《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་འབུལ་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

(2015ལོའི་ཟླ་9ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ། 2019    ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་དག་བཅོས་བྱས)

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ནད་ཐོག་སྨན་བཅོས་ཐད་ཁྲག་སྤྱོད་ཀྱི་དགོས་མཁོ་སྐོང་བ་དང་བདེ་འཇགས་ཡོང་ཐུབ་པ་བྱེད་རྒྱུ་དང་། རིན་མེད་ཀྱི་ཁྲག་འབུལ་མཁན་དང་ཁྲག་བེད་སྤྱོད་བྱེད་མཁན་གྱི་གཟུགས་པོའི་བདེ་ཐང་འགན་སྲུང་བྱེད་རྒྱུ། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲག་འབུལ་བཅའ་ཁྲིམས》དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁུལ་ཁོངས་ཀྱི་ཁྲག་འབུལ་རྒྱུ་དང་། ཁྲག་གཙག་རྒྱུ། ཁྲག་འདོན་རྒྱུ། ནད་ཐོག་ཁྲག་སྤྱོད་རྒྱུ་བཅས་དང་། དེ་བཞིན་ལྟ་སྐུལ་དང་དོ་དམ་བྱེད་རྒྱུའི་ལས་དོན་ཐད་བྱ་ཐབས་འདི་སྤྱད་ན་འཐུས།

དོན་ཚན་གསུམ་པ། རིན་མེད་ཁྲག་འབུལ་གྱི་བྱ་གཞག་དེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་ཚོགས་ཀྱིས་ཐེ་ཞུགས་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ།

དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཁྲིམས་བཞིན་རིན་མེད་ཁྲག་འབུལ་གྱི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

ཧྲིལ་ལོ་18ནས་ཧྲིལ་ལོ་55བར་གྱི་གཟུགས་པོ་བདེ་ཐང་ཡིན་པའི་སྤྱི་དམངས་ཀྱིས་རང་མོས་ངང་ཁྲག་འབུལ་རྒྱུ་དར་སྤེལ་གཏོང་རྒྱུ།

རྒྱལ་ཁབ་ཀྱི་ལས་བྱ་དང་། དམག་ཞབས་སྒྲུབ་བཞིན་པའི་དམག་མི། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ། དེ་བཞིན་སློབ་ཆེན་སློབ་མ་བཅས་ཀྱིས་གཞན་གྱི་སྔོན་དུ་རིན་མེད་ཁྲག་འབུལ་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ།

ཁྲག་སྲུང་སོགས་གྲུབ་ཆའི་འཕྲུལ་གཙག་གི་ཁྲག་འབུལ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཁྲག་རིགས་དཀོན་པོ་ཡོད་པའི་མི་སྒེར་ནས་ཁྲག་འབུལ་རྒྱུར་སྐུལ་མ་གཏོང་རྒྱུ།

དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིན་མེད་ཁྲག་འབུལ་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིན་མེད་ཁྲག་འབུལ་ལས་དོན་དེ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཞིག་ཏུ་བརྩིས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཇུས་འགོད་ནང་བཅུག་ནས་ཁྲག་འབུལ་ལས་དོན་གྱི་འགྲོ་གྲོན་འགན་ལེན་བྱེད་དགོས།

དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲོད་བསྟེན་བདེ་ཐང་དང་། ནོར་སྲིད། གོང་འཕེལ་དང་བསྒྱུར་བཅོས། སློབ་གསོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། སྤྱི་བདེ། མི་རིགས། སྡེ་ཚོགས་ཨུ་ལྷན། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོའི་ཚོགས་པ་སོགས་སྡེ་ཚན་དང་སྤྱི་ཚོགས་ཚོགས་པ་ལས་གྲུབ་པའི་རིན་མེད་ཁྲག་འབུལ་ཨུ་ལྷན་བཙུགས་ཏེ། རིན་མེད་ཁྲག་འབུལ་ལས་དོན་གྱི་གལ་ཆེའི་དོན་གནད་རིགས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་འབྲེལ་མཐུད་ཀྱིས་མཉམ་དུ་ཁྲག་འབུལ་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་ནི་ཁྲག་འབུལ་ལས་དོན་གྱི་གཙོ་འགན་སྡེ་ཚན་ཡིན་པས་དེས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཁྲག་འབུལ་ལས་དོན་ལ་སྐུལ་འདེད་དང་། མཛུབ་ཁྲིད། ལྟ་སྐུལ་དོ་དམ་བཅས་བྱེད་འགན་འཁུར་རྒྱུ།

རིམ་ཁག་རྒྱ་གྲམ་དམར་པོའི་ཚོགས་པས་རིན་མེད་ཁྲག་འབུལ་ལས་དོན་ལ་ཁྲིམས་བཞིན་ཐེ་ཞུགས་དང་སྐུལ་སྤེལ་གཏོང་དགོས།

དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་གང་ཡོད་སྤྱད་དེ་ཁྲག་འབུལ་གྱི་དོན་སྙིང་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱེད་རྒྱུ་དང་། ཁྲག་དང་ཁྲག་འབུལ་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ། ཁྲག་ལམ་བརྒྱུད་ནས་འགོས་ཁྱབ་བྱུང་བའི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།

རླུང་འཕྲིན་དང་། བརྙན་འཕྲིན། དུས་དེབ་ཚགས་པར། དྲ་རྒྱ་སོགས་སྨྱན་སྦྱོར་ཚན་པས་ངེས་པར་དུ་ཁྲག་འབུལ་བའི་སྤྱི་ཚོགས་ཀྱི་སྤྱི་ཕན་དྲིལ་བསྒྲགས་བྱས་ཏེ་སྤྱི་དམངས་ལ་རིན་མེད་ཁྲག་འབུལ་གྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་ཁྲག་འབུལ་བྱེད་སྒོར་ཧུར་ཐག་ཞུགས་དགོས།

དོན་ཚན་དགུ་པ། རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་བཅས་ཀྱིས་ངེས་པར་དུ་ཚན་པ་དེ་ག་དང་སྡོད་ཁུལ་དེ་གའི་ལོ་ཚད་ལོན་པའི་སྤྱི་དམངས་ལ་རང་མོས་ངང་ཁྲག་འབུལ་བའི་ནང་ཞུགས་རྒྱུ་སྐུལ་སློང་བྱེད་དགོས།

དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་དང་རྒྱ་གྲམ་དམར་པོའི་ཚོགས་པས་ངེས་པར་དུ་ཁྲག་འབུལ་བའི་ནང་ཧུར་ཐག་ཞུགས་མཁན་ནམ་ཡང་ན་ཁྲག་འབུལ་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་འཇོག་མཁན་གྱི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

ཚན་པ་ཁག་གིས་ཚན་པ་དེ་གའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཚན་པ་དེ་གའི་ཁྲག་འབུལ་མཁན་ལ་བབ་མཚུངས་ཀྱི་བསམ་པ་དང་དངོས་པོའི་བྱ་དགའ་སྤྲད་ན་འགྲིག

ལེའུ་གཉིས་པ། ཁྲག་འབུལ།

དོན་ཚན་བཅུ་གཅིག་པ། སྤྱི་དམངས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་འཁྱེར་ནས་ཁྲིམས་བཞིན་བཙུགས་པའི་ཁྲག་གཙག་སར(ས་ཚིགས)རང་མོས་ངང་རིན་མེད་ཀྱི་ཁྲག་ཕུལ་ཆོག་ལ་ཚོགས་པའི་ཁྲག་འབུལ་བའི་ནང་དུ་ཞུགས་ནའང་འགྲིག

དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནད་ཐོག་སྨན་བཅོས་ཐད་ཁྲག་སྤྱོད་རྒྱུའི་འཕྲལ་སྡོམ་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ། ནད་ཐོག་སྨན་བཅོས་ཐད་ཀྱི་ཁྲག་སྤྱོད་པའི་དགོས་མཁོ་འགན་སྲུང་བྱེད་དགོས།

རང་བྱུང་གནོད་འཚེ་དང་ཚབས་ཆེའི་ལས་འཛོལ་སོགས་ཐོལ་བྱུང་དོན་རྐྱེན་ཐོན་ནས་མྱུར་སྐྱོབ་ཐད་ཀྱི་ཁྲག་སྤྱོད་རྒྱུ་སྙོམས་སྒྲིག་བྱས་ནས་འགན་སྲུང་བྱེད་མ་ཐུབ་པའི་སྐབས་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ། ཁྲག་འབུལ་གྱི་ཆ་རྐྱེན་འཚམ་པའི་མི་སྣར་ཁྲག་འབུལ་རྒྱུའི་ཁྲིད་སྟོན་དང་། སྐུལ་སློང་། སྒྲིག་འཛུགས་བཅས་བྱེད་དགོས།

དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ལོ་འཁོར་གྱི་རིན་མེད་ཁྲག་འབུལ་འཆར་གཞི་བཟོས་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ལག་བསྟར་བྱེད་རྒྱུའི་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བཅུ་བཞི་པ། འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚོགས་པའི་ཁྲག་འབུལ་གྱི་འཕྲལ་སྡོམ་མིང་མཛོད་བཟོ་དགོས་པ་དང་། ཁྲག་ཚུགས་སུ་ངེས་པར་དུ་ཁྲག་གཙག་འདོན་དང་ཁྲག་རིགས་དཀོན་པོའི་ཆ་འཕྲིན་གྱི་ཐོ་མཛོད་བཟོ་དགོས། ཁྲག་མཛོད་ནང་གི་ཁྲག་མི་འདང་པ་དང་། ནད་ཐོག་སྨན་བཅོས་ཐད་འཕྲལ་དུ་ཁྲག་སྤྱོད་དགོས་ཚེ་ཁྲག་ཚུགས་ཀྱིས་རིམ་པ་དེ་གའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་ཚོགས་པའི་ཁྲག་འབུལ་གྱི་འཕྲལ་སྡོམ་མིང་མཛོད་སྤྱོད་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ངེས་པར་དུ་ཚོགས་པའི་ཁྲག་འབུལ་འཕྲལ་སྡོམ་མིང་མཛོད་ཁྲོད་ཀྱི་མི་སྣ་སྐུལ་སློང་གིས་རིན་མེད་ཐོག་ཁྲག་འབུལ་བའི་ནང་ཧུར་ཐག་ཞུགས་སུ་འཇུག་དགོས།

དོན་ཚན་བཅོ་ལྔ་པ། སྤྱི་དམངས་ནས་ཁྲག་ཕུལ་རྗེས་ཁྲག་ཚུགས་ཀྱིས་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་གཅིག་གྱུར་ཐོག་བཟོས་པའི་རིན་མེད་ཁྲག་འབུལ་གྱི་ལག་ཁྱེར་སྤྲོད་དགོས།

རིན་མེད་ཁྲག་འབུལ་ལག་ཁྱེར་རྫུན་བཟོ་དང་། བཟོ་བཅོས། ནང་ཤུགས། བོགས་གཏོང་། གཡར་སྤྱོད་བཅས་བྱེད་མི་ཆོག

ལེའུ་གསུམ་པ། ཁྲག་གཙག་པ་དང་ཁྲག་མཁོ་འདོན།

དོན་ཚན་བཅུ་དྲུག་པ། ཁྲག་ཚུགས་ནི་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གཙག་མཁན་དང་མཁོ་འདོན་བྱེད་མཁན་གྱི་ལས་ཁུངས་ཤིག་ཡིན་ལ། ཁེ་སྤོགས་དོན་གཉེར་མི་བྱེད་པའི་སྤྱི་ཕན་རང་བཞིན་གྱི་སྒྲིག་འཛུགས་ཤིག་ཀྱང་ཡིན། དེའི་འགན་འཁྲི་གཙོ་བོ་ནི།

(གཅིག)ཁྲག་འབུལ་མཁན་བསྡུ་སྐོང་དང་ཁྲག་ཁུངས་དོ་དམ་བྱེད་རྒྱུ་དང་། ཁྲག་གཙག་པ་དང་བཟོས་ཐོན་བྱེད་རྒྱུ། ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་མཁོ་འདོན་བྱེད་རྒྱུ། དེ་བཞིན་སྨན་བཅོས་ཐད་ཁྲག་སྤྱོད་པའི་ལས་སྒོ་སྦྱོང་བརྡར་སྤྲོས་རྒྱུ་དང་མཛུབ་ཁྲིད་བྱེད་རྒྱུ་སོགས་ཀྱི་ལས་དོན་སྤེལ་རྒྱུ་དང་།

(གཉིས)ཁྲག་འབུལ་མཁན་ལ་རིན་མེད་ཐོག་གཟུགས་པོར་བརྟག་དཔྱད་བྱེད་རྒྱུ་དང་ཁྲག་གཙག་རྒྱུ། ཁྲག་གསོག་ལག་རྩལ་ཚད་ལྡན་བཟོ་རྒྱུ་བཅས་དང་དེ་བཞིན་འབྲེལ་ཡོད་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ་ཁྲག་གི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་རྒྱུ།

(གསུམ)ཁྲག་གི་སྤུས་ཚད་ལ་ཚོད་འཛིན་དང་དཔྱད་གདེང་བྱེད་རྒྱུ།

(བཞི)ཁྲག་ལ་གཅིག་སྡུད་ཐོག་ཞིབ་དཔྱད་ཚད་ལེན་བྱེད་རྒྱུ།

(ལྔ)ཁྲག་དང་འབྲེལ་བ་ཡོད་པའི་ཚན་ཞིབ་ལས་དོན་སྤེལ་རྒྱུ་བཅས་ཡིན།

དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྲག་ཚུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲག་ཚུགས་ཀྱིས་ཁྲག་གཙག་རྒྱུར་ཆེད་མངགས་ཀྱི་ཁུལ་ཁོངས་མཁོ་འདོན་ནམ་ཡང་ན་དམིགས་འཛུགས་བྱས་ནས་ཁྲག་གཙག་པ་དང་ཁྲག་མཁོ་འདོན་བྱེད་པའི་ལས་དོན་རྒྱུན་ལྡན་བཞིན་སྤེལ་ཐུབ་པ་བྱེད་དགོས།

ད་དུང་ཁྲག་ཚུགས་བཙུགས་མེད་པའི་རྫོང་(ཆུད)ལ་ངེས་པར་དུ་དེ་གའི་རིམ་པ་གོང་མའི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དམིགས་འཛུགས་བྱས་ཏེ་ཁྲག་གཙག་རྒྱུ་དང་མཁོ་འདོན་བྱེད་རྒྱུའི་ལས་ཀའི་འགན་འཁུར་དུ་བཅུག་ཁར། ཁྲག་གཙག་རྒྱུ་དང་མཁོ་འདོན་བྱེད་རྒྱུའི་འོས་ཐོབ་ཡོད་པའི་ཆེད་ལས་ལག་རྩལ་མི་སྣ་བསྐོ་སྒྲིག་དང་། དགོས་ངེས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཁྲག་ཚུགས་ཀྱིས་ངེས་པར་དུ་ཁྲག་གཙག་པའི་དགོས་མཁོ་གཞིར་བཟུང་། ས་གནས་དེ་གའི་མི་དམངས་སྲིད་གཞུང་ནས་མཁོ་འདོན་བྱས་པའི་ས་ཆའམ་ཡང་ན་དམིགས་འཛུགས་ཁུལ་ཁོངས་ལ་གཞིགས་ནས་གཏན་འཇགས་ཀྱི་ཁྲག་གཙག་སའི་ཁང་པ་དང་སྐོར་སྐྱོད་ཁྲག་གཙག་ས་ཚིགས་འཛུགས་དགོས།

སྤྱི་བདེ་ལས་ཁུངས་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་བཞིན་བཟོ་འཛུགས་བྱས་པའི་ཁྲག་གཙག་ས་ཚིགས་ཀྱི་ཁྲག་གཙག་པའི་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་བཅུ་དགུ་པ། ཁྲག་ཚུགས་ཀྱིས་ཁྲག་གཙག་བསྡུ་བྱེད་སྐབས་ངེས་པར་དུ་འབྲེལ་ཡོད་ཁྲག་གཙག་པའི་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་དང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་སྦྲགས་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

(གཅིག)ཁྲག་མ་གཙག་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་ནས་བཟོས་པའི་ཁྲག་འབུལ་མཁན་གྱི་བདེ་ཐང་བརྟག་དཔྱད་ཚད་གཞི་གཞིར་བཟུང་ཁྲག་འབུལ་མཁན་ལ་རིན་མེད་ཐོག་གཟུགས་པོར་བརྟག་དཔྱད་བྱེད་དགོས། ཁྲག་འབུལ་མཁན་གྱི་གཟུགས་པོའི་གནས་ཚུལ་དེ་ཁྲག་འབུལ་རྒྱུའི་ཆ་རྐྱེན་དང་མ་མཐུན་ན་དེར་གནས་ཚུལ་གསལ་བཤད་བྱས་ནས་ཁྲག་གཙག་མི་རུང་བ་དང་།

(གཉིས)ཁྲག་མ་གཙགས་གོང་ངེས་པར་དུ་ཁྲག་འབུལ་མཁན་ནས་རང་མོས་ཐོག་ཁྲག་འབུལ་རྒྱུའི་ཚད་གཞི་མང་ཉུང་ཐད་ལ་མོས་མཐུན་ཐོབ་པ་བྱེད་དགོས་པ་དང་། ཁྲག་འབུལ་མཁན་གྱིས་ཐེངས་རེར་ཁྲག་འབུལ་ཚད་སྤྱིར་ན་ཧའོ་ཧྲེང་200ཡིན་ཞིང་། མང་ཤོས་ལ་ཧའོ་ཧྲེང་400ནས་བརྒལ་མི་རུང་བ་དང་། ཁྲག་གཙག་རྒྱུ་ཚད་ལས་བརྒལ་རིགས་བཀག་འགོག་བྱེད་དགོས།

(གསུམ)ཁྲག་འབུལ་མཁན་གྱིས་ཁྲག་ཐེངས་གྲངས་གཉིས་ཕུལ་བའི་དབར་དུས་ཚོད་བར་མཚམས་ཟླ་བ་6ཡན་དགོས་པ་དང་། ཁྲག་སྲུང་འཕྲུལ་གཙག་གི་དུས་ཚོད་བར་མཚམས་སྤྱིར་ན་ཉིན་28ཡན་དགོས་ཤིང་། ཁྲག་ཡང་ཡང་གཙག་རྒྱུར་བཀག་འགོག་བྱེད་དགོས།

(བཞི)ཁྲག་འབུལ་མཁན་ལ་དགོས་ངེས་ཀྱི་བཟའ་བཅའ་དང་འཐུང་བྱ་མཁོ་འདོན་བྱེད་དགོས་པ་དང་། ཁྲག་འབུལ་མཁན་ལ་བདེ་འཇགས་དང་གཙང་སྦྲ་ལྡན་པའི་ཁྲག་འབུལ་གྱི་ཁོར་ཡུག་དང་སྟབས་བདེའི་ཆ་རྐྱེན་སྐྲུན་དགོས།

(ལྔ)ཁྲག་འབུལ་མཁན་གྱི་ཆ་འཕྲིན་གསང་བ་སྲུང་རྒྱུའི་ལམ་ལུགས་བཟོས་ནས་ཁྲག་འབུལ་མཁན་མི་སྒེར་གྱི་ཆ་འཕྲིན་གསང་བ་སྲུང་དགོས་པ་བཅས་སོ།

དོན་ཚན་ཉི་ཤུ་པ། ཁྲག་ཚུགས་ཀྱིས་ངེས་པར་དུ་ཁྲག་ཚུཌ་ཀྱི་གནས་ཡུལ་དང་། ས་ཆ་དེ་བཞིན་འབྲེལ་གཏུག་བྱེད་སྟངས་བཅས་སྤྱི་ཚོཌ་ཐོག་ཡོངས་བསྒྲཌ་བྱས་ཏེ་སྤྱི་དམངས་ནས་རིན་མེད་ཐོག་ཁྲག་འབུལ་རྒྱུར་སྟབས་བདེ་སྐྲུན་དགོས།

དོན་ཚན་ཉེར་གཅིག་པ། རིན་མེད་ཐོག་ཕུལ་བའི་ཁྲག་དེ་ངེས་པར་དུ་ནད་ཐོག་སྨན་བཅོས་ཐད་སྤྱོད་དགོས་པ་ལས་ཉོ་ཚོང་བྱེད་མི་ཆོག

ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ལ་གཤམ་གྱི་བྱ་སྤྱོད་ཡོད་ཚེ་བཀག་འགོག་བྱེད་རྒྱུ་སྟེ།

(གཅིག)ཁྲིམས་འགལ་གྱིས་ཁྲག་གཙཌ་པ་དང་མཁོ་འདོན་བྱས་རིགས་དང་།

(གཉིས)རིན་མེད་ཐོག་ཕུལ་བའི་ཁྲག་དེ་ཁྲག་ཚུགས་དང་སྨན་བཅོས་ལས་ཁུངས་ནས་ཁྲིམས་འགལ་གྱིས་བཙོངས་རིགས།

(གསུམ)མི་གཞན་དག་སྒྲིག་འཛུགས་བྱས་ཏེ་ཁྲིམས་འགལ་གྱིས་ཁྲག་ཕྱིར་འཚོང་བྱས་རིགས་བཅས་སོ།

དོན་ཚན་ཉེར་གཉིས་པ། ཁྲག་ཚུགས་ཀྱིས་ངེས་པར་དུ་ཁྲག་གཙགས་པ་དེར་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་མ་བྱས་པའམ་ཡང་ན་ཚད་གཞི་མ་ལོན་པའི་ཁྲག་དེ་སྨན་བཅོས་ལས་ཁུངས་ལ་མཁོ་འདོན་བྱེད་མི་ཆོག

ཁྲག་བཟོས་ཐོན་དང་། གསོག་ཉར། གཏོང་སྤྲོད། སྐྱེལ་འདྲེན། ཕྱིར་བསྡུ། མཁོ་མེད་དུ་གཏོང་བ་སོགས་བྱེད་དགོས་ཚེ། ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྤུས་ཚད་བདེ་འཇགས་ཀྱི་ཚད་གཞི་དང་བཀོལ་སྤྱོད་ཀྱི་ལས་རིམ་དང་མཐུན་དགོས།

ལེའུ་བཞི་པ། ནད་ཐོག་སྨན་བཅོས་ཐད་སྤྱོད་རྒྱུའི་ཁྲག

དོན་ཚན་ཉེར་གསུམ་པ། སྨན་བཅོས་ལས་ཁུངས་ཀྱིས་ཁྲག་སྤྱོད་དགོས་ཚེ། ངེས་པར་དུ་ཁྲག་ཚུགས་ནས་ཁྲག་མཁོ་འདོན་བྱེད་དགོས།

སྨན་བཅོས་ལས་ཁུངས་ཀྱིས་ངེས་པར་དུ་དུས་བཀག་ཐོག་ཁྲག་ཚུགས་ལ་ནད་ཐོག་སྨན་བཅོས་ཐད་ཀྱི་ཁྲག་སྤྱོད་རྒྱུའི་འཆར་གཞིའི་རེ་ཞུ་འབུལ་དགོས་ཤིང་། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཁྲག་གསོག་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དགོས་པ་དང་། ནད་ཐོག་སྨན་བཅོས་ཐད་ཁྲག་བླུགས་པའི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་དགོས།

དོན་ཚན་ཉེར་བཞི་པ། ཁྲག་ཚུགས་དང་སྨན་བཅོས་ལས་ཁུངས་ལ་ཁྲག་ཉར་ཚགས་དང་ནད་ཐོག་སྨན་བཅོས་ཐད་ཁྲག་སྤྱོད་པའི་ལག་རྩལ་གསར་པ་ཞིབ་འཇུག་དང་ཁྱབ་གདལ་གཏོང་རྒྱུ་དང་། ནད་ཐོག་སྨན་བཅོས་ཐད་ཚན་རིག་དང་མཐུན་པའི་ཁྲག་སྤྱོད་རྒྱུའི་སློབ་གསོ་སྦྱོང་བརྡར་སྤྲོས་རྒྱུའི་སྐུལ་ལྕག་གཏོང་དགོས།

དོན་ཚན་ཉེར་ལྔ་པ། སྤྱི་དམངས་ལ་ནད་ཐོག་སྨན་བཅོས་བྱེད་རྒྱུའི་ཐད་ཁྲག་སྤྱོད་སྐབས་ཁྲག་གཙག་བསྡུ་དང་། གསོག་ཉར། དབྱེ་གསེས། ཞིབ་དཔྱད་སོགས་བྱས་པའི་རིན་དངུལ་ལས་སྤྲོད་མི་དགོས་པ་དང་། རིན་དངུལ་བསྡུ་བའི་ཚད་གཞི་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

དོན་ཚན་ཉེར་དྲུག་པ། རིན་མེད་ཁྲག་འབུལ་མཁན་ལ་ནད་ཐོག་སྨན་བཅོས་བྱེད་རྒྱུའི་ཐད་ཁྲག་སྤྱོད་དགོས་ཚེ་གཤམ་གསལ་གཏན་འབེབས་གཞིར་བཟུང་བབ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་སྟེ།

(གཅིག)རིན་མེད་ཁྲག་འབུལ་གྱི་ལག་ཁྱེར་གཞིར་བཟུང་སྔོན་ལ་ཁྲག་སྤྱད་ཆོག་པ་དང་།

(གཉིས)ཁྲག་ཕུལ་བའི་ཉིན་ནས་བཟུང་ལོ་ལྔའི་ནང་ཚུན་དུ་ཁྲག་འབུལ་ཚད་ཀྱི་ལྡབ་གསུམ་གྱི་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གི་རིན་པ་མ་སྤྲད་ན་འགྲིག་པ་དང་། ལོ་ལྔའི་རྗེས་སུ་ཁྲག་འབུལ་ཚད་དང་མཚུངས་པའི་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གི་རིན་པ་སྤྲོད་མི་དགོས་པ།

(གསུམ)ཁྲག་འབུལ་ཚད་རིམ་རྩིས་ཧའོ་ཧྲེང་600ཡན་ཟིན་པ་དང་། ཁྲག་རིགས་དཀོན་པོའི་ཁྲག་འབུལ་མཁན་ལ་ཚེ་གང་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གི་རིན་པ་སྤྲོད་མི་དགོས་པ།

(བཞི)ཁྲག་འབུལ་མཁན་གྱི་བཟའ་ཟླ་དང་། ཐད་ཀའི་སྤུན་མཆེད་ཡིན་ན་ཁྲག་འབུལ་ཚད་དང་མཚུངས་པའི་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གི་རིན་པ་སྤྲོད་མི་དགོས་པ།

(ལྔ)རྒྱལ་ཁབ་ཀྱི་རིན་མེད་ཁྲག་འབུལ་ལེགས་སྐྱེས་བྱ་དགའི་གསེར་གྱི་རྟགས་མའི་ཚད་གཞི་ཡན་ལོན་ན་དེའི་བཟའ་ཟླ་དང་ཐད་ཀའི་སྤུན་མཆེད་ལ་ཚེ་གང་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གི་རིན་པ་སྤྲོད་མི་དགོས།

ཁྲག་འབུལ་མཁན་དང་། དེའི་བཟའ་ཟླ་དང་ཐད་ཀའི་སྤུན་མཆེད་ཀྱི་ནད་ཐོག་སྨན་བཅོས་ཐད་སྤྱོད་པའི་ཁྲག་གི་རིན་སྤྲོད་མི་དགོས་པའི་ཆ་ཤས་དེ་ན་ཚ་ལྟ་སའི་སྨན་ཁང་ངམ་ཡང་ན་ཁྲག་ཚུགས་ནས་ཞིབ་དཔྱད་རྩིས་ཞུ་བྱས་ཆོག

དོན་ཚན་ཉེར་བདུན་པ། སྤྱི་དམངས་ཀྱི་ནད་ཐོག་སྨན་བཅོས་མྱུར་སྐྱོབ་ཐད་ཀྱི་ཁྲག་སྤྱོད་རྒྱུ་འགན་ལེན་བྱེད་ཆེད། དུས་བསྟུན་གཤག་བཅོས་བྱེད་མཁན་གྱི་ནད་པ་རང་སོ་སོས་ཁྲག་གསོག་འཇོག་བྱེད་རྒྱུ་དར་སྤེལ་གཏོང་བ་དང་སྦྲགས། སྨན་བཅོས་ལས་ཁུངས་དང་ཁྲག་ཚུགས་ནས་ཁྱིམ་ཚང་དང་། སྤུན་ཉེ། རང་གནས་སའི་ཚན་པ། དེ་བཞིན་སྤྱི་ཚོགས་བཅས་ནས་ཕན་ཚུན་ཁྲག་འབུལ་རྒྱུ་སྐུལ་སློང་བྱས་ཆོག

རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་རྗེས་རང་ལུས་ནས་ཁྲག་བླུཌ་རྒྱུའི་ལས་སྒོ་སྤེལ་ཆོག་མོད། འོན་ཀྱང་ངེས་པར་དུ་ཁྲག་གཙག་འདོན་གྱི་བཀོལ་སྤྱོད་ཚད་གཞི་དང་སྒྲིག་སྲོལ་ལག་བསྟར་ནན་པོ་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། སྨན་བཅོས་ལས་ཁུངས་ཀྱིས་ནད་ཐོག་སྨན་བཅོས་ཐད་ཁྲག་སྤྱོད་སྐབས་ངེས་པར་དུ་འོས་འཚམ་དང་། ཚན་རིག་དང་མཐུན་པའི་རྩ་དོན་ལ་སྲུང་བརྩི་ཞུ་དགོས་པ་ལས་ཁྲག་འཕྲོ་བརླག་དང་གང་བྱུང་དུ་སྤྱོད་མི་ཆོག

ལེའུ་ལྔ་པ། ལྟ་སྐུལ་དོ་དམ།

དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲག་ཚུགས་དང་ནད་ཐོག་སྨན་བཅོས་ཐད་ཁྲག་སྤྱོད་མཁན་གྱི་ཚན་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་སྟེ།

(གཅིག)མི་སྣའི་འོས་ཐོབ་དང་དེབ་འཛིན་མི་སྣའི་དེབ་སྐྱེལ་ཐོ་འགོད་བྱེད་རྒྱུ་དང་།

(གཉིས)ཁྲག་གི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དང་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ།

(གསུམ)རིན་མེད་ཁྲག་འབུལ་མཁན་ལ་གཟུགས་པོའི་བདེ་ཐང་གི་བརྟག་དཔྱད་དང་། ཁྲག་གི་ཡོང་ཁུངས། ཁྲག་འབུལ་མཁན་གྱི་ཐོབ་ཐང་ཞིབ་དཔྱད་དང་ཐོ་འགོད་བཅས་བྱེད་རྒྱུ།

(བཞི)ཁྲག་གི་སྤུས་ཚད་ཚོད་འཛིན་དང་འགན་འཁྲི་བདའ་འདེད་གཏོང་རྒྱུ།

(ལྔ)ཁྲག་བཟོས་ཐོན་དང་། ཐུམ་སྒྲིལ། གསོག་ཉར། སྐྱེལ་འདྲེན། མཁོ་མེད་བཟོ་བ། དེ་བཞིན་སྨན་བཅོས་ཀྱི་ཟོག་རོ་མེད་པ་བཟོ་རྒྱུ་སོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ།

(དྲུག)ཁྲག་གཙག་འདོན་དང་ནད་ཐོག་སྨན་བཅོས་ཐད་ཁྲག་སྤྱོད་པའི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་དང་འགན་སྲུང་བྱ་ཐབས་ལག་བསྟར་བྱེད་རྒྱུ།

(བདུན)ཁྲིམས་བཞིན་ངེས་པར་དུ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུའི་དོན་གནད་གཞན་དག་བཅས་སོ།

དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ས་ཆ་དེ་གའི་སྤྱིའི་མི་འབོར་དང་འཆར་ཅན་གྱི་ཁྲག་གསོག་དགོས་མཁོ་ལྟར་ཁྲག་འདང་ངེས་བཞིན་གསོག་འཇོག་བྱས་ཚུལ་དང་། ཁྲག་གཙག་འདོན་གྱི་ལག་རྩལ་ཚད་གཞི་དང་བཀོལ་སྤྱོད་ལས་རིམ་ལག་བསྟར་བྱས་ཚུལ་གཞིར་བཟུང་ཁྲག་ཚུགས་ལ་ལས་སྒོའི་དཔྱད་ཞིབ་བྱེད་དགོས།

དོན་ཚན་སོ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲག་ཚུགས་དང་སྨན་བཅོས་ལས་ཁུངས་ཀྱིས་ཁྲག་གཙག་འདོན་ཐད་སྤྱད་པའི་ཁྲག་གི་གནས་ཚུལ་ལ་དུས་ཚིགས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་མ་ཟད། ཡིག་ཐོག་གི་སྙན་ཞུ་བཟོས་ནས་ཉར་ཚགས་བྱེད་དགོས།

དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་ཁྲག་གཙག་འདོན་བྱེད་པའི་ལྟ་སྐུལ་ཁ་པར་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།

ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་སོ་གསུམ་པ། བྱ་ཐབས་འདིའི་དོན་ཚན་བཅོ་ལྔ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ནས་རིན་མེད་ཁྲག་འབུལ་ལག་ཁྱེར་བཟོ་བཅོས་དང་། ནང་བཤུག བོགས་གཏོང་། གཡར་སྤྱོད་བཅས་བྱས་རིགས་ལ་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་ནས་ཐ་ཚིག་སྒྲོག་རྒྱུ་མ་ཟད། རིན་མེད་ཁྲག་འབུལ་ལག་ཁྱེར་ཡར་བསྡུ་རྒྱུ། རིན་མེད་ཁྲག་འབུལ་ལག་ཁྱེར་རྫུན་བཟོ་བྱས་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱེད་རྒྱུ།

དོན་ཚན་སོ་བཞི་པ། བྱ་ཐབས་འདིའི་དོན་ཚན་བཅུ་དགུ་པའི་གཏན་འབེབས་ལས་འགལ་ནས་ཁྲག་ཚུགས་ཀྱིས་འབྲེལ་ཡོད་བཀོལ་སྤྱོད་སྒྲིག་སྲོལ་དང་ལམ་ལུགས་ལས་འགལ་ཏེ་ཁྲག་གཙགས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲག་འབུལ་མཁན་གྱི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོས་ཚེ། ངེས་པར་དུ་ཁྲིམས་བཞིན་གུན་གསབ་འཇལ་དགོས་ཁར། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས། ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་རྒྱུ།

དོན་ཚན་སོ་ལྔ་པ། ནད་ཐོག་སྨན་བཅོས་ཐད་ཁྲག་བླུགས་པའི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་དང་འགལ་ནས་གནས་ཚུལ་ཚབས་ཆུང་བཟོ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། གནས་ཚུལ་ཚབས་ཆེ་བར་སྒོར་5000ཡན་དང་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་སོ་དྲུག་པ། ཁྲག་ཚུགས་ཀྱིས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་སྨན་བཅོས་ལས་ཁུངས་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་དང་མ་མཐུན་པའི་ཁྲག་མཁོ་འདོན་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་བཀག་བཟོས་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ། གནས་ཚུལ་ཚབས་ཆེ་བའི་རྐྱེན་གྱིས་ནད་ཡམས་ཁྱབ་འགྱེད་བྱུང་ཚེ་ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས། ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་རྒྱུ།

དོན་ཚན་སོ་བདུན་པ། སྨན་བཅོས་ལས་ཁུངས་ཀྱི་སྨན་དོན་མི་སྣས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་དང་མ་མཐུན་པའི་ཁྲག་ནད་པར་སྤྱད་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ནད་པའི་བདེ་ཐང་ལ་གནོད་འཚེ་བཟོས་ཚེ་ངེས་པར་དུ་ཁྲིམས་བཞིན་གུན་གསབ་འཇལ་དགོས་ཁར། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས། ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་རྒྱུ།

དོན་ཚན་སོ་བརྒྱད་པ། འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་དང་དེའི་ལས་དོན་མི་སྣས་ཁྲག་འབུལ་རྒྱུ་དང་། ཁྲག་སྤྱོད་རྒྱུའི་ཐད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཁྲོད་རང་འགན་ལྷོད་གཡེང་ཤོར་ནས་མཇུག་འབྲས་ངན་པ་བཟོས་ཀྱང་ཉེས་གསོག་གི་ཚད་ལ་སླེབས་མེད་ན་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་རིགས། ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་དེ་ཐག་གཅོད་རྒྱུ།

ལེའུ་བདུན་པ། ཞར་བྱུང་།

དོན་ཚན་སོ་དགུ་པ། བྱ་ཐབས་འདི་ལག་བསྟར་མ་བྱས་གོང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁུལ་ཁོངས་ནང་དུ་རིན་མེད་ཁྲག་འབུལ་བྱས་རིགས་བྱ་ཐབས་འདི་གཞིར་བཟུང་ལག་བསྟར་བྱེད་རྒྱུ།

དོན་ཚན་བཞི་བཅུ་པ། བྱ་ཐབས་འདི་2016ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས།

(བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།