ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གྱི་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་བསམ་འཆར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་སོ་སོ་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང་། ཅུའུ་སོ་སོ་བཅས་ལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གྱི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་མཛུབ་སྟོན་བསམ་འཆར(རྒྱལ་གཞུང་སྤེལ〔2018〕ཨང་121པ)ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ཞིང་གི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས། འཛད་སྤྱོད་གཏིང་ཤུགས་སྔོག་འདོན་དང་གློད་གྲོལ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། དཔལ་འབྱོར་འཕར་སྣོན་འབྱུང་བྱེད་ཀྱི་རྩོལ་ནུས་གསར་པ་སྐྲུན་པ་བཅས་ཀྱི་ཆེད་དུ། རང་ཞིང་གི་གནས་ཚུལ་དངོས་ལ་ཟུང་སྦྲེལ་བྱས་ཤིང་། ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་དེ། གཤམ་གྱི་ལག་བསྟར་བསམ་འཆར་གཏན་ལ་ཕབ་པ་ཡིན།


གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ། 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་བཀོད་སྒྲིག་ལྟར། འཐབ་ཇུས་བཞི་ཅན་ལྔ་ལག་བསྟར་གཏིང་ཟབ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྐུལ་འདེད་ཤུགས་ཆེན་བྱེད་པ། བཅོས་སྒྱུར་ནི་སྒུལ་ཤུགས་དང་ཁྲོམ་ར་ནི་ཁྲིད་ཕྱོགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་བ་དང་། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་ཆེད་ལས་ཅན་དང་ཚོང་རྟགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུད་འདེད་དང་། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་དང་རྒྱུ་མང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་རིམ་པ་མང་ཞིང་སྣ་མང་ཅན་གྱི་འཚོ་བའི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་ཐབས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་སུ་གཏང་དགོས།

(གཉིས)འཕེལ་རྒྱས་དམིགས་འབེན། 

2025ལོ་རག་ཏུ། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་ནི་སྒོར་དུང་ཕྱུར་20ལ་བསླེབ་པར་བྱ་རྒྱུ་ཡིན། ཐོན་རྫས་ཕུན་སུམ་ཚོགས་ཤིང་སྒྲིག་གཞི་ལུགས་དང་མཐུན་པ། རྨང་གཞི་སྲ་ཞིང་བརྟན་པ། འཕེལ་རྒྱས་དོ་མཉམ་ཡིན་པ་འི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་མ་ལག་ཐོག་མའི་ཆ་ནས་འཛུགས་རྒྱུ་ཡིན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ་སོགས་གྲོང་ཁྱེར་(ཁུལ)8ལ་ལུས་རྩལ་འགྲན་སྡུར་གྲོང་ཁྱེར་(གྲོང་རྡལ)འཛུགས་སྐྲུན་བྱས་ཏེ། རང་བདག་གི་ཤེས་བྱའི་ཐོན་དབང་ཡོད་པའི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཚོང་རྟགས་8བསྐྲུན་རྒྱུ་དང་། མིང་གྲགས་ཅུང་ཆེ་བའི་རྒྱལ་སྤྱིའི་ཚོང་རྟགས་ཅན་གྱི་འགྲན་སྡུར་15དང་རྒྱལ་ཁབ་ཀྱི་འགྲན་སྡུར་30སྤེལ་རྒྱུ་ཡིན་ལ། ཁྲོམ་རའི་འགྲན་རྩོད་ནུས་པ་ཅུང་སྟོབས་པོ་ལྡན་པའི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན། 


གཉིས། ལས་འགན་གཙོ་བོ།

(གཅིག)རྒྱལ་སྤྱིའི་ཚོང་རྟགས་ཅན་གྱི་འགྲན་སྡུར་དེ་ཁྲོམ་ར་ཅན་དུ་སྒྱུར་བའི་ཐབས་ལམ་འཚོལ་ཞིབ་བྱ་དགོས།

རང་འགུལ་གྱིས་“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་འདྲེས་པར་བྱེད་ཅིང་། མཚོ་སྔོན་པོར་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་ཚོད་ལྟ་བྱ་ཡུལ་བྱས་ཏེ། འགྲན་སྡུར་སྤེལ་རྒྱུག་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་ཅིང་ཁྲོམ་ར་ཅན་ལྟར་གཉེར་སྐྱོང་བྱེད་པའི་མ་དཔེ་འཛུགས་སྐྱོང་བྱས་ཐོག “WKF”རང་དབང་དམར་འཛིང་འགྲན་སྡུར་དང་“ཁུ་ནུའི་དཔའ་རྒོད”ཁུར་འཛིང་འགྲན་སྡུར་སོགས་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་པའི་འགྲན་སྡུར་ཚོང་རྟགས་ཅན་གཉེར་སྐྱོང་ལེགས་པོ་བྱ་དགོས། རྒྱལ་སྤྱིའི་ཕོ་རྩེད་ལྒང་ལིའི་རྩལ་མཁས་འགྲན་སྡུར་དང་གངས་དཀར་གངས་ཤུད་རི་འཛེགས་མཁན་ཆེན་འགྲན་སྡུར། ཀྲུང་གོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེར་སོན་འགྲན་སྡུར་སོགས་ཀྱི་རྒྱལ་སྤྱིའི་ཅན་དང་ཁྲོམ་ར་ཅན། ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་བཏང་ནས། རང་ས་གནས་ཀྱི་རྒྱལ་སྤྱིའི་ཚོང་རྟགས་ལྡན་པའི་འགྲན་སྡུར་IPསྐོར་ཞིག་བསྐྲུན་དགོས། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་རྩ་འཛུགས་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་མཉམ་ལས་རྐྱེན་སྲོལ་འཛུགས་པར་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་ཚོང་རྟགས་ལྡན་པའི་འགྲན་སྡུར་དེ་གྲོང་ཁྱེར་(གྲོང་རྡལ)དང་བཟང་གཤིས་མཉམ་འགུལ་བྱེད་ཅིང་མཉམ་ཁེ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(གཉིས)རྒྱལ་ནང་གི་མིང་གྲགས་ཆེ་བའི་འགྲན་སྡུར་ཚོང་རྟགས་ཅན་ནང་འདྲེན་བྱ་དགོས།

མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་རྒྱབ་བརྟེན་ཏེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག་ཡིན་པའི་འགྲན་སྡུར་སྤེལ་སྒྲུབ་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག རྒྱལ་ནང་གི་མིང་དུ་གྲགས་པའི་འགྲན་སྡུར་ཚོང་རྟགས་ཅན་རིགས་མི་འདྲ་བ་སྣ་ཚོགས་ཧུར་ཐག་གིས་ནང་འདྲེན་བྱེད་པ་དང་བསྒྲུབ་རྒྱུའི་རེ་ཞུ་འདོན་པ་དང་། CBAཡི་དུས་སྔོན་འགྲན་སྡུར་དང་ཀྲུང་གོའི་རྩེ་རིམ་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་གྱི་སྟ་གོན་འགྲན་སྡུར། སྣ་རྐྱང་ལུས་རྩལ་འགྲན་སྡུར་སྣ་ཚོགས་སོགས་སྒྲུབ་གཉེར་བྱེད་པ་བརྒྱུད་ནས། རྒྱལ་ནང་གི་རྩེ་གྲར་སོན་པའི་ལྒང་ལི་དང་རྐང་གྲུག ལག་གྲུག མཱ་ལ་སུང་། མྱུར་འབབ། དེང་རབས་མདའ་འཕེན། འཕུར་སྐྱོད། གཡེང་སྐྱོད་སོགས་ཀྱི་རྣམ་གྲངས་མཐོ་སྒང་དུ་གཞིས་ཆགས་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས། ན་གཞོན་དང་གཞོན་ནུའི་ལུས་རྩལ་འགྲན་སྡུར་ལ་མ་དངུལ་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྐང་གྲུག་དང་ལྒང་ལི་སོགས་རྣམ་གྲངས་ཀྱི་“ལོ་སྟར་མའི”འགྲན་སྡུར་སྒྲུབ་གཉེར་བྱ་དགོས་ལ། ན་གཞོན་གསོ་སྦྱོང་དང་ཕན་ཚུན་བཅར་འདྲི། འགྲན་སྡུར་སྒྲུབ་སྤེལ་སོགས་ཀྱི་ཕྱོགས་མཐའ་ཀུན་ནས་མཉམ་ལས་བྱེད་པ་དང་། ན་གཞོན་གསོ་སྦྱོང་དང་སྐྱེད་སྲིང་གི་མ་ལག་འཐུས་སྒོ་ཚང་བར་འཛུགས་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(གསུམ)ལས་རིགས་འགྲན་སྡུར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས།

རང་འགུལ་ངང་རྒྱལ་ནང་གི་ལས་རིགས་འགྲན་སྡུར་སྒྲུབ་གཉེར་བྱེད་པ་དང་། ལས་རིགས་ལུས་རྩལ་པ་དང་འགྲན་སྡུར་གཉེར་སྐྱོང་འཇོན་མི་གདན་འདྲེན་དང་། སྤྱི་ཚོགས་མ་རྩ་ནང་འདྲེན་བྱས་ཏེ། རྐང་གྲུག་དང་ལྒང་ལི། ལྕགས་རྟ། དྲག་རྩལ། ཁུར་འཛིང་། དམར་འཛིང་། ཕའེ་ཕང་སྤོ་ལོ་བཅས་ཀྱི་མཉམ་སྤྲོ་ཁང་འཛུགས་པ་དང་། རྩལ་ཁྲིད་པ་དང་ལུས་རྩལ་པ་དག་ལས་རིགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱ་དགོས། ལས་རིགས་ལུས་རྩལ་མཉམ་སྤྲོ་ཁང་གི་རྩ་འཛུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། གཙོ་གཞི་སྣ་མང་གིས་ལས་རིགས་མཉམ་སྤྲོ་ཁང་འཛུགས་པར་སྐུལ་མ་གཏང་དགོས། སྤྱི་ཚོགས་སྟོབས་ཤུགས་དེ་རྩལ་འགྲན་ལུས་རྩལ་གྱི་རྗེས་གྲབས་འཇོན་མི་སྐྱེད་སྲིང་ལ་ཞུགས་པར་སྣེ་ཁྲིད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་ལས་རིགས་ལུས་རྩལ་གྱི་ཁྱད་ཆོས་ལ་འཚམ་པའི་ལས་རིགས་ལུས་རྩལ་པའི་དོ་དམ་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱས་ནས། མཉམ་སྤྲོ་ཁང་གིས་ལས་རིགས་འགྲན་སྡུར་གྱི་ཁྲོད་དུ་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་བཅས་ཀྱིས་རམ་འདེགས་བྱ་དགོས།)

(བཞི)ལས་ཞོར་འགྲན་སྡུར་སྤུས་ལེགས་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱ་དགོས།

ཞིང་ཆེན་རིམ་པའི་འགྲན་སྡུར་དཔྱད་འཇོག་མ་ལག་འཐུས་སྒོ་ཚང་བར་འཛུགས་དགོས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང་བཅས་ཀྱི་ལུས་རྩལ་དང་སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཀྱི་འགན་ནུས་སྡེ་ཁག་དང་རིགས་མི་འདྲ་བའི་ལུས་རྩལ་ཚོགས་པའི་རྩ་འཛུགས་ལ་རྒྱབ་བརྟེན་ནས། རྟ་རྒྱུག་དང་། བྱེས་རྒྱུག དམར་འཛིང་། ཀོ་གྲུ། འཁྱགས་ལྟིར། སྟེགས་གྲུག ལུས་རྩལ་ཞབས་བྲོ། ལུས་སྦྱོང་། གཟུགས་མཛེས། སྐོར་བྲོ་སོགས་དམངས་ཡོངས་ལུས་སྦྱོང་དང་མང་ཚོགས་ལུས་རྩལ་གྱི་འགྲན་སྡུར་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས། ལོ་ཧྲིལ་པོར་འགྲན་སྡུར་བྱེད་སྒོ་རིགས་མི་འདྲ་བ་ཐེངས་ཁྲི་ཚོ་ཡན་སྤེལ་བར་བརྩོན་དགོས་པ་དང་། ལས་ཞོར་འགྲན་སྡུར་སྤུས་ལེགས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཀྱི་རིམ་བསྒྲིགས་ཨང་ཐོ་ཁྱབ་བསྒྲགས་བྱེད་པ་མ་ཟད་སྐུལ་ལྕག་འདེབས་པ་དང་ཕྱིར་འཐེན་བྱེད་པའི་རྐྱེན་སྲོལ་ནང་འདྲེན་བྱ་དགོས། ལུས་རྩལ་འགྲན་སྡུར་གྱི་ཚོང་རྟགས་གསར་གཏོད་ལ་ཤུགས་སྣོན་རྒྱག་པར་སྐུལ་མ་གཏོང་བ་དང་། “ས་ཆ་གཅིག་ལ་ཚོང་རྟགས་གཅིག”དང་“ལས་རིགས་གཅིག་ལ་ཚོང་རྟགས་གཅིག”བསྐྲུན་དགོས་ལ། རང་ཞིང་གི་ཆུ་ཚད་མཐོ་ཤོས་མཚོན་པའི་མཚོ་སྔོན་ཞིང་ཆེན་གྱི་ལྒང་ལི་མཉམ་འབྲེལ་འགྲན་སྡུར་(QBA)དང་རྐང་གྲུག་མཐུན་ཚོགས་རྟགས་ཅན་གྱི་གྲོང་ཁྱེར་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་སོགས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཡོད་ཅིང་མིང་གྲགས་ཆེ་བའི་ལས་ཞོར་འགྲན་སྡུར་སྤུས་ལེགས་གསོ་སྐྱོང་བྱ་དགོས། དམངས་ཡོངས་ལུས་སྦྱོང་གི་“མང་ཚོགས་གམ་གྱི་དོན་དྲུག”ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བ་ལེགས་པོར་བསྒྲུབས་ཏེ། མང་ཚོགས་རྣམས་འགྲན་སྡུར་བྱེད་སྒོར་ཞུགས་པའི་གནད་དོན་ཤུགས་བཏོན་ནས་ཐག་གཅོད་བྱ་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་འགྲིལ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(ལྔ)གངས་འཁྱགས་ལུས་རྩལ་འགྲན་སྡུར་གསོ་སྐྱོང་ཧུར་ཐག་བྱ་དགོས།

པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྤེལ་རྒྱུར་གྲ་སྒྲིག་བྱེད་པའི་གོ་སྐབས་ལ་བརྟེན་ནས། རང་ཞིང་གི་གངས་འཁྱགས་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་སུ་གཏོང་བ་དང་། མདོ་བའི་རྒྱལ་ཁབ་རིམ་པའི་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་གངས་ཤུད་ར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། “མཚོ་སྔོན་གྱི་གངས་འཁྱགས་མིང་བྱང་”བསྐྲུན་དགོས། མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ལུས་རྩལ་འགུལ་སྐྱོད་མཐུན་ཚོགས་འཛུགས་པ་དང་། གངས་ཤུད་ར་བ་དང་འཁྱགས་ཤུད་ཁང་འཛུགས་པར་རྒྱབ་སྐྱོར་བྱ་དགོས་ལ། འཁྱགས་ལྟིར་དང་བྱེས་རྒྱུག་གངས་ཤུད་དང་དགུན་དུས་རྣམ་གྲངས་གཉིས་བཅས་གཙོ་བོ་ཡིན་པའི་གངས་འཁྱགས་འགྲན་སྡུར་སྤུས་ལེགས་དང་། གངས་འཁྱགས་སྤྲོ་ཚོགས། མང་ཚོགས་ཀྱི་གངས་འཁྱགས་ལུས་སྦྱོང་ཉམས་ལེན་བཅས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པ་ཤུགས་ཆེན་པོས་སྤེལ་དགོས། “ན་གཞོན་གཞོན་ནུ་ས་ཡ་ཕྲག་གངས་འཁྱགས་ལ་རོལ་བ་”དང་“སློབ་རའི་གངས་འཁྱགས་ལུས་རྩལ་འཆར་གཞི”སྐུལ་སྤེལ་བཏང་ནས། གངས་འཁྱགས་ལུས་རྩལ་རྣམ་གྲངས་དག་ན་གཞོན་དང་གཞོན་ནུའི་གྲས་སུ་ཁྱབ་གདལ་བཏང་ཚད་དང་ཐེ་ཞུགས་བྱས་ཚད་ཇེ་ཆེར་གཏང་དགོས། ཟི་ལིང་གྲོང་ཁྱེར་ལྟེ་བར་བཟུང་སྟེ། “གངས་འཁྱགས་ལུས་རྩལ་འགུལ་སྐྱོད་མུ་ཁྱུད”བསྐྲུན་དགོས། ཞིང་ཆེན་ཡོངས་སུ་ལོ་རེར་རིགས་མི་འདྲ་བའི་གངས་འཁྱགས་ལུས་རྩལ་འགྲན་སྡུར་གྱི་བྱེད་སྒོ་སྣ་ཁ་100ལྷག་སྤེལ་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིེང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(དྲུག)ལུས་རྩལ་འགྲན་སྡུར་དང་རིག་གནས་ཡུལ་སྐོར་གཉིས་མཉམ་འགུལ་མཉམ་འདྲེས་ཡོང་བར་སྐུལ་འདེད་བྱ་དགོས།

རང་ཞིང་གི་མི་རིགས་ལུས་རྩལ་འགྲན་སྡུར་གྱི་ཕུན་སུམ་ཚོགས་པའི་རིག་གནས་ནང་དོན་ལ་རྒྱབ་བརྟེན་ཏེ། ཤུགས་བཏོན་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་མཚོ་སྔོན་གྱི་རིག་གནས་མཚོན་ཐུབ་པའི་འགྲན་སྡུར་ཚོང་རྟགས་ཅན་སྐོར་ཞིག་བསྐྲུན་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་རྒྱུན་མཐུད་ངང་སྔོག་འདོན་བྱེད་ཅིང་། རྟ་རྒྱུག་དང་མདའ་འཕེན། རེབ་གོང་གི་རྟ་ཐོག་མེ་མདའ། གཡག་རྒྱུག ན་ཏ་མུའུ་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཁྱབ་གདལ་དུ་གཏང་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལུས་རྩལ་ཐོན་རྫས་གསར་སྤེལ་བྱེད་པ་དང་ལུས་རྩལ་རིག་གནས་ཁྱབ་སྤེལ་བགྱིད་པར་སྐུལ་མ་གཏོང་བ་དང་། རིགས་མི་འདྲ་བའི་ལུས་རྩལ་འགྲན་ཚོགས་དང་འཁྲབ་སྟོན་འགྲན་སྡུར། སྐར་ཆེན་འགྲན་སྡུར། མཛའ་འབྲེལ་འགྲན་སྡུར། དོ་ཟླ་འགྲན་སྡུར། གདན་ཞུས་འགྲན་སྡུར་སོགས་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ལུས་རྩལ་འགྲན་སྡུར་ལྗོངས་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་སྐྱོད་ཐུབ་པ་བྱ་དགོས། རླངས་འཁོར་དང་འཕྲུལ་རྟ། རི་འཛེགས་དང་གཡེང་སྐྱོད། རྐང་ཐང་དང་བྱེས་རྒྱུག་སོགས་ལུས་རྩལ་ཡུལ་སྐོར་གྱི་ལམ་ཐིག་སྤུས་ལེགས་དང་རྣམ་གྲངས་སྤུས་ལེགས། འགྲན་སྡུར་སྤུས་ལེགས་བཅས་བསྐྲུན་དགོས་པ་དང་། ལུས་རྩལ་འགུལ་སྐྱོད་བག་ཡངས་ཉམས་ལེན་ཡུལ་སྐོར་དང་། འགྲན་སྡུར་ཚོང་རྟགས་ཅན་ལ་གཟིགས་མོའི་ཡུལ་སྐོར། ལྗོངས་ཁུལ་གུང་གསེང་ཁམས་བདེའི་ཡུལ་སྐོར། མུ་མཐར་ཉམས་སད་ཀྱི་ཉེན་བགམ་ཡུལ་སྐོར། མཐོ་སྒང་གི་དམངས་སྲོལ་ལུས་རྩལ་ཡུལ་སྐོར་སོགས་གསར་སྤེལ་བྱས་ཏེ། ལུས་རྩལ་དང་རིག་གནས་དང་ཡུལ་སྐོར་བཅས་མཐུན་འདྲེས་ངང་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་བརྒྱག་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(བདུན)འགྲན་སྡུར་གྱི་བྱེད་པོ་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས།

ཤུགས་བཏོན་ནས་རང་བདག་ཚོང་རྟགས་དང་ཁྱད་འཕགས་དགེ་མཚན་དང་འགྲན་རྩོད་སྟོབས་ཤུགས་བཅས་ལྡན་ཞིང་ཆེད་ལས་ཅན་གྱི་ཆུ་ཚད་མཐོན་པོ་མངའ་བའི་འགྲན་སྡུར་ཚོང་གཉེར་ཁེ་ལས་སྐོར་ཞིག་འདེགས་སྐྱོར་དང་གསོ་སྐྱོང་བྱེད་པ་དང་། མ་རྐང་སྣ་མང་གི་ལུས་རྩལ་ཐོན་ལས་ཚོགས་པ་སྒྲིག་འཛུགས་བྱ་དགོས། རིགས་མི་འདྲ་བའི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ“ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་གཏོད”ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏང་དགོས། ལུས་སྦྱོང་ཞབས་ཕྱིའི་ཁེ་ལས་ཀྱིས་མུ་འབྲེལ་བདག་གཉེར་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བགྱིད་པ་དང་། ལུས་རྩལ་གསོ་སྦྱོང་དང་ཇུས་འགོད། འདྲི་རྟོག་སོགས་ཀྱི་ཁྱབ་ཁོངས་ཀྱི་ལུས་རྩལ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གཙོ་གནད་དུ་བཟུང་སྟེ་འདེགས་སྐྱོར་བྱ་དགོས། མང་གཏོད་བར་སྟོང་སོགས་གསར་དར་ལས་གཏོད་ཞབས་ཕྱིའི་ལས་སྟེགས་བེད་སྤྱད་ནས། གསར་གཏོད་ཅན་གྱི་ལུས་རྩལ་ཁེ་ལས་སྐོར་ཞིག་རུམ་གསོ་སྐྱེད་སྲིང་བྱས་ཏེ། ཐོན་ལས་ལས་རྣམ་གསར་པ་དང་དཔལ་འབྱོར་འཕར་སྣེ་གསར་པ་འགྲུབ་པར་བརྩོན་དགོས། ལུས་རྩལ་སྐོར་གྱི་སྤྱི་ཚོགས་རྩ་འཛུགས་དག་སྤྱི་ཚོགས་ཅན་དང་དངོས་གཞི་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། དེའི་ཁྲོམ་རའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ལུས་རྩལ་ཐོན་ལས་ལས་རིགས་ཀྱི་མཐུན་ཚོགས་དང་ལུས་རྩལ་བར་སྨྱན་རྩ་འཛུགས་སོགས་རིགས་མི་འདྲ་བའི་ལུས་རྩལ་སྐོར་གྱི་སྤྱི་ཚོགས་རྩ་འཛུགས་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པ་དང་། དགེ་རྩའི་ལས་ཁུངས་དང་ཐེབས་རྩ་ཚོགས་པ་སོགས་ལུས་རྩལ་གྱི་རིགས་སུ་མི་གཏོགས་པའི་སྤྱི་ཚོགས་རྩ་འཛུགས་དག་ལུས་རྩལ་ཞབས་ཕྱིའི་བྱ་བར་ཞུགས་པར་སྐུལ་མ་གཏང་དགོས། སྲིད་གཞུང་གིས་ལུས་རྩལ་སྐོར་གྱི་སྤྱི་ཚོགས་རྩ་འཛུགས་ནས་ཞབས་ཕྱི་ཉོ་བའི་དཀར་ཆག་དང་བྱེད་ཐབས་གཏན་ལ་ཕབ་སྟེ། ལུས་རྩལ་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱ་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(བརྒྱད)ལུས་སྦྱོང་འཛད་སྤྱོད་ལ་ཚན་རིག་དང་མཐུན་པར་སྣེ་སྟོན་བྱ་དགོས།

“འགྲན་སྡུར+”མ་དཔེ་སྐུལ་སྤེལ་བྱེད་ཅིང་། དོ་སྣང་ཚ་ཤོས་ཀྱི་འགྲན་སྡུར་ལ་རྒྱབ་བརྟེན་ཏེ། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་དེ་རིག་གནས་དང་ཡུལ་སྐོར། སློབ་གསོ། ཉོ་ཚོང་། ཞིང་ལས། སྦྲེལ་དྲ། བདེ་གསོ་སོགས་ཐོན་ལས་ལ་མཚམས་བརྒལ་མཐུན་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ་དང་། འགྲན་སྡུར་སྒྲུབ་གཉེར་གྱི་ཁེ་ལས་དོན་ལས་སྡེ་ཚན་དང་སློབ་གྲྭ། མི་སྒེར་བཅས་ནས་ལུས་རྩལ་འགུལ་སྐྱོད་ཀྱི་རྨས་སྐྱོན་རིགས་ཀྱི་འགན་བཅོལ་ཉོ་བར་སྐུལ་མ་བཏང་སྟེ། འགྲན་སྡུར་གྱི་འཛད་སྤྱོད་འདོད་བློ་མཐོར་འདེགས་སུ་གཏང་དགོས། ད་ཡོད་ཀྱི་ལུས་རྩལ་ར་བ་དང་ལུས་རྩལ་ཁང་ལ་རིམ་སྤར་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་དང་། ལུས་རྩལ་ར་བ་དང་ལུས་རྩལ་ཁང་གི་ཐོན་ཁུངས་ཕན་སྒྱུར་བྱས་ཏེ། བེད་སྤྱོད་ཕན་འབྲས་ཇེ་མཐོར་གཏང་དགོས། རིམ་པ་སོ་སོའི་རིགས་མི་འདྲ་བའི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་རྣམས་རིན་མི་དགོས་པའམ་ཡང་ན་རིན་དམའ་མོ་བླངས་ནས་སྒོ་འབྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ལས་ཁུངས་དང་སློབ་གྲྭ། ཁེ་ལས་དོན་ལས་ལས་ཁུངས་བཅས་ཀྱི་ལུས་རྩལ་སྒྲིག་བཀོད་རྣམས་སྤྱི་ཚོགས་ལ་སྒོ་འབྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས། རྒྱན་ཤོག་གི་སྤྱི་ཕན་མ་དངུལ་གྱིས་རོགས་དངུལ་བཏང་ནས་དམངས་ཡོངས་ལུས་སྦྱོང་གི་འགྲན་སྡུར་དང་བྱེད་སྒོ་སྤེལ་བའི་འབྲེལ་ཡོད་བྱེད་ཐབས་ལ་བཟོ་བཅོས་རྒྱག་པ་དང་། སྤྱི་ཚོགས་སྟོབས་ཤུགས་ལས་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་བྱེད་སྒོའི་ཞབས་ཕྱི་ཉོ་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས་ལ། རིམ་པ་སོ་སོའི་རིགས་མི་འདྲ་བའི་ལུས་རྩལ་རྩ་འཛུགས་དང་ལས་ཁུངས་ཀྱིས་སྣ་མང་ཅན་གྱི་ལུས་རྩལ་ཐོན་རྫས་དང་ཞབས་ཕྱི་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། རྒྱན་ཤོག་གི་རིགས་སྣ་དང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། རང་ཞིང་གི་ལུས་རྩལ་འགྲན་སྡུར་གྱི་ཁྱད་ལྡན་རྒྱན་ཤོག་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་ཚིམ་པར་སྐོང་བ་དང་། ཉེན་ཁ་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏང་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(དགུ)འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་སྦྲེལ་རྡང་ཆ་ཚང་བར་བྱ་དགོས།

ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཁེ་ལས་ནི་བྱེད་པོ་ཡིན་ལ། ཡུལ་སྐོར་དང་འགྲིམ་འགྲུལ། བཟའ་བཏུང་སོགས་ཀྱིས་འདེགས་སྐྱོར་བྱེད་ཅིང་། ཁྱབ་བརྡ་དང་པར་འདེབས། ཡུལ་དངོས་ཞབས་ཕྱི་སོགས་ཀྱིས་ལེ་ལག་སྡེབ་པའི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏང་དགོས། ཁེ་ལས་ཀྱིས་ཚོང་ལས་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་སྤེལ་བར་སྐུལ་མ་གཏོང་བ་དང་། ཐོན་རྫས་དང་ལག་རྩལ་གསར་གཏོད་བགྱིད་པར་སྐུལ་འདེད་བཏང་ནས། ལས་རིགས་ཆ་འགྲིག་ཅིང་ཐོན་ལས་མཉམ་འགུལ་ཡིན་ལ་འཁོར་སྐྱོད་ཕན་ནུས་མཐོ་བའི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་ཞབས་ཕྱི་མ་ལག་འགྲུབ་པར་བྱ་དགོས། སྤྱི་ཚོགས་རྩ་འཛུགས་དང་ཁྲོམ་རའི་བྱེད་པོས་ལུས་རྩལ་གསོ་སྦྱོང་མཉམ་སྤྲོ་ཁང་དང་ལུས་རྩལ་གསོ་སྦྱོང་སྒར་གཞི་འཕེལ་རྒྱས་སུ་གཏོང་བར་ཤུགས་ཆེན་པོས་ཡར་སྐུལ་བྱེད་པ་དང་། ལུས་རྩལ་སྐོར་གྱི་དབྱར་སྒར་དང་དགུན་སྒར་སྤེལ་བ་དང་། ལུས་རྩལ་སྦྱོང་བརྡར་གྱི་རྒྱ་བསྐྱེད་པ་དང་རྒྱུན་བསྲིངས་ནས། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་སྦྲེལ་རྡང་སྟོབས་ཆེ་ཞིང་གཏིང་ཟབ་པར་སྤེལ་དགོས། རང་ཞིང་གི་རྟ་གསོ་སྤེལ་དང་སྲོལ་རྒྱུན་གྱི་གཞུ་ལས་བཟོ། ལུས་རྩལ་འགུལ་སྐྱོད་ཟས་རིགས་ལས་བཟོ་སོགས་ཀྱི་ཁེ་ལས་ལ་སྣེ་ཁྲིད་དེ་ལས་སྒོ་རྒྱ་སྐྱེད་པ་དང་། ལུས་རྩལ་ཞབས་ཕྱིའི་རིམ་སྤར་དང་ཟུང་འབྲེལ་གྱིས་ཁྲོམ་ར་རྒྱ་བསྐྱེད་དགོས། ཐོན་རྫས་ཀྱི་ཚོང་རྟགས་རྩེ་གྲ་ཅན་སྐྲུན་པ་དང་། ཚོང་རྟགས་ཀྱི་གཟུགས་མེད་རྒྱུ་ནོར་བེད་སྤྱད་དེ། དོ་དམ་ཕྱིར་འདྲེན་དང་མུ་འབྲེལ་བདག་གཉེར་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། ཐོན་ལས་སྦྲེལ་རྡང་དང་ཁེ་སྤོགས་སྦྲེལ་རྡང་གི་རྒྱུན་ཇེ་རིང་དུ་བསྲིང་དགོས། གསར་དར་བརྒྱུད་གཏོང་ལག་རྩལ་དང་བདེ་འཇགས་ལྟ་རྟོག་ལག་རྩལ། མིས་བཟོས་རིག་ནུས་སོགས་མཐོ་གསར་ལག་རྩལ་སྐུལ་སྤེལ་བྱས་ཏེ། འགྲན་སྡུར་ལ་མིང་འགོད་པ་དང་འགྲན་སྡུར་བརྒྱུད་གཏོང་བྱེད་པ། སྨྱན་གཟུགས་ཀྱིས་གནས་ཚུལ་འགོད་པ། བརྗེ་རེས་དང་མཉམ་འགུལ་བྱེད་པ། འགྲན་སྡུར་གྱི་བྱ་བར་ཞུགས་པ་སོགས་ཕྱོགས་བསྡུས་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིེང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(བཅུ)འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་ཚད་གཞི་འཐུས་ཚང་དུ་གཏང་དགོས།

ཐོན་ལས་ཀྱི་འབྲེལ་ཡོད་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏང་དགོས། སྲིད་གཞུང་གིས་གཙོ་ཁྲིད་དང་ཁྲོམ་ར་ནི་མཉམ་གཅིག་འཕེལ་རྒྱས་དང་མཐུན་སྦྱོར་ཆ་འགྲིག་ཡིན་པའི་རྣམ་པ་གསར་པའི་ཚད་གཞིའི་མ་ལག་འཛུགས་དགོས། རང་ཞིང་གི་ལྕགས་རྟ་དང་རྟ་རྒྱུག མདའ་འཕེན། དམར་འཛིང་སོགས་རིམ་པ་སོ་སོའི་རིགས་མི་འདྲ་བའི་ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་བྱེད་སྒོའི་སྤེལ་སྒྲུབ་ཕྱོགས་སྟོན་དང་ཞབས་ཕྱིའི་ཚད་གཞི་གཏན་ལ་ཕབ་སྟེ། ལུས་རྩལ་འགྲན་སྡུར་སྤེལ་བའི་གཞི་རྩའི་ཆ་རྐྱེན་དང་སྒྲིག་སྲོལ། གོ་རིམ་དང་མཚམས་ཚིགས་སོ་སོའི་འགན་འཁྲིའི་ལས་ཁུངས་བཅས་ངེས་གསལ་བྱས་ནས། ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས། ལས་རིགས་སྡོམ་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཆ་འཕྲིན་ཁྱབ་བསྒྲགས་ལས་སྟེགས་འཛུགས་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།) 


གསུམ། འགན་སྲུང་བྱེད་ཐབས།

(གཅིག) “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་རྒྱུན་མཐུད་ངང་སྐུལ་སྤེལ་བྱ་དགོས།

ལུས་རྩལ་འགྲན་སྡུར་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་སྒྱུར་མུ་མཐུད་དུ་སྐུལ་སྤེལ་བྱེད་པ་དང་། ལུས་རྩལ་དོ་དམ་སྡེ་ཁག་གི་དབང་འགན་གསལ་ཐོ་འཐུས་ཚང་དུ་གཏང་དགོས་ལ། སྲིད་གཞུང་དང་སྡེ་ཁག་གི་རང་དགར་ཁྲུན་གཅོད་དབང་ཆ་ཇེ་ཉུང་དུ་བཏང་ནས། ཁྲོམ་རའི་སྡེབ་སྒྲིག་ཐོན་ཁུངས་ཀྱི་ཐག་གཅོད་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། ཚོང་ལས་རང་བཞིན་དང་མང་ཚོགས་རང་བཞིན་གྱི་འགྲན་སྡུར་སྤེལ་བའི་འབྲེལ་ཡོད་ཞིབ་མཆན་འགོད་རྒྱུའི་དོན་ཚན་ལ། འབྲེལ་ཡོད་སྡེ་ཁག་གིས་འགྲན་སྡུར་གཙོ་སྒྲུབ་བྱེད་མཁན་ལ་ལུས་རྩལ་སྡེ་ཁག་གི་ཞིབ་མཆན་བཀོད་པའི་རྒྱུ་ཆ་སྤྲོད་དགོས་པའི་རེ་བ་བཏོན་མི་ཆོག དངོས་གནས་ཉར་འཇོག་བྱ་དགོས་པའི་བདེ་འཇགས་ཆོག་འཐུས་དང་། རྒྱ་ལམ། མཁའ་ཁོངས། ཆུ་ཁོངས། སྐུད་མེད་གློག་བཀོལ་སྤྱོད་སོགས་ཀྱི་སྲིད་འཛིན་ཞིབ་མཆན་དོན་ཚན་དག་ལ། སྔར་ལས་ལྷག་པའི་སྒོ་ནས་ཞིབ་མཆན་འགོད་རིམ་ལེགས་སྒྱུར་བྱ་དགོས། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་རྩ་འཛུགས་ལས་ཁུངས་དང་ལས་གཉེར་མི་སྣ། འགྲན་ཞུགས་མི་སྣ་སོགས་ལ་ཁེབས་པའི་ལས་རིགས་ཡིད་རྟོན་མ་ལུག་འཛུགས་པ་དང་། “མིང་ཐོ་ནག་པོའི”ལམ་ལུགས་བཙུགས་ནས། སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱ་དགོས་པ་མ་ཟད། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་མཉམ་འབྲེལ་གྱིས་ཆད་པ་གཅོད་དགོས། འགྲན་སྲོལ་འགྲིག་ལམ་ལ་བརྩི་སྲུང་དང་ངར་སྨན་ལ་ངོ་རྒོལ་གྱི་བྱ་བར་ཤུགས་སྣོན་རྒྱག་པ་དང་། འགྲན་སྡུར་གྱི་དྲང་བདེན་རྒྱུན་འཁྱོངས་བྱས་ནས། འགྲན་སྡུར་གྱི་སྲོལ་བཟང་འཛིན་སྐྱོང་བྱ་དགོས། ཤན་འབྱེད་པས་དྲང་གཞག་ངང་ཁྲིམས་བསྟར་བ་དང་རྩལ་ཁྲིད་པ་དང་ལུས་རྩལ་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པར་སྐུལ་བའི་གཅུན་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(གཉིས)རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱག་དགོས།

རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་སོ་སོ་ནས་བསམ་འཆར་འདིའི་བླང་བྱ་ལྟར། དོན་དངོས་དང་སྦྱར་ནས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་དོན་འཁྱོལ་བྱ་དགོས་ལ། ནང་ཁག་གི་མཐུན་སྦྱོར་གཞོགས་འདེགས་རྐྱེན་སྲོལ་འཛུགས་པ་དང་། འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འགོ་ཁྲིད་ཚན་ཆུང་འཛུགས་པ་དང་། བྱེ་བྲག་གི་ལག་བསྟར་ཇུས་གཞི་དང་སྲིད་ཇུས་ལེ་ལག་ཡིག་ཆ་མྱུར་དུ་གཏན་ལ་ཕབ་སྟེ། བྱ་བ་མཐའ་དག་དུས་ཚོད་ཀྱི་དབྱེ་མཚམས་དང་འཆར་གཞིའི་བླང་བྱ་ལྟར་ཚད་ལྡན་རིམ་ཡོད་ཀྱི་སྒོ་ནས་སྤེལ་ཐུབ་པ་ཁག་ཐེག་བྱ་དགོས། སྡེ་ཁག་སོ་སོ་དང་སྡེ་ཚན་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ལས་འགན་དང་འགན་འཁྲི་དབྱེ་བགོད་ཀྱི་བྱ་བ་ཕྲ་ཞིང་ཞིབ་པར་ངེས་གསལ་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། བྱ་བ་སྒྲུབ་སྟངས་སྒྱུར་བ། ལྟ་སྐུལ་དཔྱད་འཇོག་ལ་ཤུགས་སྣོན་པ། གནད་ལ་ཁེལ་བའི་ཞབས་ཕྱི་འདོན་པ་བཅས་བྱས་ཏེ། བྱ་བ་མཐའ་དག་མགོ་མཇུག་མི་འཁྲུག་པར་སྤེལ་ཐུབ་པ་དང་དོན་ཐོག་ཏུ་འཁྱོལ་ཐུབ་པ་ཁག་ཐེག་བྱ་དགོས།(གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོས་སྣེ་ཁྲིད་ཅིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་རམ་འདེགས་བྱ་དགོས།)

(གསུམ)འབྲེལ་ཡོད་ཀྱི་གཏོང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།

ནོར་སྲིད་ཀྱི་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་གཏང་དགོས། ལུས་རྩལ་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་དེ་མ་རྩའི་ཁྲོམ་ར་གཏད་སྦྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་ཐེ་ཞུགས་བྱེད་པར་སྣེ་ཁྲིད་དེ། སྤྱི་ཚོགས་མ་རྩ་ནས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་གཏོང་འཇོག་ཐེབས་རྩ་འཛུགས་པར་སྐུལ་མ་གཏང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱན་ཤོག་སྤྱི་ཕན་མ་དངུལ་དང་ཐེབས་རྩ། བུན་འཛིན། ཐོན་ལས་མ་དངུལ་སོགས་ད་ཡོད་མ་དངུལ་གྱི་ཐབས་ལམ་བེད་སྤྱོད་གང་ལེགས་བྱས་ཏེ། རོགས་དངུལ་དང་སྐྱེད་ཀ་སྟེར་བ་སོགས་ཀྱི་བྱེད་ཐབས་ཀྱིས་འབྲེལ་ཡོད་རྣམ་གྲངས་ལ་ངེས་པར་མཁོ་བའི་རོགས་དངུལ་སྟེར་དགོས། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། ནོར་སྲིད་མ་དངུལ་གཏོང་འཇོག་ལས་ཐོན་པའི་ཁེ་ཕན་ལ་དཔྱད་འཇོག་དང་བཤེར་འཇལ། དཔྱད་ཞིབ་བྱེད་པར་ཤུགས་སྣོན་བརྒྱག་དགོས།(ཞིང་ཆེན་ནོར་སྲིད་ཐིང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

དངུལ་རྩའི་རྒྱབ་སྐྱོར་ཇེ་དྲག་ཏུ་གཏང་དགོས། ཆ་རྐྱེན་དང་འཚམ་པའི་ལུས་རྩལ་ཁེ་ལས་མ་རྩ་ཁྲོམ་རའི་ནང་འཇུག་པར་རྒྱབ་སྐྱོར་བྱས་ཏེ། རྐང་དབང་གཏོང་འཇོག་བྱེད་པ་དང་། རྐང་འཛིན་ཁྲོམ་ར་འགྲེམ་པ། ཁེ་ལས་ཀྱི་བུན་འཛིན་གཏོང་བ། ལས་གཞིའི་བུན་དངུལ་ལེན་པ། ཐོན་དབང་བརྗེ་རེས་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་མ་དངུལ་བསྡུ་ཐབས་བྱ་དགོས། དངུལ་རྩའི་ལས་ཁུངས་ཀྱིས་ལུས་རྩལ་ཁེ་ལས་ལ་ཡིད་རྟོན་བུན་དངུལ་གྱི་རྒྱབ་སྐྱོར་གནང་བར་བསྟོད་སྐུལ་དང་སྣེ་སྟོན་བྱ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་ཆོག་འཐུས་གནང་བའི་བུན་དངུལ་སྐྱེད་ཕྱོད་འཕར་ཆག་གི་གཡོ་རྒྱའི་ནང་ཚུན་དུ་སྐྱེད་ཕྱོད་ལ་གཟིགས་སྐྱོང་ངེས་ཅན་བྱེད་པའམ་ཡང་ན་བུན་དངུལ་སྤྲོད་ཡུན་ཇེ་རིང་དུ་འོས་འཚམ་བསྲིང་དགོས། དངུལ་ཁང་དང་ལུས་རྩལ་འོ་ཆུ་མཉམ་འདྲེས་ཡོང་བར་སྐུལ་འདེད་ཧུར་ཐག་བགྱིས་ནས། ལུས་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་དགོས་མཁོ་ལ་འཚམ་པའི་དངུལ་རྩའི་ཐོན་རྫས་གསར་པ་སྤེལ་བར་འཚོལ་ཞིབ་བྱ་དགོས།(ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྣེ་ཁྲིད་ཅིང་། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུའུ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

ཁྲལ་གྲོན་སྲིད་ཇུས་དོན་འཁྱོལ་བྱ་དགོས། རྒྱལ་ཁབ་ཀྱིས་བཏོན་པའི་ཁེ་ལས་ཆུང་ཕྲན་གྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཉུང་བསྡུ་དང་རྩ་ཆག་གི་སྲིད་ཇུས་དང་། ལུས་རྩལ་ཁེ་ལས་དང་ལུས་རྩལ་ཐོན་ལས་ཀྱི་དཔྱ་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱ་དགོས། དཔྱ་ཁྲལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་འཚམ་ན། གཞལ་དགོས་པའི་དཔྱ་ཁྲལ་གྱི་ཐོབ་ཆ་རྩིས་རྒྱག་སྐབས་གཅོག་ཏུ་འཇུག་དགོས། ལུས་རྩལ་སློབ་གྲྭས་སྤྱོད་པའི་ཆུ་དང་གློག་དང་སོལ་རླུང་བཅས་ཀྱི་རིན་གོང་ནི་སྡོད་དམངས་ཀྱི་བཀོལ་སྤྱོད་རིན་གོང་ལྟར་བརྩི་དགོས་པ་དང་། ལུས་རྩལ་ཞབས་ཕྱི་ཁེ་ལས་གཞན་དག་ལ་སྤྱིར་བཏང་གི་བཟོ་ལས་རིན་གོང་ལྟར་བརྩི་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་སྣེ་ཁྲིད་ཅིང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་ལུས་རྩལ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

སྤྱོད་སའི་རྒྱབ་སྐྱོར་གནང་དགོས། ས་དེ་གའི་རྒྱལ་མངའ་ས་ཁོངས་ཀྱི་བར་སྟོང་འཆར་འགོད་དང་འཚམ་པའི་ཆ་རྐྱེན་འོག་ཏུ། སྤྱི་པའི་ལུས་རྩལ་སྒྲིག་བཀོད་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྤྱོད་ས་མཁོ་འདོན་ལུགས་མཐུན་བྱེད་པ་དང་། གཞིས་སྡོད་ཁུལ་ལ་འཛུགས་སྐྲུན་འཆར་འགོད་བྱེད་སྐབས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་ལྟར་ཆ་འགྲིག་པའི་ལུས་རྩལ་ལུས་སྦྱོང་སྒྲིག་བཀོད་ཀྱི་སྤྱོད་ས་འཇོག་དགོས་ལ། སྤྱི་པའི་ལུས་རྩལ་སྒྲིག་བཀོད་དང་གཙོ་གནད་ལུས་རྩལ་ཐོན་ལས་ལས་གཞི་འཛུགས་སྐྲུན་གྱི་སྤྱོད་ས་འགན་སྲུང་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་ཆེད་ངེས་པར་བཤིག་དགོས་པའམ་ཡང་ན་རྩོལ་ནུས་དང་སྤྱོད་སྒོ་བསྒྱུར་དགོས་པའི་ལུས་རྩལ་ར་བ་(ཁང)སོགས་ཀྱི་སྒྲིག་བཀོད་ལ། ངེས་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཡར་ཞུ་མཆན་འགོད་བྱ་དགོས། ཆོག་མཆན་ཐོབ་སྟེ་བཤིག་དགོས་པའམ་ཡང་ན་རྩོལ་ནུས་དང་སྤྱོད་སྒོ་བསྒྱུར་དགོས་ན། འཆར་འགོད་ཀྱི་བླང་བྱ་ལྟར་ས་བདམས་ནས་བསྐྱར་དུ་བསྐྲུན་དགོས་ལ། སྤྱིར་བཏང་དུ་སྔར་གྱི་གཞི་ཁྱོན་ལས་ཆུང་མི་རུང་། གནས་སྤོ་འཛུགས་སྐྲུན་བྱེད་པར་སྔོན་ལ་འཛུགས་སྐྲུན་བྱས་རྗེས་ད་གཟོད་བཤིག་པའམ་ཡང་ན་སྐྲུན་ཞོར་བཤིག་ཞོར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། གནས་སྤོ་འཛུགས་སྐྲུན་གྱི་འགྲོ་སོང་ནི་གནས་སྤོ་འཛུགས་སྐྲུན་གྱི་དགོས་པ་ཡོད་མཁན་གྱི་སྡེ་ཚན་དེ་ཉིད་ནས་འཁུར་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ལུས་རྩལ་ར་བ་(ཁང)སོགས་སྤེལ་སྐྱོང་བྱེད་ན། འཆར་འགོད་དང་འཚམ་པའི་ཆ་རྐྱེན་འོག་ཏུ། སྤྱོད་སའི་ཐད་ནས་རྒྱབ་སྐྱོར་གནང་དགོས།(ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་སྣེ་ཁྲིད་ཅིང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་ལུས་རྩལ་ཅུའུ། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

(བཞི)འཇོན་མི་འགན་སྲུང་བྱེད་པར་ཤུགས་སྣོན་བརྒྱག་དགོས།

མཐོ་རིམ་སློབ་གླིང་དང་ཚན་ཞིབ་གླིང་ངམ་སོའོ་ལ་རྒྱབ་བརྟེན་ནས། འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་ཁྱབ་ཁོངས་ཀྱི་མ་རྩ་འཁོར་སྐྱོད་དང་ཕྱིར་འཚོང་ཁྱབ་གདལ། ཞིབ་སྤེལ་ཇུས་འགོད་སོགས་བདག་གཉེར་དོ་དམ་གྱི་ཆེད་ལས་འཇོན་མི་གསོ་སྐྱོང་དང་གསོ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱག་དགོས། འགྲན་སྡུར་འཆར་འགོད་དང་གཉེར་སྐྱོང་དོ་དམ། ཐོན་རྫས་གསར་སྤེལ་སོགས་ཀྱི་ཐད་ནས་ཆུ་ཚད་མཐོ་བའི་འཇོན་མིའི་དཔུང་སྡེ་བསྐྲུན་པར་བརྩོན་དགོས། ལུས་རྩལ་དགེ་རྒན་དང་ཟུར་ཐོན་ལུས་རྩལ་པ། ལུས་རྩལ་སྦྱོང་བརྡར་བྱས་མྱོང་མཁན་བཅས་ཀྱིས་འགྲན་སྡུར་འཁྲབ་སྟོན་གྱི་ཐོན་ལས་བྱ་བ་གཉེར་བར་སྐུལ་མ་གཏང་དགོས། སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་སྟོན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། དེ་དག་གིས་མང་ཚོགས་ཀྱི་འགྲན་སྡུར་འཁྲབ་སྟོན་བྱེད་སྒོར་ཞབས་ཕྱི་སྒྲུབ་པ་དང་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།(ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྣེ་ཁྲིད་ཅིང་། གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། གྲོང་ཁྱེར་རམ་ཁུལ་སྲིད་གཞུང་སོ་སོ་བཅས་ཀྱིས་རམ་འདེགས་བྱ་དགོས།)

ལག་བསྟར་བསམ་འཆར་འདི་དཔར་འགྲེམ་བྱས་ཉིན་ནས་ལག་ཏུ་བསྟར་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་།

2019ལོའི་ཟླ་7པའི་ཚེས་23ཉིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།