ཉེན་ཁ་འགོག་ཟོན་བྱེད་པ་དང་། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་འཇོན་ནུས་སྟོབས་ཆེན་དུ་བཏང་སྟེ། བློ་དཀར་རྣམ་དག་ཁུར་ཕོད་ཀྱི་ཆབ་སྲིད་གཤིས་ཀ་བཙོ་སྦྱང་བྱ་དགོས།

ཁྲིམས་སྐྱོང་སྲིད་གཞུང་ཕལ་ཆེར་འགྲུབ་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་རྩ་གནད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྲིད་འཛིན་ཇུས་ཐག་གལ་ཆེན་གཅོད་པའི་གོ་རིམ་སྐོར་གྱི་གནས་སྐབས་སྲོལ་ཡིག་ལག་ལེན་ནན་ཏན་བྱ་དགོས། གཙོ་གནད་ཁྱབ་ཁོངས་སུ་སྲིད་གཞུང་གིས་ཁྲིམས་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། གཟབ་ནན་ཚད་ལྡན་དང་དྲང་གཞག་དཔལ་ཡོན་ལྡན་པའི་སྒོ་ནས་ཁྲིམས་བསྟར་ཏེ། ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ལ་ལྟ་སྐུལ་དང་བྱ་བར་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བཅས་རང་རྟོགས་སྒོས་དང་ལེན་བྱེད་པ་དང་། ལྟ་ཞིབ་ཨུ་ལྷན་གྱིི་ལྟ་སྐུལ་ཕྱོགས་ཡོངས་ནས་དང་ལེན་བྱ་དགོས་ལ། གསར་འགྱུར་སྨྱན་བྱད་དང་སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱེད་པ་དང་། སྲིད་དོན་གསལ་བསྒྲགས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། དབང་ཆ་ཉི་འོད་འོག་ཏུ་བེད་སྤྱོད་དུ་འཇུག་དགོས།

བྱ་བའི་སྤྱོད་ཚུལ་མུ་མཐུད་དུ་བསྒྱུར་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་གྱི་ཐབས་བཀོད་འགའ་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། “སྲིད་ཇུས་དོན་འཁྱོལ་བྱེད་ལོ”དང་“གཞི་རིམ་གྱི་ཁུར་བོ་ཇེ་ཡང་གཏོང་ལོའི”བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་། མིང་སྟོང་བར་མི་ཆགས་ཤིང་འདང་སྟོང་བ་མི་རྒྱག་པར། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྐུལ་འདེབས་དང་གཅུན་སྡོམ་གྱི་རྐྱེན་སྲོལ་འཐུས་ཚང་དང་། འགན་འཁྲི་གཙང་སྒྲུབ་དང་ཁག་འགན་འདེད་མེད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལས་ཀ་སྒྲུབ་འདོད་པ་དང་། ལས་ཀ་སྒྲུབ་ཕོད་པ། ལས་ཀ་སྒྲུབ་ནུས་པ། ལས་ཀ་འགྲུབ་ཐུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་པར་བརྩོན་ཏེ། ལས་གནས་སོ་སོ་རུ་འགན་འཁུར་བ་དང་འགན་སྲུང་བ། འགན་དང་དུ་ལེན་པ་བྱ་དགོས།

སྲིད་གཙང་འཛུགས་སྐྱོང་ལ་དངོས་གནས་ཤུགས་སྣོན་བརྒྱག་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་སྐུལ་སྤེལ་ཏན་ཏིག་བཏང་ནས། དབང་ཆ་བེད་སྤྱོད་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱག་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། རྩིས་བཤེར་ལྟ་སྐུལ་ཡོངས་སུ་ཁེབས་པར་སྐུལ་འདེད་གཏང་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ཚུལ་ཐ་ཤལ་དང་རུལ་སུངས་གནད་དོན་ལ་མུ་མཐུད་དུ་དག་ཐེར་དང་རྩད་གཅོད་བྱས་ནས། རུལ་སུངས་སུ་གྱུར་ཚད་ལ་ངེས་པར་ངོ་རྒོལ་དང་། ལྐོག་རྔན་རེག་ཚད་ལ་ངེས་པར་གཙང་སེལ། སྒྲིག་འགལ་བྱས་ཚད་ལ་ངེས་པར་རྩད་གཅོད་བཅས་བྱ་ཐུབ་དགོས།

“འཁོས་ཆུང་གི་འཚོ་བ་རོལ་བའི”བསམ་བློ་བརྟན་པོར་འཛུགས་དགོས། ནོར་སྲིད་འགྲོ་སོང་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྔོན་རྩིས་ཕན་ཕྱོད་ཀྱི་གཅུན་སྡོམ་ཇེ་དྲག་ཏུ་བཏང་ནས། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱ་དགོས། ད་ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་དང་“གཞུང་གསུམ”གྲོན་དངུལ་ད་དུང་མུ་མཐུད་དུ་15%དང་3%ཡན་ཆད་ཇེ་ཉུང་དུ་བཏང་སྟེ། རྒྱུ་སྟོབས་ཚད་ངེས་ཅན་དེ་ཕན་ཕྱོད་མཐོན་པོའི་སྒོ་ནས་དམངས་འཚོ་གོང་སྤེལ་དང་ལེགས་བཅོས་བྱེད་པར་བཀོལ་རྒྱུ་ཡིན་ལ། དངུལ་བཀོལ་དུས་ཕན་ཕྱོད་རྩད་འདྲི་བྱས་ཏེ། ཕན་ཕྱོད་མཐོ་ན་མང་དུ་གཏོང་བ་དང་ཕན་ཕྱོད་དམའ་ན་ཉུང་དུ་འཕྲི་བ། ཕན་ཕྱོད་མེད་ན་འགན་འཁྲི་རྩད་གཅོད་བཅས་བྱས་ནས། སྲིད་གཞུང་འཁོར་སྐྱོད་ཀྱི་འགྲོ་སོང་ལ་“འཕྲི་རྩིས”བརྒྱབ་ནས་དམངས་འཚོ་བསོད་སྐལ་ལ་“སྣོན་རྩིས”ཐོབ་ཏུ་འཇུག་དགོས།

འཐུས་མི་རྣམ་པ། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་མཇུག་སྒྲིལ་ལ་ཉེ་ཞིང་། དུས་རབས་གསར་པའི་དམིགས་འབེན་གྱིས་ཡར་རྒྱས་འགྲོ་བར་སྐུལ་ལྕག་གཏོང་གིན་འདུག “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་འདི་ནས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་སྟོབས་ལྡན་གྱི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་རྒྱབ་རྟེན་བརྟན་པོ་བཅོལ་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་ཞིང་། དུས་ཚོད་དམ་འཛིན་གྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་ལ་རྟིང་མ་ལེན་པ་དང་། ཧུར་བརྩོན་གྱིས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ལ་རྒྱལ་ཁ་རླབས་ཆེན་ལེན་པར་སྔ་ན་མེད་པའི་བྱས་རྗེས་གསར་པ་འཇོག་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།