ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་སྒྲིལ་གྱིས་ལག་ཏུ་བསྟར་བའི་ཇུས་གཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་གྱི་བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་སྒྲིལ་གྱིས་ལག་ཏུ་བསྟར་བའི་ཇུས་གཞི།

མཚོ་སྲིད་གཞུང་ལས་ཐིན﹝2019﹞ཨང98པ།


རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི《བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་སྒྲིལ་གྱིས་ལག་ཏུ་བསྟར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་སྤེལ﹝2019﹞ཨང10བ) གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས། བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་སྒྲིལ་གྱིས་ལག་བསྟར་བྱ་བ་ངེས་པ་དོན་གྱིས་ལེགས་པོར་བསྒྲུབ་ཆེད། འགན་བཅོལ་གྱི་རྣམ་གྲངས་སོར་འཇོག་དང་ཐོབ་ཐང་འགན་སྲུང་། གཅིག་གྱུར་གྱིས་དོ་དམ། མ་གནས་ཇེ་དམའ་རུ་གཏོང་བ་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར་རང་ཞིང་གི་དོན་དངོས་དང་སྦྲེལ་ཏེ་ཆེད་དུ་ལག་བསྟར་ཇུས་གཞི་འདི་བཟོས་པ་ཡིན།

གཅིག མཛུབ་སྟོན་བསམ་བློ། 

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཐོག “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”རང་རྟོགས་སྒོས་ལག་ལེན་ཏུ་བཏབ་ནས། བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཉིས་གཅིག་སྒྲིལ་གྱིས་ལག་ཏུ་བསྟར་བར་སྐུལ་འདེད་དང་། འགན་བཅོལ་ནང་ཞུགས་སྐབས་དུས་མཉམ་དུ་ཐོ་འགོད་དང་ཐེབས་རྩ་གཅིག་སྒྲིལ་གྱིས་འཁོར་རྒྱུག་བྱེད་པ། བསྡུ་སྤྲོད་དང་དོ་དམ་བྱེད་སྟངས་གཅིག་མཐུན་ཡིན་པ། གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱེད་པ། སྒྲུབ་གཉེར་ཞབས་ཕྱི་གཞི་གཅིག་ཅན་ཡིན་པ་བཅས་མངོན་འགྱུར་བྱ་དགོས། འགན་བཅོལ་རིགས་གཉིས་ཀྱི་ཐེབས་རྩ་དང་དོ་དམ་ཐོན་ཁུངས་གཅིག་ཏུ་བསྒྲིལ་ནས་ཐེབས་རྩའི་མཉམ་སྐྱོབ་ཀྱི་ནུས་པ་དང་དོ་དམ་གྱི་ཕྱོགས་བསྡུས་ནུས་ཕྱོད་ཆེ་རུ་གཏོང་བ་དང་། དོ་དམ་འཁོར་སྐྱོད་ཀྱི་མ་གནས་ཇེ་ཉུང་དུ་བཏང་སྟེ་རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་མཐུན་ཞིང་འགན་བཅོལ་དོ་དམ་གྱི་ཐོན་ཁུངས་ལེགས་སྒྱུར། འགན་བཅོལ་རིགས་གཉིས་ཡུན་རིང་པོར་བརྟན་འཇགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་ལམ་ལུགས་མ་ལག་དང་འཁོར་སྐྱོད་རྐྱེན་སྲོལ་གཟུགས་དགོས། 

གཉིས། སྲིད་ཇུས་གཙོ་བོ། 

(གཅིག)འགན་བཅོལ་ནང་ཞུགས་པའི་ཐོ་འགོད་གཅིག་གྱུར་བྱ་དགོས། རང་རེའི་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ནང་གི་མཁར་གྲོང་གི་ཁེ་ལས་དང་ལས་ཁུངས། དོན་ལས་སྡེ་ཚན། སྤྱི་ཚོགས་ཚོགས་པ། དམངས་གཉེར་ཁེ་ལས་མིན་པའི་སྡེ་ཚན། གླ་པ་ཡོད་པའི་སྒེར་གཉེར་དཔལ་འབྱོར་རྩ་འཛུགས་སོགས་མི་བཀོལ་མཁན་སྡེ་ཚན་དག་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་ཆབས་ཅིག སྡེ་ཚན་རང་གི་ལས་ཐོག་ལས་བཟོ་བ་རྣམས་འགྲོས་མཉམ་ངང་བུ་བཙའི་འགན་བཅོལ་ནང་འཇུག་དགོས། 

(གཉིས།)ཐེབས་རྩ་བསྡུ་སྤྲོད་དང་དོ་དམ་གཅིག་གྱུར་བྱ་དགོས། བུ་བཙའི་འགན་བཅོལ་ཐེབས་རྩ་དེ་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་དང་གཅིག་ཏུ་བསྒྲིལ་ནས་གཅིག་གྱུར་གྱིས་བསྡུ་སྤྲོད་དང་གཅིག་གྱུར་གྲབས་གཤོམ་གྱི་རིམ་པ་གཅིག་མཐུན་ཡོང་བར་བྱ་དགོས། མི་བཀོལ་མཁན་སྡེ་ཚན་གྱི་བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་སྤྲོད་བསྡུར་ཚད་ཀྱི་བསྡོམས་འབོར་ལྟར་མི་བཀོལ་མཁན་སྡེ་ཚན་གྱི་ལས་བཟོ་བ་གསར་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་ཚད་གཏན་ཁེལ་བྱ་དགོས་ལ། མི་སྒེར་གྱིས་བུ་བཙའི་འགན་བཅོལ་གྲོན་དངུལ་སྤྲོད་མི་དགོས། དེ་དང་ཆབས་ཅིག་ཏུ་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྒོའི་གནས་ཚུལ་དང་བུ་བཙའི་ཐོབ་ཐང་གི་དགོས་མཁོར་གཞིགས་ཏེ། གཏོང་ཡོང་དོ་མཉམ་གྱི་རྩ་དོན་ལྟར་གྲོན་དངུལ་སྤྲོད་ཚད་གཏན་ཁེལ་དང་ལེགས་སྒྲིག་རྐྱེན་སྲོལ་གཟུགས་དགོས། 

དུས་རིམ་རང་བཞིན་གྱི་གྲོན་དངུལ་གཅོག་དུས། ཁེ་ལས་དང་གྲོན་དངུལ་རང་གིས་གཏང་དགོས་པའི་དོན་ལས་སྡེ་ཚན་དང་ལས་ཁུངས། གྲོན་དངུལ་ཡོང་ཁུངས་གཙོ་བོ་ནོར་སྲིད་ཀྱིས་གཏོང་བཞིན་པ་དང་གྲོན་དངུལ་ཡོང་ཁུངས་ཆ་ཤས་ནོར་སྲིད་ཀྱིས་རོགས་སྐྱོར་བྱེད་བཞིན་པའི་དོན་ལས་སྡེ་ཚན་གྱི་བུ་བཙའི་འགན་བཅོལ་གྲོན་དངུལ་སྤྲོད་ཚད་སོ་སོར་ལོ་འཁོར་གོང་མའི་ལས་བཟོ་བའི་གླ་ཕོགས་བསྡོམས་འབོར་གྱི0.5%དང0.45%ཡིན་ལ། 2020ལོའི་ཟླ10བའི་ཚེས1ཉིན་ནས་བཟུང0.9%དང་0.5%རུ་སླར་གསོ་བྱ་དགོས། རྒྱལ་ཁབ་གྱིས་ལོགས་སུ་གཏན་ལ་ཕབ་ཡོད་ན་དེ་བཞིན་དུ་ལག་བསྟར་བྱ་དགོས། 

མི་བཀོལ་མཁན་སྡེ་ཚན་གྱིས་སྡེ་ཚན་རང་གི་ལོ་འཁོར་གོང་མའི་ལས་བཟོ་བའི་གླ་ཕོགས་ཀྱི་བསྡོམས་འབོར་དེ་གཞི་གྲངས་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲད་དགོས་ལ། གྲོན་དངུལ་སྤྲོད་པའི་གཞི་གྲངས་དེ་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གོང་མའི་མཁར་གྲོང་གི་སྡེ་ཚན་གྱི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཀྱི60%ལས་མི་དམའ་བ་ལྟར་གཏན་ཁེལ་བྱ་དགོས། 60%ལས་དམའ་ན60%ལྟར་སྤྲོད་པ་དང་། 300%ལས་བརྒལ་ན་སྒོར300%ལྟར་གྲོན་དངུལ་སྤྲད་དགོས། 

ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཐད་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ནོར་དོན་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། བུ་བཙའི་འགན་བཅོལ་ཐེབས་རྩའི་ཡོང་འབབ་ལོགས་སུ་མི་འགོད་པ་དང་། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་གྲབས་གཤོམ་ཐེབས་རྩའི་ཐོབ་ཐང་གཏོང་སྒོའི་ཁྲོད་དུ་བུ་བཙའི་ཐོབ་ཐང་གཏོང་སྒོའི་རྣམ་གྲངས་དགོད་དགོས། ཐེབས་རྩའི་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་འཚོལ་ཞིབ་སྒོས་འཐུས་སྒོ་ཚང་དུ་འཛུགས་པ་དང་། ཐེབས་རྩ་འཁོར་སྐྱོད་གནས་ཚུལ་ཡོངས་བསྒྲགས་བྱ་རྒྱུ་རྒྱུན་འཁྱོངས་དང་ནང་ཁུལ་ནས་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག ཐེབས་རྩར་སྲིད་འཛིན་དང་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་ཁག་ཐེག་བྱ་དགོས། 

(གསུམ།)སྨན་བཅོས་ཞབས་ཕྱིའི་དོ་དམ་གཅིག་གྱུར་བྱ་དགོས། འགན་བཅོལ་རིགས་གཉིས་གཅིག་ཏུ་བསྒྲིལ་ནས་ལག་བསྟར་བྱས་རྗེས་ཀྱི་དམིགས་བཙུགས་སྨན་བཅོས་ཞབས་ཕྱིར་གཅིག་གྱུར་གྱིས་དོ་དམ་བྱ་དགོས། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་དམིགས་བཙུགས་སྨན་བཅོས་ལས་ཁུངས་བར་དུ་འབྲེལ་ཡོད་སྨན་བཅོས་ཞབས་ཕྱིའི་གྲོས་ཆིངས་འཇོག་སྐབས། བུ་བཙའི་སྨན་བཅོས་ཞབས་ཕྱིའི་འབྲེལ་ཡོད་བླང་བྱ་དང་དམིགས་ཚད་དེ་གྲོས་ཆིངས་ནང་དུ་བསྣན་དགོས་པར་མ་ཟད། གྲོས་ཆིངས་ལྟར་དོ་དམ་གང་ལེགས་བྱས་ཐོག བུ་བཙའི་སྨན་བཅོས་ཞབས་ཕྱིར་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག དེ་མིན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་བརྟག་བཅོས་རྣམ་གྲངས་དང་སྨན་བཅོས་ཞབས་ཕྱིའི་སྒྲིག་ཆས་ཁྱབ་ཁོངས་ལག་བསྟར་བྱ་དགོས།

བུ་བཙའི་སྨན་བཅོས་ཞབས་ཕྱིའི་ཀུན་སྤྱོད་ཚད་ལྡན་དུ་སྐུལ་སྤེལ་གཏང་དགོས། བུ་བཙའི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་གྱི་ཁྱབ་ཁོངས་སུ་བཅུག་ནས། སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བ་སོགས་ཀྱི་སྨན་བཅོས་འགྲོ་གྲོན་དེ་ནད་གཞིའི་རིགས་དང་ཕྲུ་གུ་མ་བཙས་གོང་གི་ཞིབ་བཤེར་འགྲོ་གྲོན་དེ་མི་གྲངས་ལྟར་སྤྲོད་པ་སོགས་ཀྱི་སྨན་རིན་སྤྲོད་སྟངས་སྤྱད་དགོས། བུ་བཙའི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་དང་དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱིས་ཐད་ཀར་བསྡོམས་རྩིས་བརྒྱག་དགོས། སྨན་བཅོས་འགན་བཅོལ་གྱི་རིག་ལྡན་ལྟ་སྐུལ་ཚོད་འཛིན་མ་ལག་བེད་སྤྱོད་གང་ལེགས་བྱས་ནས་ལྟ་སྐུལ་ཚོད་འཛིན་དང་ཞིབ་བཤེར་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། བུ་བཙའི་སྨན་བཅོས་འགྲོ་གྲོན་ལུགས་དང་མི་མཐུན་པར་འཕར་བར་ཚོད་འཛིན་བྱ་དགོས། 

(བཞི།)སྒྲུབ་གཉེར་དང་ཆ་འཕྲིན་ཞབས་ཕྱི་གཅིག་གྱུར་གྱིས་བསྒྲུབ་དགོས། འགན་བཅོལ་རིགས་གཉིས་གཅིག་སྒྲིལ་གྱིས་ལག་བསྟར་བྱས་རྗེས། སྒྲུབ་གཉེར་དང་དོ་དམ་གཅིག་གྱུར་བྱས་ཏེ་སྒྲུབ་གཉེར་ལས་རིམ་ཚད་ལྡན་དུ་གཏང་དགོས། སྒྲུབ་གཉེར་དང་དོ་དམ་བྱེད་འགན་དེ་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་འཁུར་བ་དང་། འགྲོ་གྲོན་དེ་རིམ་པ་གཅིག་པའི་ནོར་སྲིད་སྔོན་རྩིས་ནང་དུ་འཇུག་དགོས། སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་གི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་ཆ་འཕྲིན་མ་ལག་གཞི་གཅིག་ཅན་དུ་འཁོར་སྐྱོད་བྱེད་པ་ལག་བསྟར་བྱ་དགོས། སྔར་ཡོད་ཀྱི་བུ་བཙའི་འགན་བཅོལ་གྱི་སྨན་བཅོས་འགྲོ་གྲོན་བསྡོམས་རྩིས་ལས་སྟེགས་གནས་སྐབས་སུ་སོར་འཇོག་བྱས་ཆོག་ལ། ཆ་རྐྱེན་འཛོམས་རྗེས་སྨན་བཅོས་འགན་བཅོལ་གྱི་བསྡོམས་རྩིས་ལས་སྟེགས་དང་གཅིག་ཏུ་བསྒྲིལ་དགོས། བསྡོམས་རྩིས་ཆ་འཕྲིན་མ་ལག་འཐུས་ཚང་དུ་བཏང་ནས་བུ་བཙའི་འགན་བཅོལ་ཐེབས་རྩ་འཁོར་རྒྱུག་དང་ཐོབ་ཐང་ལོངས་སྤྱོད་མཁན་མི་སྣ། ཐོབ་ཐང་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ཡོངས་དུས་ཐོག་ཏུ་ཡང་དག་པར་མཚོན་ཐུབ་པ་ཁག་ཐེག་བྱ་དགོས།

(ལྔ།)ལས་བཟོ་བས་བུ་ཕྲུག་བཙའ་སྐབས་ཀྱི་བུ་བཙའི་འགན་བཅོལ་ཐོབ་ཐང་། བུ་བཙའི་འགན་བཅོལ་ཐོབ་ཐང་ནང་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》ལས་གཏན་ལ་ཕབ་པའི་བུ་བཙའི་སྨན་བཅོས་འགྲོ་གྲོན་དང་བུ་བཙའི་ཕོགས་སྣོན་འདུས་ལ། དེར་མཁོ་བའི་མ་དངུལ་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁྲོད་ནས་གཏང་དགོས། མི་བཀོལ་མཁན་སྡེ་ཚན་གཏན་ཕབ་ལྟར་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཤིང་གྲོན་དངུལ་སྤྲོད་པའི་འོས་འགན་བསྒྲུབས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་འཆར་ལྡན་བུ་བཙའི་སྲིད་ཇུས་དང་མཐུན་པར་ཕྲུ་གུ་བཙས་པའམ་འཆར་ལྡན་བུ་སྐྱེའི་གཤག་བཅོས་བྱས་ཚེ། བུ་བཙའི་ཕོགས་སྣོན་ལོངས་སུ་སྤྱད་ཆོག་པ་དང་། ཕྲུ་གུ་བཙས་པ་དང་འཆར་ལྡན་བུ་བཙའི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་ཆོག མི་བཀོལ་མཁན་སྡེ་ཚན་འགན་བཅོལ་ནང་ཞུགས་མེད་པའམ་གཏན་ཕབ་ལྟར་གྲོན་དངུལ་མ་སྤྲད་ན། ལས་བཟོ་བས་འཆར་ལྡན་བུ་བཙའི་སྲིད་ཇུས་དང་མཐུན་པར་ཕྲུ་གུ་བཙས་པའམ་འཆར་ལྡན་བུ་སྐྱེའི་གཤག་བཅོས་བྱས་པ་ལས་བྱུང་བའི་འགྲོ་གྲོན་དེ་མི་བཀོལ་མཁན་སྡེ་ཚན་གྱིས་གཏང་དགོས། 

1. བུ་བཙའི་སྨན་བཅོས་འགྲོ་གྲོན། བུད་མེད་ལས་བཟོ་བར་མངལ་ཆགས་པ་དང་། ཕྲུ་གུ་བཙའ་དུས་བརྟག་དཔྱད་དང་སྐྱེ་ལེན། གཤག་བཅོས། ཞག་སྡོད། སྨན་རིན། འཆར་ལྡན་བུ་བཙའི་གཤག་བཅོས་བཅས་ལས་བྱུང་བའི་འགྲོ་གྲོན་དེ་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག་དང་མཐུན་ཞིང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་བརྟག་བཅོས་རྣམ་གྲངས་དང་སྨན་བཅོས་ཞབས་ཕྱིའི་སྒྲིག་ཆས་ཀྱི་ཁྱབ་ཁོངས་སུ་གཏོགས་ཚེ། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁྲོད་ནས་གཏང་དགོས། ཕྲུ་གུ་བཙས་པ་དང་བསྡོངས་པའི་ནད་གཞི་དང་། ཕྲུ་གུ་བཙའ་བའམ་འཆར་ལྡན་བུ་བཙའི་དུས་སུ་ནད་གཞི་གཞན་པ་ཕོག་ཡོད་པ་ལ། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་འགྲོ་སོང་རྩིས་ཞུའི་སྲིད་ཇུས་ལྟར་ལག་བསྟར་བྱ་དགོས། མི་སྒེར་གྱིས་འགན་འཁུར་དགོས་པའི་སྨན་བཅོས་འགྲོ་གྲོན་ཁག་དེ་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁོངས་ལས་གཏང་ཆོག

འགན་བཅོལ་ནང་ཞུགས་མཁན་སྐྱེས་པ་ལས་བཟོ་བའི་ལས་ཀར་ཞུགས་མེད་པའི་བཟའ་ཟླ་དེ་ལས་བཟོ་བ་དང་མཁར་གྲོང་གི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་ཚེ། བུ་བཙའི་སྨན་བཅོས་འགྲོ་གྲོན་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ལྟར་རྩིས་ཞུ་བྱ་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་ཚེ། དམིགས་བཙུགས་སྨན་བཅོས་ལས་ཁུངས་ཀྱི་རིམ་པ་དང་ཕྲུ་གུ་བཙའ་སྟངས་ཀྱི་དངུལ་བཅད་ཚད་གཞིའི50%ལྟར་ཐེངས་གཅིག་གིས་ཁ་གསབ་རོགས་དངུལ་སྟེར་དགོས་ལ། བུ་བཙའི་ཕོགས་སྣོན་གྱི་ཐོབ་ཐང་ལོངས་སུ་སྤྱད་རྒྱུ་མེད། བབ་བསྟུན་གྱིས་ལས་ཀར་ཞུགས་མཁན་དག་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ན། བུ་བཙའི་འགན་བཅོལ་གྲོན་དངུལ་སྤྲོད་མི་དགོས་པ་དང་། དེ་དག་སྨན་ཁང་དུ་བསྡད་པའི་བུ་བཙའི་སྨན་བཅོས་འགྲོ་གྲོན་དེ་གཅིག་གྱུར་གྲབས་གཤོམ་བྱེད་ཁུལ་སོ་སོས་ད་ལྟ་ལག་བསྟར་བྱེད་བཞིན་པའི་བབ་བསྟུན་གྱིས་ལས་ཀར་ཞུགས་མཁན་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ཀྱི་གཏན་ཕབ་ལྟར་ལག་བསྟར་བྱ་དགོས་ལ། བུ་བཙའི་ཕོགས་སྣོན་ལོངས་སུ་སྤྱད་རྒྱུ་མེད། ལས་འཁྱུར་ངལ་གསོ་མི་སྣས་བུ་བཙའི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱ་ཆོག་ལ། བུ་བཙའི་ཕོགས་སྣོན་ཐོབ་ཐང་ལོངས་སུ་སྤྱད་རྒྱུ་མེད།

2. བུ་བཙའི་ཕོགས་སྣོན། བུ་བཙའི་ཕོགས་སྣོན་ནི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བར་གཏན་ཁེལ་བྱས་པའི་བུ་བཙའི་གུང་གསེང་དང་འཆར་ལྡན་བུ་བཙའི་གཤག་བཅོས་བྱེད་སྐབས་སུ་ཐོབ་པའི་གླ་ཕོགས་རང་བཞིན་གྱི་ཁ་གསབ་ཡིན། བུ་བཙའི་ཕོགས་སྣོན་གཏོང་སྤྲོད་ཀྱི་དུས་བཅད་ནི《བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོབ་སྐོར་གྱི་དམིགས་བསལ་གཏན་ཕབ》དང《མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》། 《མཚོ་སྔོན་ཞིང་ཆེན་གྱི་བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོབ་ལག་བསྟར་བྱ་ཐབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་འབྲེལ་ཡོད་ཀྱི་བུ་བཙའི་གུང་གསེང་གི་དུས་བཅད་ལྟར་ལག་བསྟར་བྱ་དགོས། 

བུད་མེད་ལས་བཟོ་བའི་བུ་བཙའི་གུང་གསེང་སྐབས་ཀྱི་བུ་བཙའི་ཕོགས་སྣོན་དེ། གཅིག་གྱུར་གྲབས་གཤོམ་བྱེད་ཁུལ་གྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་མི་བཀོལ་མཁན་སྡེ་ཚན་གྱིས་ལོ་གོང་མར་སྨན་བཅོས་འགན་བཅོལ་གྲོན་དངུལ་སྤྲད་པའི་ཟླ་རེའི་ཆ་སྙོམས་ཀྱི་གླ་ཕོགས་གཞི་གྲངས་བྱས་ཏེ། ཟླ་རེར་ཉིན30ཡི་དབང་དུ་བཏང་ནས་ཉི་མ་རེ་རེ་བཞིན་དུ་རྩིས་བརྒྱབ་སྟེ་སྟེར་དགོས། 

ལས་ཁུངས་དང་། གྲོན་དངུལ་ཡོང་ཁུངས་གཙོ་བོ་ནོར་སྲིད་ཀྱིས་གཏོང་བཞིན་པ་དང་གྲོན་དངུལ་ཡོང་ཁུངས་ཁག་ཤས་ནོར་སྲིད་ཀྱིས་རོགས་སྐྱོར་བྱེད་བཞིན་པའི་དོན་ལས་སྡེ་ཚན་གྱི་བུད་མེད་ལས་བཟོ་བར་བུ་བཙའི་གུང་གསེང་སྐབས་སུ་བུ་བཙའི་ཕོགས་སྣོན་ལོངས་སུ་སྤྱད་རྒྱུ་མེད་ཅིང་། མི་བཀོལ་མཁན་སྡེ་ཚན་གྱིས་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་སྔར་བཞིན་སྟེར་དགོས།

(དྲུག)ལམ་ལུགས་རྒྱུན་མཐུད་ཡོང་བ་ཁག་ཐེག་བྱ་དགོས། གཅིག་གྱུར་གྲབས་གཤོམ་ས་ཁུལ་གྱིས་འགན་བཅོལ་རིགས་གཉིས་ཀྱི་ཐེབས་རྩ་གཅིག་ཏུ་བསྒྲིལ་ནས་ཐེབས་རྩ་གཅིག་གྱུར་གྲབས་གཤོམ་དང་དེའི་མཉམ་སྐྱོབ་ནུས་པ་ཆེ་རུ་གཏོང་བ་དང་། དེང་ཕྱིན་ཆད་མི་འབོར་གནས་བབ་ཀྱིས་བུ་བཙའི་འགན་བཅོལ་གྱི་འགྲོ་སྒོར་བཟོ་སྲིད་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་དང་ལམ་ལུགས་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏང་དགོས། “གང་ནུས་ཅི་ལྕོགས་ཀྱིས་སྒྲུབ་པའི”རྩ་དོན་ལྟར་དོན་དངོས་གཞིར་འཛིན་པ་དང་གཞི་རྩའི་ཁེ་དབང་འགན་ལེན་བྱེད་པ་ནས་སྒྲུབ་མགོ་རྩོམ་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་དཔག་ལ་ལུགས་མཐུན་གྱིས་ཁྲིད་སྟོན་བྱ་དགོས། གཅིག་སྒྲིལ་གྱིས་ལག་བསྟར་བྱས་རྗེས་ཀྱི་ཐེབས་རྩ་འཁོར་སྐྱོད་བྱེད་ཚུལ་དང་འགྲོ་སྒོའི་གྲུབ་ཚུལ་ལ་རྗེས་དེད་ནས་དབྱེ་ཞིབ་བྱས་ཏེ། བུ་བཙའི་འགན་བཅོལ་གྱི་ལྟ་སྐུལ་དམིགས་ཚད་འཐུས་ཚང་དུ་གཏང་དགོས། བུ་བཙའི་འགན་བཅོལ་གྱི་འགྲོ་སྒོའི་དགོས་མཁོར་གཞིགས་ཏེ་གྲོན་དངུལ་གྱི་ཚད་འགུལ་རྣམ་ལྟར་ལེགས་སྒྲིག་རྐྱེན་སྲོལ་བཙུགས་ཏེ། ཉེན་ཁ་ཐེབས་པར་དོགས་ཟོན་དང་ལམ་ལུགས་རྒྱུན་མཐུད་ཡོང་བར་བྱ་དགོས། 

གསུམ། འགན་སྲུང་བྱེད་ཐབས། 

(གཅིག)རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་བསྣན་དགོས། གཅིག་གྱུར་གྲབས་གཤོམ་བྱེད་ཁུལ་སོ་སོས་གཙིགས་སུ་འཛིན་པ་དང་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་སྟེ་འབྲེལ་ཡོད་བྱ་བར་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏང་དགོས། ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱ་བར་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་བྱ་བའི་ཁྲོད་འཕྲད་པའི་དཀའ་གནད་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས་ཤིང་། གནས་ཚུལ་གལ་ཆེན་ཡོད་ན་དུས་ཐོག་ཏུ་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་དབུལ་དགོས།

(གཉིས།)སེམས་ཞིབ་མོས་རྩ་འཛུགས་བྱས་ནས་ལག་ཏུ་བསྟར་དགོས། གཅིག་གྱུར་གྲབས་གཤོམ་བྱེད་ཁུལ་སོ་སོས་ལག་བསྟར་ཇུས་གཞི་འདིའི་བླང་བྱ་ལྟར། ས་དེ་གའི་བུ་བཙའི་འགན་བཅོལ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྲོད་ཞུགས་པའི་མི་ཚོགས་ཀྱི་ཁྱད་པར་དང་ཐེབས་རྩའི་གཏོང་སྤྲོད་ནུས་པ། ཐོབ་ཐང་འགན་སྲུང་ཆུ་ཚད་སོགས་རྒྱུ་རྐྱེན་ལ་གཞིགས་ནས་ཕྱོགས་བསྡུས་སྒོས་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཐོག ཞིབ་ཚགས་ཀྱིས་རྩ་འཛུགས་ལག་བསྟར་བྱས་ཏེ་ འགན་བཅོལ་ནང་ཞུགས་མཁན་གྱི་འབྲེལ་ཡོད་ཐོབ་ཐང་ཇེ་དམའ་རུ་མི་འགྲོ་བ་དང་། ཐེབས་རྩའི་གཏོང་ཡོང་དོ་མཉམ་ཡོང་ཞིང་བརྟན་འཇགས་ངང་བར་བརྒལ་ཐུབ་པ་ཁག་ཐེག་བྱ་དགོས། བྱ་བ་བཀོད་སྒྲིག་ཐད་ལ་ཤུགས་སྣོན་པ་དང་བྱ་བ་སྣ་ཚོགས་མྱུར་དུ་དོན་འཁྱོལ་བྱས་ནས། 2019ལོའི་ལོ་མཇུག་གི་སྔོན་དུ་འགན་བཅོལ་རིགས་གཉིས་གཅིག་སྒྲིལ་གྱིས་ལག་བསྟར་ཐུབ་པ་ཁག་ཐེག་བྱ་དགོས།

(གསུམ།)སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏང་དགོས། གཅིག་གྱུར་གྲབས་གཤོམ་བྱེད་ཁུལ་སོ་སོས་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ནས་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་ཡང་དག་རྒྱག་པ་དང་། འགན་བཅོལ་རིགས་གཉིས་གཅིག་སྒྲིལ་གྱིས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། གཅིག་སྒྲིལ་གྱིས་ལག་བསྟར་བྱས་རྗེས་སུ་འགན་བཅོལ་ནང་ཞུགས་མཁན་གྱི་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་པར་ཤུགས་རྐྱེན་ཐེབས་མི་སྲིད་པ་མ་ཟད། ཐེབས་རྩའི་མཉམ་སྐྱོབ་ནུས་པ་ཆེ་རུ་འགྲོ་བ་དང་མི་བཀོལ་མཁན་སྡེ་ཚན་གྱི་ལས་དོན་རང་བཞིན་གྱི་ཁུར་པོ་ཇེ་ཡང་དུ་འགྲོ་བ། དོ་དམ་ལས་ཕྱོད་ཆེ་རུ་འགྲོ་བ་བཅས་ལ་ཕན་པ་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ལ་ཤེས་སུ་བཅུག་ནས། འགན་བཅོལ་རིགས་གཉིས་གཅིག་སྒྲིལ་གྱིས་ལག་ཏུ་བསྟར་བར་སྐུལ་འདེད་གཏོང་བ་ལ་སྤྱི་ཚོགས་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས། 

ཡིག་ཆ་འདི2019ལོའི་ཟླ9བའི་ཚེས5ཉིན་ནས་བཟུང་ལག་བསྟར་བྱ་དགོས། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་བུ་བཙའི་འགན་བཅོལ་སྐོར་གྱི་སྔར་གྱི་འབྲེལ་ཡོད་གཏན་འབེབས་དེ་ལག་བསྟར་ཇུས་གཞི་འདིའི་བསམ་འཆར་དང་མི་མཐུན་ཚེ། ལག་བསྟར་ཇུས་གཞི་འདི་ཉིད་ཚད་གཞིར་འཛིན་དགོས།


ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།