ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ།

—2020ལོའི་ཟླ1པོའི་ཚེས15ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་།

ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཅཱན་ཁྲ་ཀྲང་། མེང་ཡུང་ཧྲན། 


འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་བ་དང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་གནང་བར་ཞུ།

2019ལོའི་བྱ་བར་ཕྱི་མིག་ལྟ་བ།

2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་ཡིན་ལ། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའང་ཡིན། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡང་དག་པའི་མགོ་ཁྲིད་དང་། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ། སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཐེངས་དྲུག་པ། ཐེངས་བདུན་པ་བཅས་ཀྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ལ་དང་དོད་བྱས་པ་དང་། ཁྱོན་ཡོངས་ལ་བསམ་བློ་བཏང་བ། འཕེལ་རྒྱས་དོན་གཉེར་དང་རང་བརྩོན་ལ་དོ་སྣང་བྱས་ཤིང་། ཏང་གི་འཛུགས་སྐྱོང་སྤྱི་འདོམས་བྱས་ཐོག་གཙོ་གནད་འཛིན་པ་དང་ཞན་ཆ་གསབ་པ། ཞན་ཆ་སེལ་བ་བཅས་བྱས་ནས། ཞིབ་དཔྱོད་བྱ་བ་སྣ་ཚོགས་བརྟན་པོར་འཕེལ་བ་དང་། དོན་ཐོག་ཏུ་འཁྱོལ་བ། མཐོ་རུ་བཏེགས་ལ་འཕེལ་རྒྱས་གསར་བ་མངོན་འགྱུར་བྱས།

གཅིག ཏང་གི་མགོ་ཁྲིད་གཙང་བཙན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱས།

དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ལས་འགན་དང་པོར་བརྩིས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། གསོ་སྦྱོང་ཆེན་མོ་བཅས་རྒྱུན་མཐུད་གཏིང་ཟབ་སྒོས་སྤེལ་ཞིང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཏང་གི་ཤེས་བྱ་སློབ་ཁྲིད་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་བེད་སྤྱད་དེ་ལག་ལེན་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་གཏམ་གསར་བ་དང་བླང་བྱ་གསར་བ་གོ་བ་ལེན་པར་ཁྲིད་སྟོན་བྱས་ཤིང་། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས། “འདུ་ཤེས་བཞི” རྒྱུན་ཆད་མེད་པར་ཇེ་ཟབ་དང “ཡིད་ཆེས་བཞི” ཇེ་བརྟན་དུ་བཏང་བ་དང་། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པར་བྱས། ཏང་གིས་ཞིབ་དཔྱོད་བྱ་བར་མགོ་ཁྲིད་གཙང་བཙན་བྱེད་རྒྱུའི་རྩ་དོན་མཐོ་ཤོས་འདི་ཞིག་བརྟན་པོར་བཟུང་ཐོག་དོན་ཚན་གལ་ཆེན་དགོངས་སྐོར་དང་ཞུ་འབུལ་བྱེད་པའི་ལམ་ལུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། བཅོས་སྒྱུར་བྱེད་ཐབས་གལ་ཆེན་དང་འགུལ་སྐྱོད་གལ་ཆེན། ཡིག་ཆ་གལ་ཆེན། གྱོད་གཞི་གལ་ཆེན་སོགས་ཡིན་ཕྱིན། ཞིང་ཆེན་ཏང་ཨུ་ལ་དུས་ཐོག་ཏུ་དགོངས་སྐོར་དང་ཞུ་འབུལ་བྱས་པ་དང་། ལོ་འདིའི་ནང་བསྡོམས་པས་ཞིང་ཆེན་ཏང་ཨུ་ལ་དོན་ཚན་གལ་ཆེན་དགོངས་སྐོར་དང་ཞུ་འབུལ་བྱས་པའི་ཐེངས38 ཡོད།

ཏན་ཏིག་གིས་བརྗོད་དོན་སློབ་གསོ་སྤེལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་བར་བཀོད་སྒྲིག་བྱས་རྗེས། ཞིང་ཆེན་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་དང་ཁུལ། རྫོང་ཆུས་བཅས་སོ་སོའི་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཟབ་ནན་སྒོས་གཞིར་བཟུང་སྟེ། “ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་འཛིན་པའི” སྤྱིའི་བླང་བྱ་ལ་དམིགས་ནས། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག གནད་དོན་ཞིབ་ལྟ། དག་ཐེར་ལེགས་བཅོས་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་རྒྱུན་འཁྱོངས་བྱས་ཐོག ཞིབ་དཔྱོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་གནད་དོན་འཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་། གཏན་འཁེལ་བྱ་སྤྱོད་དངོས་སུ་བསྒྲུབས་ལ་རང་འདེམས་བྱ་སྤྱོད་ཀྱང་གསར་གཏོད་བྱས་ཏེ་བརྗོད་དོན་སློབ་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བཏང་། བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་ནས་བྱ་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་དང་མང་ཚོགས་ཀྱིས་བཏོན་པའི་ཚ་གནད་དང་དཀའ་གནད་སྐོར་ཞིག་ཐག་བཅད་ཅིང་། ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་དང་དཔུང་སྡེའི་འཛུགས་སྐྱོང་། སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྱོང་། ལས་སྒོའི་འཇོན་ཐང་འཛུགས་སྐྱོང་བཅས་ལ་མངོན་གསལ་གྱི་ཕན་ནུས་ཐོབ་ཡོད།

གཉིས། ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཁྱོན་ཡོངས་ལ་སྔར་ལས་རང་འགུལ་གྱིས་ཞབས་འདེགས་ཞུས།

ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱུན་མཐུད་གཏིང་ཟབ་སྒོས་སྐུལ་སྤེལ་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྔ་ཕྱིར་ཏང་ཙུའུ་ཚོགས་འདུ་ཐེངས13དང་ཆེད་དོན་འཐབ་རྩོད་ཀྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས11། ཆེད་དོན་འཐབ་རྩོད་བྱ་བར་སྐུལ་སྤེལ་ཚོགས་འདུ་ཐེངས3བཅས་བསྡུས་ཤིང་། ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུའི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱས། སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་འགོད་པར་ཞུས་པའི་ནག་ངན་དང་འབྲེལ་བའི་གྱོད་གཞི114དང་མི591ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང་། ནག་ངན་དང་འབྲེལ་བའི་གྱོད་གཞི་ལྟར་མི516(ནག་ཚོགས་དང་འབྲེལ་བའི་མི20དང་ངན་ཚོགས་དང་འབྲེལ་བའི་མི496ཡོད)འཛིན་བཟུང་ཆོག་མཆན་བཀོད་པ་དང་། ཉེས་དོན་ཉེས་བསགས་དཀྱུས་མ་ལྟར་མི50འཛིན་བཟུང་ཆོག་མཆན་བཀོད། སྤྱི་བདེ་ལས་ཁུངས་ཀྱིས་ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་ནག་ངན་དང་འབྲེལ་བའི་གྱོད་གཞི97དང་མི799ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང་། མི652གཞུང་གཏུག་བྱས་པ་དང་། དེ་ལས་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་ལྟར་གྱོད་གཞི2དང་མི31དང་། ངན་ཚོགས་དང་འབྲེལ་བའི་གྱོད་གཞི་ལྟར་གྱོད་གཞི68དང་མི495། ཉེས་དོན་ཉེས་བསགས་དཀྱུས་མ་ལྟར་མི126བཅས་གཞུང་གཏུག་བྱས། མི21འདེད་བཟུང་བྱས་པ་དང་མི4ཁུངས་འདེད་ཁྲིམས་སྦྱོར་བྱས་པ། མི3རྒོལ་གཏུག་བྱས་ལ། ནག་ངན་དང་འབྲེལ་བའི་ཉེས་བསགས་གྱོད་གཞིའི“སྲུང་གདུགས”ཀྱི་ཁུངས་སྣེ

8སྤོ་སྐྱེལ་དང་བརྒྱུད་སྤྲོད་བྱས། ཞིབ་དཔྱོད་བར་མཚམས་སུ་ཚུད་པའི་ནག་ངན་དང་འབྲེལ་བའི་གྱོད་གཞི་ཚང་མར་གཅིག་གྱུར་གྱིས་ཡིག་དཔྱོད་མཛུབ་སྟོན་དང་གཅིག་གྱུར་གྱིས་འགག་སྒོ་ནན་སྲུང་བྱས། ནག་ངན་དང་འབྲེལ་བའི་གྱོད་གཞིའི་མྱུལ་ཞིབ་དཔང་ལེན་ལ་ཁྲིད་སྟོན་བྱེད་པར་སྔོན་དུ་ཞུགས་པའི་ཡོངས་ཁྱབ་རྐྱེན་སྲོལ་བཙུགས་ཏེ། “ཉི་ཟླ་རི་བོའི་རོ་སྦས་གྱོད་གཞི” སོགས་ནག་ངན་དང་འབྲེལ་བའི་གྱོད་གཞི་ཚབས་ཆེན་ལ་སྔོན་དུ་ཞུགས་ཤིང་། ནག་ངན་དང་འབྲེལ་བའི་གཞུང་གཏུག་གྱོད་གཞིའི་ཐག་གཅོད་ཚོགས་པ་བཙུགས་ཏེ། ནག་ཚོགས་དང་འབྲེལ་བའི་གྱོད་གཞི་དང་ངན་ཚོགས་དང་འབྲེལ་བའི་གྱོད་གཞི་ཚབས་ཆེན་ལ་དམིགས་ནས་ཆེད་དོན་ཐག་གཅོད་བྱས་པས། “3·20”ཡི་ཞེ་ཀྲན་ཡིའུ་དང་ཁུང་ཧྥན་ལིའང་སོགས་མི29ཡི་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་ཧ་ཅང་ཚབས་ཆེན་དག་མགྱོགས་མྱུར་གྱིས་གཞུང་གཏུག་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེ་བའི་ལོ་ལྔའི་རིང་ལ་ཐག་བཅད་པའི་ཉེས་མིང18ལ་དམིགས་ནས་ཞུ་གཏུག་མ་བྱས་པ་དང་འཛིན་བཟུང་ཆོག་མཆན་མ་བཀོད་པའི་གྱོད་གཞིར“ཕྱི་མིག་ལྟ་བའི”བྱ་བ་སྤེལ་བ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཉེ་བའི་ལོ་གཉིས་རིང་ལ་ཐག་བཅད་པའི་བདེ་འཇགས་གྱོད་གཞི16278ལ་ལེབ་བཤེར་བྱས་ཏེ། གྱོད་ཐོ་འགོད་པར་ལྟ་སྐུལ་བྱེད་པའི་ཁུངས་སྣེ2དང་གྱོད་གཞི་དཀྱུས་མའི་ཁུངས་སྣེ10རྙེད། ཉེས་ཅན་ལྟ་སྲུང་ཁང་གི་བཀག་སྐྱིལ་མི་སྣ་དང་སྡེ་ཁུལ་གྱི་ཡོ་བསྲང་མི་སྣར་ཁ་བརྡ་བྱས་ཏེ། ནག་ངན་དང་འབྲེལ་བའི་ཁུངས་སྣེ19དང་མི23འཚོལ་སྡུད་བྱས། ཞིབ་དཔྱོད་ལས་ཁུངས་ཀྱིས་ཐག་བཅད་པའི་ནག་ངན་དང་འབྲེལ་བའི་དཔེ་མཚོན་གྱོད་གཞི15ཁྱབ་སྒྲོག་བྱས། གྱོད་གཞི་ཐག་གཅོད་པ་དང་སྦྲེལ་ནས་ཞིབ་དཔྱོད་གྲོས་གཞི38བཏོན། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས“གཡོ་ཐབས་བེད་སྤྱད་ནས་དངུལ་བུན་བཏང་བ”དང“ཁྲིམས་འགལ་གཉེར་སྐྱོང་བྱས་པར”དམིགས་པ་དང་། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གྲོང་ཚོའི་དབང་ཤེད་ཅན་གྱི་ངན་ཚོགས་དང་འབྲེལ་བའི་གྱོད་གཞིའི་ཁྲོད་མཚོན་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་གནས་པའི་གནད་དོན་སོགས་ལ་དམིགས་ནས་འབྲེལ་ཡོད་སྡེ་ཁག་ལ་ཞིབ་དཔྱོད་གྲོས་གཞི་བཏོན་ཏེ། ཧུར་བརྩོན་གྱིས་དང་དུ་བླངས་པ་དང་ཕན་འབྲས་བཟང་པོ་ཐོབ། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཕྱིར་ལྡོག་བསམ་འཆར་དག་ཐེར་ལེགས་བཅོས་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབས་པ་དང་། ཕྱོགས6གི་གནད་དོན41རང་འགུལ་གྱིས་ངོས་འཛིན་རྩིས་ལེན་བྱས་ཤིང་། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས157གཏན་འབེབས་བྱས་ནས་དག་ཐེར་ལེགས་བཅོས་ཀྱི་ལས་འགན་དུས་ལྟར་སྤུས་ལེགས་ཀྱིས་ཡོངས་འགྲུབ་བྱས།

འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་པར་གནད་འཁེལ་ཞབས་འདེགས་ཞུས། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་བསགས་ལ་རྡུང་རྡག་དྲག་པོ་བཏང་ཞིང་། མི253འཛིན་བཟུང་ཆོག་མཆན་བཀོད་པ་དང་མི321ཞུ་གཏུག་བྱས། ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་བཅོལ་དངུལ་སྡུད་ལེན་དང་། མ་དངུལ་རུབ་བསྡུས་བྱས་ཏེ་མགོ་སྐོར་གཡོ་ལེན་བྱས་པ། བརྒྱུད་འཚོང་བྱས་པ་སོགས་མང་ཚོགས་དང་འབྲེལ་བའི་དཔལ་འབྱོར་ཉེས་ཅན17ཞུ་གཏུག་བྱས། སྦྲེལ་དྲའི་དངུལ་ལོར་ཉེན་ཁའི་ཆེད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཧུར་བརྩོན་གྱིས་ཞུགས་ཤིང་། དངུལ་ལོར་དོ་དམ་སྒྲིག་ལམ་ལ་གནོད་སྐྱེལ་བ་དང་དངུལ་ལོར་གྱིས་མགོ་སྐོར་གཡོ་ལེན་བྱས་པ་སོགས་ཀྱི་ཉེས་ཅན41འཛིན་བཟུང་ཆོག་མཆན་བཀོད་པ་དང་མི55ཞུ་གཏུག་བྱས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒོ་བྱང་བཀལ་ནས་ཐག་གཅོད་པར་ལྟ་སྐུལ་བྱས་པའི་ཝེ་མོའུ་ཝེ་སོགས་མི17གྱིས“གཡོ་ཐབས་བེད་སྤྱད་ནས་དངུལ་བུན་བཏང་བའི”གྱོད་གཞི་ནན་ཏན་སྒོས་ཐག་བཅད་དེ། གནོད་འཚེ་ཕོག་ཡུལ463གྱི་གྱོང་གུན་ཕྱིར་ལེན་ཞིང་བདེན་དོན་སྤེལ། ཤེས་ཡོན་ཐོན་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཤེས་ཡོན་ཐོན་དབང་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མི8འཛིན་བཟུང་ཆོག་མཆན་བཀོད་པ་དང་མི6ཞུ་གཏུག་བྱས། འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་ཁྲིམས་འགལ་གྱིས་དངུལ་སྡུད་པར་དོགས་ཟོན་དང་ཐག་གཅོད་བྱེད་པའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་དོགས་ཟོན་བྱེད་ནུས་ཇེ་དྲག་ཏུ་བཏང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་ལ་ཧུར་བརྩོན་གྱིས་ཞུགས་ཤིང་། རྫུན་ཞུ་གཡོ་ལེན་དང་བཀག་ཉར་ལྐོག་བགོས་སོགས་ཉེས་ཅན7ཞུ་གཏུག་བྱས། ཁྲིམས་འཛིན་རོགས་སྐྱོབ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་ལག་བསྟར་བསམ་འཆར་ནན་ཏན་སྒོས་དོན་འཁྱོལ་བྱས་ནས། རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་མི་སྣ146ལ་རོགས་སྐྱོབ་ཀྱི་མ་དངུལ་ཁྲི486ལྷག་གཏོང་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་ལ་བསྡོམས་པས་དབུལ་སྐྱོར་འཐབ་ཕྱོགས་དང་པོར་བྱ་བ་སྤེལ་བའི་ལས་བྱེད་ཉེན་རྟོག་པ74ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཞིབ་དཔྱོད་ཁང“2018ལོའི་གནད་འཁེལ་དབུལ་སྐྱོར་གྱི་སྔོན་ཐོན་སྡེ་ཚན”དུ་བདམས་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དམ་པོར་དམིགས་ནས། ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་བསགས་ཀྱི་ཆེད་དོན་གྱོད་ཐོ་འགོད་པར་ལྟ་སྐུལ་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། རྨ་ཆུའི་ཆུ་སྟོད(མཚོ་སྔོན་ས་ཁོངས)ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་སྤུས་ལེགས་ཀྱིས་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས། ཁོར་ཡུག་སྦག་བཙོག་བཟོས་པ་དང་ཁྲིམས་དང་འགལ་ནས་གཏེར་ཁ་སྔོག་འདོན་བྱས་པ། ནགས་ཤིང་གང་བྱུང་དུ་བཅད་པ་སོགས་ཉེས་ཅན49ཁྲིམས་ལྟར་ཞུ་གཏུག་བྱས།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུས་པ་དང་འགན་སྲུང་བྱས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་པར་དོ་སྣང་བྱས་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་བཟོ་བའི་ཉེས་བསགས་ལ་ཉེས་ཆད་དྲག་པོ་བཅད་ཅིང་། མི25འཛིན་བཟུང་ཆོག་མཆན་བཀོད་པ་དང་མི53ཞུ་གཏུག་བྱས། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ཉེས་བསགས་དང་འབྲེལ་བའི་གྱོད་གཞི་ཐག་གཅོད་འོས་འཚམ་བྱས་པ་དང་། གྱོད་གཞི་ནོར་འཁྲུལ་ཅན་ཁྲིམས་ལྟར་དུས་ཐོག་ཏུ་ཤན་འབྱེད་དང་ཡོ་བསྲང་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས《ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་གཏུག་བྱེད་པའི་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་ལག་བསྟར་བསམ་འཆར》གཏན་འབེབས་བྱས། དམངས་གཉེར་ཁེ་ལས་དང་འབྲེལ་བའི་གྱོད་གཞི་ལ་གྱོད་ཐོ་འགོད་པར་ལྟ་སྐུལ་དང་བཀག་སྐྱིལ་གྱི་དགོས་ངེས་རང་བཞིན་ལ་ཞིབ་བཤེར་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་བར་བཀོད་སྒྲིག་བྱས། “ཞིབ་དཔྱོད་ཀྱིས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི”བརྗོད་དོན་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། དམངས་གཉེར་ཁེ་ལས་པ300ལྷག་ཞིབ་དཔྱོད་ཁང་དུ་སྐྱོད་པར་གདན་འདྲེན་ཞུས།

རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་མུ་མཐུད་དུ་ཞིབ་དཔྱོད་ནུས་པ་འདོན་སྤེལ་བྱས། ལྟ་ཞིབ་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་འབྲེལ་མཐུད་གཞོགས་འདེགས་བྱེད་པའི་བྱ་བའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤོ་སྐྱེལ་བྱས་པའི་གྱོད་གཞི་ཐག་གཅོད་བྱ་བར་གཙིགས་སུ་བཟུང་ནས། གྱོད་གཞི་ཐག་གཅོད་པའི་སྤུས་ཚད་དང་ཕན་འབྲས་ལ་ཁག་ཐེག་བྱས། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གཉིས་དང་མཉམ་དུ་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི་ཐག་གཅོད་བྱ་བའི་འབྲེལ་མཐུད་བྱེད་ཐབས་གཏན་འབེབས་བྱས། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་གྱོད་གཞི72དང་མི86ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང་། མི52འཛིན་བཟུང་བྱེད་པར་གཏན་འཁེལ་བྱས་པ་དང་། མི93(ལོ་གོང་མའི་གསོག་འཇོག་འདུས)གཞུང་གཏུག་བྱས་པ་དང་། དེ་ལས་ཐིན་རིམ་པའི་ལས་བྱེད་པ4དང་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ9ཡོད། ལྐོག་རྔན་སྤྲད་པའི་ཉེས་བསགས་ཆད་གཅོད་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། ལྐོག་རྔན་སྤྲད་པའི་ཉེས་བསགས་གྱོད་གཞི10དང་མི12ཞུ་གཏུག་བྱས། ཁྲིམས་འཛིན་མི་སྣའི་འབྲེལ་ཡོད་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི3དང་མི5ལ་ཁྲིམས་ལྟར་གྱོད་ཐོ་བཀོད་ནས་ཞིབ་གཅོད་བྱས།

གསུམ། དྲང་སྙོམས་དྲང་བདེན་གྱི་རིན་ཐང་བརྩོན་ཕྱོགས་རྒྱུན་འཁྱོངས་བྱས་ནས“ཞིབ་དཔྱོད་ཆེན་པོ་བཞིར”གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བཏང་།

ཉེས་དོན་ཞིབ་དཔྱོད་ལེགས་སྒྲུབ་བྱས། མྱུལ་ཞིབ་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་འགོད་པར་ཞུས་པའི་ཉེས་བསགས་སྣ་ཚོགས་ཀྱི་དོགས་ཡོད་ཉེས་ཅན5753ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན13.2%འཕར་ཞིང་། མི4817འཛིན་བཟུང་ཆོག་མཆན་བཀོད་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན20.7%འཕར། མྱུལ་ཞིབ་ལས་ཁུངས་ཀྱིས་ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་མི9561ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན9.4%འཕར་ཞིང་། མི7154གཞུང་གཏུག་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན9.3%འཕར། མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི46ཐོ་འགོད་བྱས་པ་དང་གྱོད་གཞི7ཕྱིར་འཐེན་པར་ལྟ་སྐུལ་བྱས། མི62འཛིན་བཟུང་བསྐྱར་སྣོན་དང་མི70ཞུ་གཏུག་བསྐྱར་སྣོན་བྱས་པ་དང་། གྱོད་གཞི36རྒོལ་གཏུག་བྱས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་ཨང་དང་པོར་བཞག་ནས། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་དང་། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་དྲིལ་སྒྲོག་བྱས་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་མཐའ་གཅིག་ཏུ་ཉེས་ཆད་བཅད། བསམ་བཞིན་དུ་མི་བསད་པ་དང་བཙན་འཆིང་བྱས་པ་སོགས་གཏུམ་སྤྱོད་ཀྱི་ཉེས་བསགས་ཚབས་ཆེན་ལ་ཉེས་ཆད་དྲག་པོ་བཅད་ཅིང་། མི434འཛིན་བཟུང་ཆོག་མཆན་བཀོད་པ་དང་མི507ཞུ་གཏུག་བྱས་ལ། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར10.7%དང16.1%མར་ཆག་ཡོད། དུག་རྫས་ཉེས་བསགས་ལ་ཉེས་ཆད་དྲག་པོ་བཅད་ཅིང་། མི206འཛིན་བཟུང་ཆོག་མཆན་བཀོད་པ་དང་མི268ཞུ་གཏུག་བྱས་ལ། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར23.7% དང14.4%མར་ཆག་ཡོད། འཕྲོག་བཅོམ་དང་། བཙན་འཕྲོག རྐུ་ཁྱེར་སོགས་བྱུང་ཐེངས་མང་བའི་རྒྱུ་ནོར་གནོད་སྐྱེལ་གྱི་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། མི1184འཛིན་བཟུང་ཆོག་མཆན་བཀོད་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན18%མར་ཆག་ཅིང་། མི1585ཞུ་གཏུག་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན1.2%འཕར། ཉེན་ཁ་ཆེ་བའི་ངང་རླངས་འཁོར་བསྐོར་བའི་ཉེས་བསགས་གྱོད་གཞི་ཁྲིམས་ལྟར་ཐག་བཅད་ཅིང་། མི1349ཞུ་གཏུག་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན26.8%འཕར། གཡང་ག་གེ་མོས“སྤྱི་སྤྱོད་རླངས་འཁོར་གྱི་ཁ་འཁོར་བཙན་འཕྲོག་བྱེད་པའི”བདེ་འཇགས་ངང་རླངས་འཁོར་བསྐོར་བར་འགོག་རྐྱེན་བཟོས་ཏེ་སྤྱི་པའི་བདེ་འཇགས་ལ་གནོད་པའི་གྱོད་གཞིར་དམིགས་ནས་ཐེངས་དང་པོར་འཛིན་བཟུང་ཞིབ་བཤེར་བྱེད་པའི་ཡོངས་གྲགས་དཔང་ཉན་ཚོགས་འདུ་བསྡུས་ཏེ། ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་འགོད་པར་གཏན་འཁེལ་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་དང་ཁུལ་ཞིབ་དཔྱོད་ཁང་གིས་ལས་སྒོའི་གཞི་གྲངས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། གྲོས་མོལ་བཅས་ཀྱི་རྐྱེན་སྲོལ་རྒྱ་ཁྱབ་ཏུ་བཙུགས་ནས། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཀྱི་ཚོགས་འདུ་ཐེངས26བསྡུས། གྱོད་གཞི་ཐག་གཅོད་ཁྲོད་ཤེས་པའི་དུག་སྦྲིད་སྨན་རྫས་དོ་དམ་ཐད་ཀྱི་གནད་དོན་དང་ཉེན་ཁ་ཆེ་བའི་ངང་རླངས་འཁོར་བསྐོར་བའི་ཉེས་བསགས་མགྱོགས་མྱུར་གྱིས་འཕར་བའི་གནད་དོན་ལ་དམིགས་ནས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་སོ་སོར་ཞིབ་དཔྱོད་གྲོས་གཞི་བཏོན་ཏེ། གཙིགས་འཛིན་ཐོབ་པ་མ་ཟད་འབྲེལ་ཡོད་བྱ་བར་དུས་ཐོག་ཏུ་ཤུགས་སྣོན་དང་ལེགས་བཅོས་བྱས།

དམངས་དོན་ཞིབ་དཔྱོད་སྟོབས་ལྡན་དང་སྲིད་འཛིན་ཞིབ་དཔྱོད་དངོས་སྒྲུབ་བྱས། རིགས་སོ་སོའི་དམངས་དོན་གཏུག་བཤེར་གྱི་ལྟ་སྐུལ་གྱོད་གཞི707ལ་ཞིབ་བཤེར་དང་ཐག་གཅོད་བྱས་ཤིང་། རྒོལ་གཏུག་བྱེད་དགོས་པའི་གྱོད་གཞི5བཏོན་པ་དང་།བསྐྱར་ཞིབ་བྱེད་དགོས་པའི་ཞིབ་དཔྱོད་གྲོས་གཞི11བཏོན་པ། རྒོལ་གཏུག་བྱེད་དགོས་པའི་གྱོད་གཞི7ཞུ་འབུལ་བྱས་ཤིང་། འབྲེལ་ཡོད་སྡེ་ཚན་ལ་རིགས་སོ་སོའི་ཞིབ་དཔྱོད་གྲོས་གཞི12བཏོན་ནས། དག་ཐེར་ལེགས་བཅོས་བྱེད་དགོས་པའི་གྱོད་གཞི7ལན་བཏབ་པ་དང་། དང་ལེན་བྱེད་ཚད་ནི58.3%ཡིན། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་པར་རོགས་རམ་བྱས་ཏེ། ལག་བསྟར་བྱེད་སྒོའི་ལྟ་སྐུལ་གྱོད་གཞི271ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན113.4%འཕར། དམངས་དོན་གཏུག་བཤེར་མིན་པའི་ལག་བསྟར་ལྟ་སྐུལ་ཆེད་དོན་བྱེད་སྒོ་སྤེལ་ཞིང་། གཏུག་བཤེར་མིན་པའི་ལག་བསྟར་གྱི་ལྟ་སྐུལ་གྱོད་གཞི142ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་། ཞིབ་དཔྱོད་གྲོས་གཞི58བཏོན། དམངས་དོན་གཏུག་བཤེར་རྫུན་མའི་ཁྱབ་ཁོངས་སུ་རིམ་པ་ཟབ་མོའི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ། ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་བྱ་བ་ལེགས་སྒྲུབ་བྱས་ཏེ་གྱོད་གཞི92ཐག་བཅད་པ་དང་གྱོད་གཞི་དང་འབྲེལ་བའི་དངུལ་གྲངས་སྒོར་ཁྲི1099ཡོད། སྲིད་འཛིན་ཞིབ་དཔྱོད་ཀྱི་ལྟ་སྐུལ་གྱོད་གཞི194 ཐག་གཅོད་བྱ་རྒྱུ་དང་དུ་བླངས་པ་དང་། ཞིབ་དཔྱོད་གྲོས་གཞི104བཏོན། ཞིང་ཆེན་ཞིབ་དཔྱོད་ཁང་གིས《དུས་རབས་གསར་བའི་དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》གཏན་འབེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་དོན་ཞིབ་དཔྱོད་དང་སྲིད་འཛིན་ཞིབ་དཔྱོད་བྱ་བ་སྤེལ་བར་མཛུབ་སྟོན་བྱས། ཁྲིམས་རིག་པའི་དགེ་རྒན་ཆེན་མོ་དང་ཁྲིམས་རྩོད་པ་བསླབ་རྒན་སོགས་གདན་དྲངས་ནས་དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱི་ལྟ་སྐུལ་གྱོད་གཞིའི་ཆེད་མཁས་པ་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། “ཕྱི་ཀླད” ལ་བརྟེན་ནས་དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད ཀྱི་ལྟ་སྐུལ་བྱེད་ནུས་ཇེ་མཐོར་བཏང་།

སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བ་ལེགས་སྒྲུབ་བྱས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་རྣམ་པ”ཧུར་བརྩོན་གྱིས་རྒྱ་སྐྱེད་དང་ཕུན་སུམ་ཇེ་ཚོགས་སུ་བཏང་། “ལག་གདང་སྦྲེལ་ནས་རྙོག་ཟིང་བཞི་གཙང་སེལ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱེད་པ”དང“སྐྱེ་ཁམས་ས་ཁོངས་ཆེན་པོ་ལྔའི”བཀོད་པར་ཞབས་འདེགས་ཞུས་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཆེད་དོན་ཞིབ་དཔྱོད་བྱེད་སྒོ་སྤེལ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ནགས་རྩྭ་ཅུས་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་མཉམ་འབྲེལ་བྱས་ནས《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་བྱེད་པའི་རོགས་ལས་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་ལེན)》དངོས་སུ་བཏོན་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིའུ་ཉིང་སོགས་མགོ་ཁྲིད་ཀྱི་བཀའ་མཆན་དང་ཁས་ལེན་ཐོབ། ཞིང་ཆེན་ཞིབ་དཔྱོད་ཁང་དུ“གཙང་གསུམ་འབྱུང་ཡུལ་གྱི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་ལྟེ་གནས”ཀྱི་སྒོ་བྱང་བཀལ་ནས་བཙུགས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་བྱང་ཁུལ་སྲིད་གཞུང་། མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་བཅས་དང་མཉམ་དུ་སྤྱི་ཕན་ཞིབ་དཔྱོད་ཀྱི་མཚོ་སྔོན་པོའི་ཙོང་ཉ་སྐྱེ་འཕེལ་གློད་པའི་རྟེན་གཞི་བཙུགས། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་མི་དམངས་མཁའ་ཟོན་གཙོ་གཉེར་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་ཁེ་ལས་ལ་སྐུལ་འདེད་བཏང་ནས་འཇལ་ཆད་པའི་མི་དམངས་མཁའ་ཟོན་གནས་སྤོར་འཛུགས་སྐྲུན་དངུལ་སྒོར་ཁྲི4500ལྷག་ཕྱིར་ལེན་བྱས། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རྨ་ཆུའི་ཆུ་སྟོད་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་བསྣན་ཞིང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྦག་བཙོག་གི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་དང་པོ་ཁྲིམས་ལྟར་ཐག་གཅོད་བྱས། མཚོ་ནུབ་ཁུལ་ནུབ་རྒྱུད་གཏེར་ཁུལ་ཞིབ་དཔྱོད་ཁང་གིས་རྒྱལ་དབང་ས་ཞིང་བཤུག་དངུལ་བདའ་འདེད་བྱེད་པའི་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་བཏོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ཞིང་། སྤྱི་ཚོགས་སུ་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་དཔེར་མཚོན་གྱོད་དཔེ14ཁྱབ་སྒྲོག་བྱས་ནས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བྱ་བའི་སྤྱི་ཚོགས་ཀྱི་ཤེས་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་བཏང་། སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ1031འཚོལ་སྡུད་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན106.2%འཕར་ཞིང་། གྱོད་གཞི870ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བྱས་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན104.7%འཕར། ཞིབ་དཔྱོད་གྲོས་གཞི631བཏོན་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན93.6%འཕར་ལ། ཁྲིམས་ཁང་ལ་སྤྱི་ཕན་གཏུག་བཤེར་གྱོད་གཞི39བཏོན་ཞིང་། གཏོར་བརླག་བྱ་ཡུལ་གྱི་རྒྱལ་དབང་ནགས་ས་མུའུ1054དང་། ཁྲིམས་འགལ་གྱིས་སྤྱོད་སྒོ་སྒྱུར་བ་དང་བཟུང་སྤྱོད་བྱས་པའི་རྨོ་ཞིང་མུའུ363ཉམས་གསོ་བྱེད་པར་སྐུལ་འདེད་བཏང་བ་དང་། འཇལ་ཆད་བྱ་ཡུལ་རྒྱལ་དབང་ས་ཞིང་བེད་སྤྱོད་བྱེད་དབང་བཤུག་དངུལ་སྒོར་ཁྲི5690ལྷག་ཕྱིར་ལེན་པར་སྐུལ་འདེད་བཏང་།

བཞི། དམངས་ཀྱི་དོན་དུ་ཞིབ་དཔྱོད་དོན་དངོས་ལེགས་པོར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས།

དམངས་འཚོ་ཐད་ཀྱི་གཟེར་དམིགས་ཁྲིམས་ལྟར་མེད་པར་བཟོས། “ནན་ཤོས་བཞིའི” བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། མང་ཚོགས་ཀྱི“ལྕེ་ཐོག་བདེ་འཇགས”མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཤིང་། སྨན་རྫས་རྫུན་མ་དང་སྨན་རྫས་སྤུས་ཞན། དུག་ལྡན་གནོད་ལྡན་གྱི་ཟས་རིགས་སོགས་བཟོ་ཚོང་བྱས་པའི་ཉེས་ཅན31ཞུ་གཏུག་བྱས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཞིབ་དཔྱོད་ཁང་གིས་མྰ་ག་གེ་མོ་ཡིས “དུག་ལྡན་བསྙལ་ཕྱེ”ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་གཞིར་དམིགས་ནས་ཉེས་དོན་ཞོར་གཏོགས་དམངས་དོན་སྤྱི་ཕན་གཏུག་བཤེར་བཏོན་ཞིང་། ཁྲིམས་ཁང་གིས་ཁྲིམས་ལྟར་གྱོད་ཡ་ཡིས་ཉེས་དོན་འགན་འཁྲི་འཁུར་བ་མ་ཟད་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་འཇལ་དངུལ་ལྡབ10སྤྲོད་དགོས་པའི་ཁྲིམས་ཐག་བཅད། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་དྲ་ཐོག་བཟའ་བཏུང་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱིས་སྐྱེལ་ཟས་ཉོ་བར་སྔར་ལས་སེམས་བདེ་རུ་བཅུག གློག་འཕྲིན་དང་དྲ་རྒྱ་བེད་སྤྱད་དེ་མི་དམངས་ཀྱི “རྔུལ་ཁྲག་དངུལ” དང “སྲོག་སྐྱོབ་དངུལ”། “རྒན་གསོ་དངུལ” སོགས་མགོ་སྐོར་གཡོ་ལེན་བྱས་པའི་ཉེས་བསགས་ཉེས་ཆད་དྲག་པོ་བཅད་པ་དང་མི17ཞུ་གཏུག་བྱས། བུད་མེད་དང་བྱིས་པ། རྒན་རྒོན། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སོགས་ལ་གནོད་སྐྱེལ་བའི་ཉེས་བསགས་ལ་ཉེས་ཆད་བཅད་ཅིང་། མི476འཛིན་བཟུང་ཆོག་མཆན་བཀོད་པ་དང་མི574ཞུ་གཏུག་བྱས། གླ་རྒྱག་ཞིང་པས་གླ་ཕོགས་འདེད་ལེན་བྱེད་དཀའ་བའི་གནད་དོན་ལ་དམིགས་ནས། “གླ་རྒྱག་ཞིང་པས་གླ་ཕོགས་འདེད་ལེན་བྱེད་པའི་གནད་དོན་ཐག་གཅོད་པར་རོགས་ལས་བྱེད་པའི”ཆེད་དོན་ཞིབ་དཔྱོད་བྱེད་སྒོ་སྤེལ་ཞིང་། གླ་རྒྱག་ཞིང་པས་གྱོད་གཞི35ཞུ་གཏུག་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཆད་འགྱངས་ཀྱི་གླ་ཕོགས་སྒོར་ཁྲི1057འདེད་ལེན་བྱེད་པར་རོགས་རམ་བྱས།

ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བ་བློ་རྩེ་གཅིག་སྒྲིམ་གྱིས་ལེགས་སྒྲུབ་བྱས། འཛིན་བཟུང་ཆོག་མཆན་འགོད་པར་ཞུས་པའི་ལོ་ན་མ་སོན་པའི་མིའི་ཉེས་བསགས་གྱོད་གཞི204དང་མི372ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང་། མི300འཛིན་བཟུང་ཆོག་མཆན་བཀོད་པ་དང་མི72འཛིན་བཟུང་ཆོག་མཆན་མ་བཀོད་ཅིང་། ཞུ་གཏུག་ཞིབ་བཤེར་བྱེད་པར་སྤོ་སྐྱེལ་བྱས་པའི་མི576ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང་། མི455ཞུ་གཏུག་བྱས་པ་དང་མི58ཞུ་གཏུག་མ་བྱས། སློབ་གསོ་སྲིད་འཛིན་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་གཞི་ཨང་དང་པོ”དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་དུས་རབས་གསར་བའི་སློབ་རའི་ཁྲིམས་སྐྱོང་མཉམ་སྐྲུན་གྱི་བསམ་འཆར་གཏན་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ནས་སློབ་རའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་སྒོ་སྤེལ། ཞིབ་དཔྱོད་ཁང་དང་སློབ་གྲྭ་མཉམ་དུ་སྐྲུན་པར་ཤུགས་བསྣན་ནས་ཞིབ་དཔྱོད་ཁང་དང་སློབ་གྲྭ་ཆུང་འབྲིང(བྱིས་སྦྱོང་ཁང)980བར《ཞིབ་དཔྱོད་ཁང་དང་སློབ་གྲྭའི་མཉམ་ལས་མཉམ་སྐྲུན་གྱི་གྲོས་ཆིངས》བཞག་ཡོད། རིམ་པ་སོ་སོའི་ཅྰན་ཁྲ་ཀྲང་དང་ཅྰན་ཁྲ་ཀྲང་གཞོན་པ་ཚང་མས་སློབ་གྲྭ་ཆུང་འབྲིང་གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པའི་འགན་ཁུར་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་གཞོགས་འདེགས་བྱས་ནས“ཁྲིམས་སྐྱོང་གི་ཤེས་བྱ་སློབ་གྲྭར་སྐྱེལ་བའི”ས་ཁོངས་གསུམ་དང་ཁུལ་གསུམ་དུ་སྐོར་བཤད་བྱེད་སྒོ་སྤེལ་བ་དང་ཐེངས52སྐོར་བཤད་བྱས་པས། སློབ་མ་ཆུང་འབྲིང་དང་དགེ་རྒན། ཁྱིམ་བདག15000ལྷག་ལ་སློབ་གསོ་ཐོབ།

ཁྲིམས་འཛིན་ཁྱབ་ཁོངས་ཀྱི་མིའི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་། གུ་ཡངས་དང་ནན་མོ་ཟུང་དུ་སྦྲེལ་བའི་ཉེས་དོན་སྲིད་ཇུས་ལག་བསྟར་དང་། བདེན་དཔང་ལ་བརྟེན་ནས་ཁྲུན་ཐག་གཅོད་པ་དང་དོགས་ཡོད་ཉེས་བསགས་ཞུ་གཏུག་མི་བྱེད་པ་སོགས་ཀྱི་རྩ་དོན་དོན་འཁྱོལ་བཟང་པོ་བྱས་ཏེ། ནག་ཉེས་སུ་མ་གྱུར་པའམ་བདེན་དཔང་ཁུངས་བཙན་མེད་པའི་མི604འཛིན་བཟུང་མ་བྱས་པ་དང་མི319ཞུ་གཏུག་མ་བྱས། ཁྲིམས་རྩོད་པའི་ལས་གཉེར་བྱེད་དབང་ཁྲིམས་ལྟར་འགན་སྲུང་བྱས་ཐོག་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་ཚང་མས་ཁྲིམས་རྩོད་པ་སྣེ་ལེན་ཁང་བཙུགས་ནས། ཁྲིམས་རྩོད་པ་མི་ཐེངས1639སྣེ་ལེན་བྱས་པ་དང་། དག་སེལ་དང་དྲ་ཐོག་ཁ་ཆད་བསྒོ་བའི་ལས་ཚབ་གྱོད་གཞི686དང་ལེན་བྱས་ནས། ཅི་ཐུང་གང་ཐུབ་ཀྱིས་ཁྲིམས་རྩོད་པས་གྱོད་གཞི་ཐག་གཅོད་པར་སྟབས་བདེ་བཟོས། མང་ཚོགས་ཀྱི་རྒྱུས་ལོན་དབང་ཆ་དང་ཐེ་ཞུགས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། གྱོད་གཞིའི་ཆ་འཕྲིན་གལ་ཆེན1054དང་གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན10751ཡོངས་བསྒྲགས་དང་། མཇུག་བསྒྲིལ་རང་བཞིན་གྱི་བཅའ་ཁྲིམས་ཡིག་རིགས3184ཁྱབ་སྒྲོག་བྱས།

ཧུར་བརྩོན་གྱིས་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་གསར་གཏོད་ལ་ཞུགས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཉིན7གྱི་ནང་དུ་མང་ཚོགས་ཀྱི་སྐུར་ཡིག་གོ་རིམ་ལྟར་ལན་སློག་པ་དང་ཟླ་བ3གྱི་ནང་དུ་ཐག་གཅོད་བརྒྱུད་རིམ་མམ་ཡང་ན་ཐག་གཅོད་བྱས་འབྲས་ལན་འདེབས་པའི”ལམ་ལུགས་ཀྱི་གཏན་འབེབས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། སྐུར་ཡིག501ཐག་གཅོད་བྱ་རྒྱུ་དང་དུ་བླངས་ཤིང་། ལན་སློག་ཚད་དང་ལན་འདེབས་ཚད100%ཡིན་པ་དང་། ཞུ་གཏུག་མཚམས་འཇོག་ཚད98%ལ་བསླེབས་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གིས“བསམ་འཆར23”གཏན་འབེབས་བྱས་ནས་དུས་རབས་གསར་བའི“ཧྥེང་ཆའོ་ཡི་ཉམས་མྱོང”ལྡན་པའི་མཚོ་སྔོན་གྱི་ཞིབ་དཔྱོད་རྣམ་པ་ཆགས་པར་འབད་བརྩོན་བྱས། སྣ་མང་ཅན་གྱི་རྩོད་གླེང་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་ཁྲིམས་རྩོད་པའི་མཐུན་ཚོགས་གཉིས་གྲོས་མོལ་བྱས་ནས་ཁྲིམས་རྩོད་པས་དུས་བཅད་ལྟར་ལས་རེས་བྱེད་པའི་ལམ་ལུགས་བཙུགས་ལ། ཁྲིམས་རྩོད་པ་ཡིག་སྐུར་ངོ་གཏུག་ལ་སྣེ་ལེན་བྱེད་པའི་གྱོད་གཞི115ལ་ཞུགས། 12309ཞིབ་དཔྱོད་ཞབས་ཕྱིའི་དྲ་རྒྱ་རིམ་སྤར་འཛུགས་སྐྲུན་བྱས་ནས། ཁྲིམས་འཛིན་རོགས་སྐྱོབ་ཐབས་ལམ་ཐོགས་མེད་དང་འགན་སྲུང་བྱས་ཤིང་། ཁྲིམས་འཛིན་ལ་བརྟེན་ནས་མི་དམངས་ལ་སྟབས་བདེ་བཟོ་བའི་ཕན་འབྲས་ཇེ་ཆེར་བཏང་།

ལྔ། ཁྲིམས་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་དང་ཞིབ་དཔྱོད་བཅོས་སྒྱུར་ཟབ་སྤེལ་བྱས་ནས་བཅོས་སྒྱུར་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་སྤེལ་ཏན་ཏིག་བཏང་།

ཁྲིམས་འཛིན་སྒྲིག་སྲོལ་གྱི་ཆ་འགྲིག་བཅོས་སྒྱུར་ཟབ་སྤེལ་བྱས། ཞིབ་དཔྱོད་དཔོན་སྒྲིག་ཁོངས་སུ་འཇུག་པ་དང་ཕྱིར་འཐེན་པའི་བྱེད་ཐབས་འཐུས་ཚང་དུ་བཏང་བ་དང་། སྒྲིག་ཁོངས་སུ་འཇུག་པའི་ཞིབ་དཔྱོད་དཔོན་སྐོར་བཞི་བ་གདམ་གསེས་ལས་འགན་ཡོངས་འགྲུབ་བྱས་ཏེ་མི53སྒྲིག་ཁོངས་སུ་ཚུད་ཅིང་། ཞིབ་དཔྱོད་དཔོན31སྒྲིག་ཁོངས་ལས་ཕྱིར་འཐེན་བྱས། སྒྲིག་ཁོངས་སུ་ཚུད་པའི་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཀྱིས་ངེས་པར་དུ་གྱོད་གཞི་ཐག་གཅོད་དགོས་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གི་སྒྲིག་ཁོངས་སུ་ཚུད་པའི་མགོ་ཁྲིད་ཀྱིས་རིགས་སོ་སོའི་གྱོད་གཞི5952ཐག་བཅད་པ་དང་། ཅྰན་ཁྲ་ཀྲང་ཁྲིམས་རར་ཞུགས་རྒྱུ་དེ་རིམ་བཞིན་རྒྱུན་རྣམ་ཅན་དུ་གྱུར། མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་བྱས་པའི་རིམ་པ་སོ་སོའི་ཅྰན་ཁྲ་ཀྲང་དང་ཅྰན་ཁྲ་ཀྲང་གཞོན་པ་མི་ཐེངས129ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་ཨང་དང་པོར་གནས་ཡོད། གྲུབ་འབྲས་དཔྱད་ཞིབ་དང་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཞིབ་དཔྱོད་མི་སྣས་གྱོད་གཞི་མང་པོ་ཐག་གཅོད་པ་དང་གྱོད་གཞི་མགྱོགས་པོར་ཐག་གཅོད་པ། གྱོད་གཞི་ལེགས་པོར་ཐག་གཅོད་པར་ཁྲིད་སྟོན་བྱས།

ནང་འཛུགས་ལས་ཁུངས་ཀྱི་བཅོས་སྒྱུར་ལ་སྐུལ་སྤེལ་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ལས་ཁུངས་དང་། གྲོང་ཁྱེར་དང་ཁུལ། རྫོང་ཆུས་བཅས་སོ་སོའི་ནང་འཛུགས་ལས་ཁུངས་ཀྱི་བཅོས་སྒྱུར་ལ་ཧུར་བརྩོན་བརྟན་བརླིང་ངང་སྐུལ་སྤེལ་བཏང་བ་དང་། བཅོས་སྒྱུར་བྱས་རྗེས་ཞིང་ཆེན་ཞིབ་དཔྱོད་ཁང་གི་ནང་འཛུགས་ལས་ཁུངས18ཡོད་ཅིང་། བཙུགས་པའི་ལས་སྒོའི་ལས་ཁུངས་དེ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཕལ་ཆེར་མཐུན་པ་དང་། ལས་གནས་ཐོག་གི་ཉེས་བསགས་ཞིབ་དཔྱོད་དང་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད། ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་སོགས་སྡེ་ཁག་གསར་དུ་བཙུགས་ཤིང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་སྡེབ་སྒྲིག་བྱས། གྲོང་ཁྱེར་དང་ཁུལ། རྫོང་ཆུས་བཅས་སོ་སོའི་ཞིབ་དཔྱོད་ཁང་གི་ནང་འཛུགས་ལས་ཁུངས་ཀྱིས་རྣམ་པ་དུ་མ་སྤྱད་དེ་ཡུལ་བབ་དང་བསྟུན་པར་ལེགས་སྒྲིག་བྱས་ནས། ནང་འཛུགས་ལས་ཁུངས་ཀྱི་བཅོས་སྒྱུར་ལས་འགན་ཡོངས་སུ་འགྲུབ་པར་བྱས།

ཉེས་དོན་ལག་བསྟར་གྱི་ཞིབ་དཔྱོད་བྱ་བ་སྤེལ་བར་གསར་གཏོད་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་བཙོན་ཁང་དོ་དམ་ཅུས་བཅས་ཀྱིས《སྐོར་སྐྱོད་ཞིབ་དཔྱོད་བྱ་བའི་སྐོར་གྱི་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཐབས》གཏན་འབེབས་བྱས་ཏེ། བཙོན་ཁང་སོ་སོར་ཕྱོགས་ཡོངས་ནས་སྐོར་སྐྱོད་ཞིབ་དཔྱོད་བྱས་ཤིང་། ཤེས་པའི་གནད་དོན་ལ་དམིགས་ནས་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་བཏོན་ནས། བཙོན་ཁང་དོ་དམ་སྡེ་ཚན་སོ་སོས་ཧུར་བརྩོན་གྱིས་དག་ཐེར་ལེགས་བཅོས་བྱས་པ་དང་ཕན་འབྲས་བཟང་པོ་ཐོབ། ཉེས་ཅན་ལྟ་སྲུང་ཁང་དང་སྡེ་ཁུལ་ལ་སྐོར་སྐྱོད་ཞིབ་དཔྱོད་ཚོད་ལྟའི་བྱ་བ་སྤེལ་བར་འཚོལ་ཞིབ་བྱས་ཏེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་དང་། མཚོ་བྱང་ཁུལ་རྨིན་ཡོན་རྫོང་ཁྲིམས་འཛིན་ཅུས་དང་དེའི་ཁྲིམས་འཛིན་ཁང5བཅས་ལ་སྡེ་ཁུལ་ཡོ་བསྲང་གི་སྐོར་སྐྱོད་ཞིབ་དཔྱོད་ཚོད་ལྟའི་བྱ་བ་སྤེལ། ཁྲིམས་ཆད་འཁུར་བཞིན་པའི་ཉེས་ཅན་སྐོར་ཞིག་དམིགས་བསལ་བཙོན་གྲོལ་གཏོང་བར་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཞུ་འབུལ་ལས་ཁུངས་ཀྱིས་དམིགས་བསལ་བཙོན་གྲོལ་གཏོང་བར་ཞུས་པའི་མི101ལ་ཞིབ་བཤེར་བྱས་པ་དང་། མི88དམིགས་བསལ་བཙོན་གྲོལ་གཏོང་བར་འཐད་པའི་ཞིབ་དཔྱོད་བསམ་འཆར་བཏོན། རྒྱུ་ནོར་གྱི་ཁྲིམས་ཆད་ལག་བསྟར་བྱེད་པར་སྐུལ་སྤེལ་དང་བཙོན་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་དང་། དངོས་ཁྲིམས་བཅད་པའི་ཉེས་ཅན་ལ་ཁྲིམས་ཆད་ལག་བསྟར་མ་བྱས་པ་སོགས་ཀྱི་ཆེད་དོན་བྱེད་སྒོ་ཟབ་སྤེལ་བྱས། ཉེས་དོན་ལག་བསྟར་གྱི་ལྟ་སྐུལ་དོ་དམ་བྱེད་སྒོའི་ཁྲིམས་འགལ་གྱོད་གཞི105ཡོ་བསྲང་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན36.7%མར་ཆག་ཡོད། ཁྲིམས་ཆད་ཇེ་ཡང་དང་དངོས་མིན་བཙོན་འགྲོལ། བཙོན་ཁང་ཕྱི་རོལ་ཏུ་ཉེས་ཆད་གནས་སྐབས་སུ་ལག་བསྟར་བཅས་བྱེད་པའི་གྱོད་གཞི3234ལ་ཞིབ་བཤེར་བྱས་པ་དང་། ཉེས་ཆད་མི་འཚམ་པའི་མི69ཡོ་བསྲང་དང་སྒྱུར་བཅོས་བྱས་པ་དང་ལོ་གོང་མའི་དུས་མཉམ་དང་བསྡུར་ན36.7%མར་ཆག་ཡོད། བཀག་སྐྱིལ་གྱི་དགོས་ངེས་རང་བཞིན་ལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། གྱོད་གཞི་ཐག་གཅོད་ལས་ཁུངས་ལ་བཙན་ཤེད་ཀྱི་བྱེད་ཐབས་སྒྱུར་བའི་གྲོས་གཞི་བཏོན་པའི་མི323ཡོད་པ་དང་། དེ་ལས་དང་ལེན་ཐོབ་པའི་མི250ཡོད།

ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་དང་བདེ་འཇགས་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱི《ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་སྤྱོད་འོས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་སུ་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས། ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡངས་སུ་གཏོང་བའི་ལམ་ལུགས་བེད་སྤྱོད་འོས་འཚམ་བྱས་པའི་གྱོད་གཞི2274དང་མི2986ཡོད་པ་དང་། ཟླ12པར་སྤྱོད་འོས་པའི་ཚད74.4%ལ་བསླེབས་ཡོད།

དྲུག ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས་བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱས།

ཞིབ་དཔྱོད་ནན་སྐྱོང་བྱེད་པའི་ངེས་ཤུགས་མཐོ་མཐའ་བར་གསུམ་དུ་རྒྱུན་སྲུང་བྱས། ཏང་སྲོལ་སྲིད་གཙང་གི་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས” ལག་བསྟར་ནན་མོ་བྱས་ནས་དར་ཆ་གསལ་སྒྲེང་གིས་ཞིབ་དཔྱོད་ཁང་དུ་བཅའ་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས། ཀྲུང་དབྱང་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ནན་ཏན་སྒོས་ལག་ལེན་བྱས་པ་དང་། ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཐབས་ཤེས་དངོས་སྤྱད་དེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཚོགས་འདུའི་གྲངས་འབོར་ནི་ལོ་གོང་མའི་དུས་མཉམ་དང་བསྡུར་ན40%མར་ཆག་པ་དང་། ཡིག་ཆ་འགྲེམ་སྤེལ་བྱས་པའི་གྲངས་འབོར་ནི་ལོ་གོང་མའི་དུས་མཉམ་དང་བསྡུར་ན39.6%མར་ཆག་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དག་ཐེར་ལེགས་བཅོས་བྱེད་པ་བརྗོད་དོན་དུ་བཟུང་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་ཞིབ་དཔྱོད་ཁང་གིས་ཁོངས་གཏོགས་ནང་ཁུལ་དུ་ཆབ་སྲིད་སྐོར་སྐྱོད་ལྟ་ཞིབ་བྱས་པ་དང་། མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་ཞིབ་དཔྱོད་ཁང་དུ་སྐོར་ཞིབ་ཀྱི“ཕྱི་མིག་ལྟ་བའི”བྱ་བ་སྤེལ། རལ་ཁ་ནང་ལ་སྐོར་བ་རྒྱུན་འཁྱོངས་བྱས་པ་དང་། “འཛིན་སྟངས་བཞི”སྟབས་བསྟུན་གྱིས་བེད་སྤྱད་དེ་རིམ་པ་སོ་སོའི་ཞིབ་དཔྱོད་མི་སྣ་དང་ཁ་བརྡ་བྱས་ནས་མི46ལ་དྲན་སྐུལ་བྱས་པ་དང་། མི3ལ་ཡིག་ཐོག་འདྲི་རྩད་དང་མི14ལ་བསླབ་འདོམས་སྐུལ་ལྕག་གི་ཁ་བརྡ་བྱས་པ། མི16ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད།

བྱང་ཚད་དང་འཇོན་ཐང་གི་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་། “སློབ་གཉིས་བྱེད་གཅིག” གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག》ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱས། གཞི་ཁྱོན་ཆེན་མོ་དང་དངོས་གཞི་ཅན་གྱི་སློབ་གསོ་གསོ་སྦྱོང་གཏིང་ཟབ་སྒོས་སྤེལ་ཞིང་། རིམ་པ་དང་རིགས་བཀར་ནས་མགོ་ཁྲིད་ཀྱི་བྱང་ཚད་དང་འཇོན་ཐང་། ལས་གནས་རྩལ་ནུས་བཅས་ཀྱི་གསོ་སྦྱོང་སྐབས18སྤེལ་བ་དང་། གསོ་སྦྱོང་ལ་ཞུགས་པའི་ལས་བྱེད་ཉེན་རྟོག་པ་མི་ཐེངས3936ཡོད།“ཞིབ་དཔྱོད་ལན་འདེབས་དྲ་བ” དང་ཅྰན་ཁྲ་ཀྲང་ཁྲིད་སྟེགས་སུ་སྐྱོད་པ། ཞིབ་དཔྱོད་དཔོན་གྱིས་ཞིབ་དཔྱོད་དཔོན་ལ་སློབ་ཁྲིད་བྱེད་པ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྐོར་ཁྲིད་དང་སློབ་གསོར་རོགས་སྐྱོར་བྱེད་པ། ཁ་གཏད་རོགས་སྐྱོར་བྱེད་པ། ཞིབ་དཔྱོད་ཁང་དང་སློབ་གྲྭ་མཉམ་ལས་བྱེད་པ་སོགས་ཀྱི་ལས་སྟེགས་དང་རྐྱེན་སྲོལ་སྟབས་བསྟུན་གྱིས་བེད་སྤྱོད་བཟང་པོ་བྱས། སྐད་གཉིས་གཏུག་བཤེར་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བོད་སྐད་ཡིག་གི་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་བདེ་བླག་ངང་སློབ་མཇུག་བསྒྲིལ། རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་གི་མཚོ་སྔོན་ཡན་ལག་སློབ་གླིང་གི་ལས་གྲྭ་སྐྲུན་པར་སྐུལ་སྤེལ་བཏང་བ་དང་། ཁྲིམས་རིག་པའི་ཆེད་མཁས་པ་དང་ཞིབ་དཔྱོད་ལས་སྒོའི་ཆེད་མཁས་པ81གིས་མཚོ་སྔོན་ཡན་ལག་སློབ་གླིང་གི་གཅིག་ལྕོགས་དགེ་རྒན་གྱི་འགན་བཞེས་པར་གདན་འདྲེན་ཞུས།

ཚད་ལྡན་ཅན་གྱི་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་། ཞིང་ཆེན་ཞིབ་དཔྱོད་ཁང་གིས2018ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ཁྲིམས་འཛིན་བྱ་སྤྱོད་ཆེད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྐོར་སྐྱོད་གཟིགས་ཞིབ་དང་ཚད་ལྡན་དུ་གཏོང་བའི་ཁྲོད་ཤེས་པའི་འབུར་ཐོན་གནད་དོན་དང་ཟུང་འབྲེལ་དམ་པོ་བྱས་ཤིང་། ཉེ་བའི་ལོ་འགའི་རིང་ལ་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱིས་དངོས་སུ་བཏོན་པའི་ལམ་ལུགས་ཚད་ལྡན་གཞིར་བཟུང་ནས་ལམ་ལུགས་མེད་པར་བཟོ་བ་དང་། གསར་འཛུགས་དང་བཟོ་བཅོས་བྱེད་པའི་བྱ་བ་ནན་ཏན་སྒོས་ལེགས་པོར་བསྒྲུབས་ནས། ལམ་ལུགས49གསར་དུ་གཏན་འབེབས་དང་ལམ་ལུགས73བཟོ་བཅོས་དང་འཐུས་ཚང་དུ་བཏང་། བྱ་བའི་ཁྱད་ཆོས་དང་བཀྲག་ཆེ་ས་གསོ་སྐྱོང་བྱེད་པར་དོ་སྣང་བྱས་པ་དང་། ཁྱད་ཆོས་དང་བཀྲག་ཆེ་སར་བརྟེན་ནས་ཚད་ལྡན་གྱིས་ཁྲིམས་འཛིན་པར་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་ཐད་ཀུན་གྱི་ཡིད་ཆེས་ཚད་ཇེ་ཆེར་བཏང་།

གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན་ལ་ཤུགས་བསྣན། གཞི་རིམ་བྱ་བའི་ཁ་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱས་ཐོག་སྔར་ལས་མང་བའི་ཞིབ་དཔྱོད་སྟོབས་ཤུགས་དང་ཐོན་ཁུངས་གཅིག་བསྡུས་བྱས་ཏེ་གཞི་རིམ་དུ་བཞག་ནས། གཞི་རིམ་གྱི་ཞིབ་དཔྱོད་བྱ་བ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། པེ་ཅིན་དང་། ཧྲང་ཧའེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་རང་ཞིང་གི་ཁུལ་དྲུག་གི་ཞིབ་དཔྱོད་ལས་ཁུངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབྲེལ་འདྲིས་མཐུན་སྦྱོར་ལ་བསྟུད་མར་ཤུགས་བསྣན་ཏེ། ཁ་གཏད་རོགས་སྐྱོར་གྱི་བྱ་བའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། གཞི་གྲངས་ཆེན་མོའི་སྲིད་ཁྲིམས་ཆ་འཕྲིན་མཉམ་སྤྱོད་དང་གྱོད་གཞི་དོ་དམ། ཡིག་ཚགས་གྲངས་ཀ་ཅན་སོགས་རིག་ལྡན་ཞིབ་དཔྱོད་ལས་དོན་གྱི་འཛུགས་སྐྲུན་ལ་ཧུར་བརྩོན་གྱིས་སྐུལ་སྤེལ་བཏང་།

ལོ་གཅིག་གི་རིང་ལ། ང་ཚོས་ལྟ་སྐུལ་པས་དེ་བས་ཀྱང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་བརྟན་པོར་བཅངས་ཤིང་། རང་རྟོགས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན་བྱས་ནས། རིམ་པ་གཅིག་མཚུངས་ཀྱི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཁྲིམས་ལྟར་བྱ་བ་སྒྲུབ་ཚུལ་ཞུ་འབུལ་བྱས་པ་དང་། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིང་ཆེན་ཡོངས་ཀྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བྱ་བའི་གནས་ཚུལ་ཆེད་དོན་ཞུ་འབུལ་བྱས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་ཐག་གཅོད་པར་ནན་ཏན་སྒོས་ཞིབ་འཇུག་བྱས་པ་དང་། ལས་འགན་ལས་བགོས་ངེས་གསལ་བྱས་ཏེ་བྱ་བ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་རུ་ཁག་ཁྲིད་དེ་གྲོང་ཁྱེར་དང་ཁུལ་སོ་སོར་བསྐྱོད་ནས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་གཞི་གཅིག་བསྡུས་ཀྱིས་ལན་བཏབ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི28གདན་དྲངས་ནས་རང་ཞིང་གི་ཞིབ་དཔྱོད་བྱ་བར་གཟིགས་ཞིབ་བྱེད་པར་གཞོགས་འདེགས་བྱས། “ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི” བྱེད་སྒོ་ཐེངས4སྤེལ་བར་གཅིག་གྱུར་གྱིས་སྒྲིག་འཛུགས་བྱས་ནས། སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི3000ལྷག་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཞིབ་དཔྱོད་ལས་ཁུངས་སུ་བསྐྱོད། འཐུས་མི་དང་ཨུ་ཡོན། མི་དམངས་ལྟ་སྐུལ་པ་བཅས་གདན་དྲངས་ནས་ཞིབ་དཔྱོད་བྱ་བར་གཟིགས་ཞིབ་བྱས་ཤིང་། བསམ་འཆར་དང་གྲོས་གཞི་ནན་ཏན་སྒོས་ཉན་འཇོག་དང་ཐག་གཅོད་བྱས། གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་དང“པོད་ཕྲན་དང་འཕྲིན་ཕྲན། གསར་འགྱུར་སྤྱོད་སྣེ”སོགས་ཀྱི་བྱེད་སྟངས་བེད་སྤྱོད་གང་ལེགས་བྱས་ནས། ཞིབ་དཔྱོད་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་སྤྱི་ཚོགས་སུ་ཁྱབ་སྒྲོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་བརྒྱུད་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་། དུས་མཚུངས་སུ། ང་ཚོས་དམག་དཔུང་དང་ས་གནས་བར་གྱི་རོགས་ལས་ལ་ཤུགས་བསྣན་ནས། དམག་དོན་ཞིབ་དཔྱོད་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱས་ཤིང་། ཁྲིམས་སྐྱོང་ནི་དམག་སྒར་ནང་དུ་བསྐྱོད་པ་དང་ལས་སྒོ་བགྲོ་གླེང་། དམག་མི་སྒོ་འབྱེད་པའི་ཉིན་མོ་སོགས་ཀྱི་ཐབས་ཤེས་བཅུ་བེད་སྤྱད་དེ་དམག་དཔུང་དང་ས་གནས་བར་གྱི་རོགས་ལས་རྐྱེན་སྲོལ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་། སྔར་ལས་རང་འགུལ་གྱིས་དམག་དམངས་མཉམ་འདྲེས་ངང་འཕེལ་བར་ཞབས་འདེགས་དང་རྒྱལ་སྲུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ནས། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་ཞིབ་དཔྱོད་ཁང་གིས་བཅའ་སྡོད་དམག་དཔུང་གི་དམག་དོན་སྒྲིག་བཀོད་ལ་གནོད་འཚེ་ཕོག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་མ་བྱས་སྔོན་གྱི་ཞིབ་དཔྱོད་གྲོས་གཞི་བཏོན་ནས། རྒྱལ་སྲུང་གི་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱས།

འཐུས་མི་རྣམ་པ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་གྲུབ་འབྲས་ཐོབ་པ་ནི་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡང་དག་པར་མགོ་ཁྲིད་བྱས་པའི་འབྲས་བུ་ཡིན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནུས་ལྡན་གྱིས་ལྟ་སྐུལ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པའི་འབྲས་བུ་ཡིན་ལ། རིམ་པ་སོ་སོའི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་། སྲིད་གྲོས། འཐུས་མི་རྣམ་པ་བཅས་ཀྱིས་ཐུགས་ཁུར་བྱམས་སྐྱོང་བྱས་པའི་འབྲས་བུའང་ཡིན། འདིར་ངས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།

དུས་མཚུངས་སུ། ང་ཚོས་ཀྱང་ངོས་འཛིན་གསལ་བོ་བྱས་པ་ནི། རང་ཞིང་གི་ཞིབ་དཔྱོད་བྱ་བའི་ཐད་ད་དུང་མི་འདང་ས་མང་པོ་གནས་ཡོད་པ་དང་། དཀའ་ངལ་དང་འགྲན་སློང་མི་ཉུང་བ་མདུན་དུ་ལྷགས་ཡོད་དེ། གཅིག་ནི་འཕེལ་རྒྱས་ཁྱོན་ཡོངས་ཀྱི་དགོས་མཁོ་དང་བསྡུར་ན། འགན་ནུས་ལ་བརྟེན་ནས་འདོན་སྤྲོད་བྱས་པའི་རོགས་རམ་བྱེད་ཚད་ད་དུང་གནད་དུ་མ་འཁེལ་བ་དང་། འགན་སྲུང་བྱེད་ཤུགས་དང་ཞབས་ཕྱིའི་ཕན་འབྲས་ཐད་ད་དུང་ཧེ་བག་ངེས་ཅན་ཞིག་གནས་ཡོད། གཉིས་ནི་གནས་བབ་དང་ལས་འགན་གྱི་བླང་བྱ་དང་བསྡུར་ན། ཁྲིམས་འཛིན་གྱོད་གཞི་ཐག་གཅོད་པའི་འདུ་ཤེས་སྒྱུར་ཚད་ད་དུང་དམིགས་སར་མི་འབྱོར་བ་དང་། ལྟ་སྐུལ་ཁྲོད་ཕྱོགས་གཉིས་པོར་ཕན་ཁེ་ཐོབ་པ་དང་ཕྱོགས་མང་པོར་ཕན་ཁེ་ཐོབ་པ། ཐུན་མོང་ལ་ཕན་ཁེ་ཐོབ་པའི་བྱེད་ཐབས་མང་པོ་མེད། གསུམ་ནི་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ན། མཁོ་སྤྲོད་བྱས་པའི་ཞིབ་དཔྱོད་སྣ་ཁ་ད་དུང་ཕུན་སུམ་ཚོགས་པོ་མིན་པ་དང་། ལྷག་པར་དུ་ཟས་རིགས་དང་སྨན་རྫས་ཉེན་མེད་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་སུ་སྤྱི་པའི་ཁེ་ཕན་སྲུང་སྐྱོང་འགན་ནུས་སྔར་ལས་ལྷག་པར་ཟབ་སྤེལ་དང་རྒྱ་སྐྱེད་གཏང་དགོས། བཞི་ནི་འཁུར་བའི་འགན་འཁྲི་དང་བསྡུར་ན། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་མེད་པ་དང་། ཞིབ་དཔྱོད་དཔུང་སྡེའི་བྱང་ཚད་དང་འཇོན་ཐང་། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་སོགས་ད་དུང་སྔར་ལས་ལྷག་པར་ཤུགས་བསྣན་དགོས། གནད་དོན་དང་དཀའ་ངལ་འདི་དག་ལ་དམིགས་ནས་ང་ཚོས་བྱེད་ཐབས་བེད་སྤྱད་ནས་དངོས་གནས་ཐག་གཅོད་བྱ་དགོས།

2020ལོའི་བྱ་བའི་བཀོད་སྒྲིག

2020ལོའི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་སྤྱིའི་རིག་ལམ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གཙོ་ཕྱོགས་སུ་འཛིན་པ་དང་། བརྟན་འཕེལ་དང་དོན་འཁྱོལ། མཐོར་འདེགས་བཅས་བརྗོད་དོན་དུ་འཛིན་པ། སྔར་ལས་རང་རྟོགས་ཀྱིས་ཞིབ་དཔྱོད་འགན་ནུས་བེད་སྤྱོད་དང་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ཟུང་འབྲེལ་དམ་པོ་བྱས་ཏེ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་སྣ་ཚོགས་ལྷག་བསམ་རྣམ་དག་གིས་ལག་བསྟར་བཟང་པོ་བྱེད་ཅིང་། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་ཁྲིམས་སྐྱོང་རང་རྟོགས། ཞིབ་དཔྱོད་རང་རྟོགས་བཅས་ལ་བརྟེན་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྒྱུར་བར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་གདོན་དགོས།

གཅིག་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་གཞག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་ལག་བསྟར་བྱེད་ཅིང་། གཞུང་ལུགགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། རང་རྟོགས་ཀྱིས་ཚད་གཞི་ལ་ཞིབ་བསྡུར་སྒོས་ལག་བསྟར་བྱེད་ལ། གོ་བ་ལོན་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་རྩོལ་བ་སྤྱད་ནས། “འདུ་ཤེས་བཞི” སྔར་ལས་ཇེ་ཟབ་དང“ཡིད་ཆེས་བཞི” ཇེ་བརྟན་དུ་གཏོང་བ་། “ སྲུང་སྐྱོང་གཉིས” བསྒྲུབ་ཐུབ་པར་བྱ་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྒྲིག་སྲོལ》ནན་ཏན་སྒོས་དོན་འཁྱོལ་བྱ་དགོས། དགོངས་སྐོར་དང་ཞུ་འབུལ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཏང་གི་མགོ་ཁྲིད་གཙང་བཙན་དེ་ཞིབ་དཔྱོད་བྱ་བའི་ཕྱོགས་སོ་སོ་དང་བར་མཚམས་སོ་སོ། བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་བྱས་ནས། ཞིབ་དཔྱོད་བྱ་བའི་ཁ་ཕྱོགས་ཡང་དག་པ་ཐོག་མཐའ་བར་གསུམ་དུ་རྒྱུན་སྲུང་བྱ་དགོས།

གཉིས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་འཇགས་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། ཆབ་སྲིད་བདེ་འཇགས་ཀྱི་རྩ་བ་འདི་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱས་ཤིང་། ཞིབ་དཔྱོད་བར་མཚམས་སུ་བདེ་འཇགས་འགན་སྲུང་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱེད་པའི་ཐབས་ཤེས་སྣ་ཚོགས་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ཤུགས་རྐྱེན་རང་བཞིན་ལྡན་པའི་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་བཟང་པོ་བྱ་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་གཏིང་ཟབ་སྒོས་སྐུལ་སྤེལ་གཏོང་ཞིང་། “འབྲེལ་རྒྱ་གཅོད་ཅིང་སྲུང་གདུགས་འཇོམས་པ”དང“ནོར་ལམ་འགོག་ཅིང་ཁྲག་རྩ་གཅོད་པ”དེ་གཙོ་རྒོལ་ཁ་ཕྱོགས་སུ་བཟུང་ནས། ནག་ངན་དང་འབྲེལ་བའི་གྱོད་གཞིའི་འཛིན་བཟུང་དང་ཞུ་གཏུག་བྱ་བའི་སྤུས་ཚད་དང་ཕན་འབྲས་སྔར་ལས་མཐོར་འདེགས་གཏང་དགོས།

གསུམ་ནི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ཏན་ཏིག་གིས་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱ་དགོས། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པ་དང་ལེགས་པོར་རྒྱག་པར་སྔར་ལས་ཧུར་བརྩོན་གྱིས་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱ་དགོས། ཁྲོམ་ར་སོ་སོའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འདྲ་མཉམ་ཀྱིས་སྲུང་སྐྱོང་དང་། དམངས་གཉེར་ཁེ་ལས་དང་འབྲེལ་བའི་གྱོད་གཞི་ཐག་གཅོད་གཟབ་ནན་བྱས་ཏེ། ཁེ་ལས་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“ མཚོ་སྔོན་རྣམ་པ” སྔར་ལས་ཟབ་སྤེལ་དང་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་འདྲེས་རྒྱུན་འཁོར་བྱེད་པའི་རྐྱེན་སྲོལ་རྒྱ་ཆེར་སྤེལ་བ། “གཙང་གསུམ་འབྱུང་ཡུལ”སྲུང་སྐྱོང་བྱེད་པའི་སྤྱི་ཕན་གཏུག་བཤེར་གྱི་ཆེད་དོན་བྱེད་སྒོ་དང“ཁྱིམ་ཚང་ཁྲི་སྟོང་མང་པོའི་ལྕེ་ཐོག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི” ཆེད་དོན་ཞིབ་དཔྱོད་ལྟ་སྐུལ་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ལ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཞིབ་དཔྱོད་ཀྱི་གྲུབ་འབྲས་མངོན་པར་བྱ་དགོས།

བཞི་ནི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་གསར་གཏོད་ཟབ་སྤེལ་བྱ་དགོས། “ཧྥེང་ཆའོ་ཡི་ཉམས་མྱོང” ལྡན་པའི་མཚོ་སྔོན་ཞིབ་དཔྱོད་རྣམ་པ་དོན་འཁྱོལ་དང་ཟབ་སྤེལ་བྱེད་པའི་བྱ་བ་སྣ་ཚོགས་གཏིང་ཟབ་དང་ཏན་ཏིག་གིས་སྒྲུབ་པ་དང་། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་ཁྲོད་དུ་རང་འགུལ་གྱིས་ཞུགས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་གཏོང་བར་འབད་བརྩོན་བྱ་དགོས། ཞིབ་དཔྱོད་འགན་ནུས་དང་སྦྲེལ་ནས་ཁྲིམས་ལུགས་སློབ་གསོའི་བྱ་བར་ཤུགས་སྣོན་པ་དང་། “སུས་བཅའ་ཁྲིམས་ལག་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི” འགན་འཁུར་ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། རང་ཉིད་ཀྱིས་སྐྱོང་བ་དང་བཅའ་ཁྲིམས་ཀྱིས་སྐྱོང་བ། སྤྱོད་བཟང་གིས་སྐྱོང་བ་བཅས་མཉམ་དུ་འདྲེས་པར་སྐུལ་འདེད་གཏང་དགོས། ལོ་ན་མ་སོན་པའི་མིའི་ཞིབ་དཔྱོད་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་དུ་སྒྱུར་བར་སྐུལ་སྤེལ་བཏང་སྟེ། ཁྲིམས་སྐྱོང་ལ་བརྟེན་ནས་ལོ་ན་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བྱ་དགོས།

ལྔ་ནི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཆུ་ཚད་སྔར་ལས་མཐོར་འདེགས་གཏང་དགོས། ལྟ་སྐུལ་བྱེད་པའི་ཁྲོད་དུ་གྱོད་གཞི་ཐག་གཅོད་པ་དང་གྱོད་གཞི་ཐག་གཅོད་པའི་ཁྲོད་དུ་ལྟ་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “ཞིབ་དཔྱོད་ཆེན་པོ་བཞི”ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་བ་དང་། གྱོད་ཐོ་འགོད་པར་ལྟ་སྐུལ་དང་མྱུལ་ཞིབ་བྱེད་སྒོར་ལྟ་སྐུལ། ཉེས་དོན་ལག་བསྟར་ལ་ལྟ་སྐུལ། ཁྲིམས་འཛིན་བྱ་བ་སྒྲུབ་མཁན་གྱི་འབྲེལ་ཡོད་ལས་གནས་ཐོག་གི་ཉེས་བསགས་གྱོད་གཞི་ཞིབ་གཅོད་སོགས་ཀྱི་བྱ་བར་ཤུགས་བསྣན་དགོས། མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་ཐད་དུས་ཐོག་ཏུ་ལན་འདེབས་པ་དང་ནག་ཉེས་ངོས་ལེན་དང་ཉེས་ཆད་ངོས་ལེན་བྱེད་པར་གུ་ཡོངས་སུ་གཏོང་བའི་ལམ་ལུགས་སྤྱོད་འོས་པ། ཁྲིམས་འཛིན་རོགས་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་ཤུགས་སྔར་ལས་ཇེ་ཆེར་བཏང་ནས་ལྟ་སྐུལ་ཕན་འབྲས་ཇེ་དྲག་ཏུ་གཏང་དགོས། ཞིབ་དཔྱོད་གྲོས་གཞིའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏང་དགོས། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་གི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས། རིག་ལྡན་ཞིབ་དཔྱོད་ལས་དོན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས།

དྲུག་ནི་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེའི་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་ཆེ་བའི་སྟོབས་ཤུགས་ལ་བརྟེན་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཞིབ་དཔྱོད་ནན་སྐྱོང་བྱེད་རྒྱུ་དེ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཁྲིད་པ་དང་། ལས་སྒོ་རང་བཞིན་ཧ་ཅང་ཆེ་བའི་ཆབ་སྲིད་འཛུགས་སྐྱོང་དང་ཆབ་སྲིད་རང་བཞིན་ཧ་ཅང་ཆེ་བའི་ལས་སྒོ་འཛུགས་སྐྱོང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས། ཏང་གི་འཛུགས་སྐྱོང་ལ་བརྟེན་ནས་དཔུང་སྡེའི་འཛུགས་སྐྱོང་ལ་སྐུལ་ཁྲིད་དང་ལས་སྒོ་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་ཏེ། མགོ་ཁྲིད་ལས་བྱེད་པའི“སྣ་ཁྲིད་ཁྲུང་ཁྲུང་གི་ནུས་པ”འདོན་སྤེལ་བྱ་དགོས། དངོས་འཐབ་དང་དངོས་སྤྱོད། ཕན་འབྲས་བཅས་འཁྲིད་ཕྱོགས་སུ་བཟུང་ནས“ཞིབ་དཔྱོད་ལག་ཤེས་པ”ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། “སྤྱོད་ཚུལ་བཞིའི”གནད་དོན་དང་། ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱ་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དངོས་གནས་ཤུགས་བསྣན་ནས་རྟ་ཁྱུར་གནོད་པའི་རྟ་ངན་མཐའ་གཅིག་ཏུ་གཙང་སེལ་བྱ་དགོས།

འཐུས་མི་རྣམ་པ། ལོ་གསར་བའི་ནང་དུ། ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས་ཤིང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་ཕོད་པ་དང་དཀའ་སྒྲུབ་དངོས་སྒྲུབ་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་བསྐྲུན་པར་བྱས་རྗེས་གསར་བ་གཞག་དགོས། །

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། : གསང་བདག་རྒྱལ།