ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་འཆར་གཞི་ལག་བསྟར་ཇུས་གཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་འཆར་གཞི་ལག་བསྟར་ཇུས་གཞི།

མཚོ་སྲིད་གཞུང་ལས་ཐིན[2019]ཨང44བ།


ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་དབུལ་སྐྱོར་ཅུས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བའི་དགོངས་དོན་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བགྱིད་པ་དང་། སྔར་ལས་གནད་དུ་འཁེལ་བའི་བྱེད་ཐབས་དང་། རྒྱུན་སྲོལ་ལས་བརྒལ་བའི་ཤུགས་ཚད་ཀྱིས་གསོ་སྦྱོང་ལས་ལས་ཞུགས་ལ་སྐུལ་སྤེལ་བྱེད་ཐབས་སྔར་བས་ཇེ་དྲག་ཏུ་བཏང་སྟེ། ནུས་རྩལ་གྱིས་དབུལ་སྐྱོར་བྱེད་པའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏང་ཆེད། ཇུས་གཞི་འདི་གཏན་ལ་ཕབ་པ་ཡིན།

གཅིག། དམིགས་འབེན་ལས་འགན།

2019ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་བྱེད་པའི་ཐད་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། རྣམ་པ་གསར་བའི་ལས་རིགས་རོང་འབྲོག་པ། ཡིག་ཚགས་དང་གྰ་བཟོས་པའི་དབུལ་ཕོངས་ངལ་རྩོལ་པ། ལས་ཤོར་ལས་སྒྱུར་བྱེད་པའི་མི་སྣ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་སོགས་གཙོ་གནད་དུ་བཟུང་ནས། ལས་རིགས་ནུས་རྩལ་གསོ་སྦྱོང་ལ“ཡོངས་ཁྱབ་དང་། ཁྱབ་བརྡལ། གཟིགས་སྐྱོང”གི་རྩ་དོན་གཞིར་བཟུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་མི(ཐེངས)ཁྲི14.7ལ་ནུས་རྩལ་གསོ་སྦྱོང་བྱེད་པར་རྩ་འཛུགས་བྱེད་པའི་འཆར་གཞི་ཡོད་ལ། དེའི་ནང་དུ་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི(ཐེངས)ཁྲི11.5གསོ་སྦྱོང་དང་། མཁར་གྲོང་གི་ངལ་རྩོལ་པ་མི(ཐེངས)ཁྲི3.2གསོ་སྦྱོང་བྱ་དགོས།

གཉིས། གསོ་སྦྱོང་རིགས་དབྱེ།

2019ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་འཆར་གཞིའི་ལས་འགན་དབྱེ་ཕྲལ་རེའུ་མིག(ཟུར་བཀོད1)ལྟར། དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་དང་། ཞིང་ཕྱུགས་ལས་ལག་རྩལ་གསོ་སྦྱོང། ཁེ་ལས་ཀྱི་ལས་བཟོ་བའི་ལས་རིགས་སམ་ལས་གནས་བསྒྱུར་བའི་ནུས་རྩལ་མཐོར་འདེགས་གསོ་སྦྱོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་བཅས་རྩ་འཛུགས་བྱ་རྒྱུ།

(གཅིག) དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་། གནད་འཁེལ་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ནས་ལས་རིགས་སློབ་གསོར་རོགས་དངུལ་སྟེར་བ་དང་། ཕྱུག་སྒྱུར་སྣེ་ཁྲིད་པ་གསོ་སྦྱོང་དང་དབུལ་ཕོངས་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་གི“སྦྲང་ཆར་འཆར་གཞི”ལག་བསྟར་བྱེད་པ་དང་། ལོ་ཧྲིལ་པོར་འཆར་གཞི་ལྟར་མི(ཐེངས)ཁྲི1.7གསོ་སྦྱོང་བྱས་ཏེ། རོང་འབྲོག་ཁུལ་གྱི་དབུལ་ཕོངས་ངལ་རྩོལ་པ་ལས་ཞུགས་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་གྱི་ནུས་པ་ཇེ་མཐོར་བཏང་ནས། རོང་འབྲོག་པའི་ལས་ཞུགས་དང་ལས་སྐྲུན་ལ་སྐུལ་སྤེལ་གཏང་དགོས།

(གཉིས།) ཞིང་ཕྱུགས་ལས་ལག་རྩལ་གསོ་སྦྱོང། ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་གསོ་སྦྱོང་ཚད་གཞིའི་ནང་གཏན་འཁེལ་བྱས་པའི་གསོ་སྦྱོང་དམིགས་འབེན་དང་ནང་དོན་ལྟར། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་འབུར་དུ་ཐོན་པར་བྱས་ཐོག ཞིང་ལས་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་དང་ཞིང་ཕྱུགས་ལས་རིགས་སློབ་གླིང་། ཞིང་ཕྱུགས་ཚན་རྩལ་ཁྱབ་གདལ་ལས་ཁུངས་དང་དབང་བོ་སྐྱོན་ཅན་གྱི་གསོ་སྦྱོང་ལས་ཁུངས་བཅས་ལ་བརྟེན་ནས། གཅིག་བསྡུས་སྒོས་སློབ་ཁྲིད་དང་ཡུལ་དངོས་སུ་མཛུབ་སྟོན། སྒོ་ཁའི་ཟུར་ཁྲིད་སོགས་བྱེད་སྟངས་སྣ་མང་སྤྱད་དེ། ལོ་ཧྲིལ་པོར་འཆར་གཞི་ལྟར་མི(ཐེངས)ཁྲི1.94གསོ་སྦྱོང་བྱེད་ཅིང་། ཞིང་ཕྱུགས་ལས་ཐོན་སྐྱེད་མ་བྱས་སྔོན་དང་ཐོན་སྐྱེད་བྱེད་སྒང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་ཐོན་སྐྱེད་ནུས་རྩལ་དང་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་བྱས་ནས། ཐོན་སྐྱེད་བྱེད་ནུས་ཇེ་ཆེར་གཏང་དགོས།

(གསུམ།) ཁེ་ལས་ཀྱི་ལས་བཟོ་པའི་ལས་རིགས་སམ་ལས་གནས་སྒྱུར་བའི་ནུས་རྩལ་མཐོར་འདེགས་གསོ་སྦྱོང་། ཁེ་ལས་རིགས་སྣ་ཚོགས་ཀྱིས་གསར་དུ་བསྡུ་བའི་ལས་བཟོ་པར་ལས་གནས་སུ་མ་ཞུགས་སྔོན་དུ་གསོ་སྦྱོང་བྱེད་པ་དང་། ཁེ་ལས་ཀྱི་རྣམ་པ་གསར་བའི་དགེ་ཕྲུག་གི་ལམ་ལུགས་གསོ་སྦྱོང་ལ་རྒྱབ་སྐྱོར་དང། ལས་ཤོར་འགན་བཅོལ་ནང་ཞུགས་པ་མ་ཟད་མ་དངུལ་སྤྲོད་པའི་འོས་འགན་དང་དུ་བླངས་པའི་ཁེ་ལས་ཀྱིས་ལས་གནས་སུ་ཡོད་པའི་ལས་བཟོ་པར་ལས་རིགས་སམ་ལས་གནས་སྒྱུར་བ་དང་ནུས་རྩལ་མཐོར་འདེགས་གཏོང་བའི་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་དང་། རིགས་མི་འདྲ་བའི་ཁེ་ལས་ཀྱིས་ནུས་རྩལ་མཐོ་བའི་འཇོན་མི་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། ཁེ་ལས་ཀྱིས་ཐོན་སྐྱེད་ཕན་ཕྱོད་ཇེ་མཐོར་གཏོང་བ་དང་། ལས་ཞུགས་ལས་གནས་བརྟན་སྲུང་། ལས་ཞུགས་ཤོང་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ལོ་ཧྲིལ་པོར་འཆར་གཞི་ལྟར་མི(ཐེངས)ཁྲི1.38གསོ་སྦྱོང་བྱ་དགོས།

(བཞི།) གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་ཞུགས་ནུས་རྩལ་གསོ་སྦྱོང་། ཁེ་ལས་ཀྱིས་ལས་མིབཀོལ་སྤྱོད་དགོས་མཁོ་དང་ལས་ཀར་མ་ཞུགས་པའི་མིི་སྣའི་གསོ་སྦྱོང་འདོད་བློར་ཟུང་འབྲེལ་བྱས་ཏེ། ས་ཁུལ་སོ་སོའི་ཐོན་ལས་གོང་སྤེལ་ལ་མཁོ་བའི་ནུས་རྩལ་ལས་སྣ་དང་ལས་སྐྲུན་མཛུབ་སྟོན་གསོ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ཞིང་། ལས་རིགས་ཀྱི་ལས་སྣ་མི་འདྲ་བར་གཏན་ལ་ཕབ་པའི་གསོ་སྦྱོང་ཚད་གཞི་ལྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཀར་མ་ཞུགས་པའི་ངལ་རྩོལ་པ་དང་། ལྷག་པར་གསར་བྱུང་གླ་རྒྱག་ཞིང་པ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་ལས་རིགས་ནུས་རྩལ་གསོ་སྦྱོང་སྤེལ་ནས། ལས་ཀར་ཞུགས་པའི་འགྲན་རྩོད་ནུས་པ་དང་ལས་སྐྲུན་ནུས་པ་ཇེ་ཆེར་གཏང་དགོས་ལ། ལོ་ཧྲིལ་པོར་འཆར་གཞི་ལྟར་མི(ཐེངས)ཁྲི9.68གསོ་སྦྱོང་བྱ་དགོས།

གསུམ། གསོ་སྦྱོང་གི་རྣམ་གྲངས།

2019ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་གི་གཙོ་གནད་བཀོད་སྒྲིག་རེའུ་མིག(ཟུར་བཀོད2)ལྟར། གཙོ་གནད་ཀྱི་གསོ་སྦྱོང་རྣམ་གྲངས10 ལག་བསྟར་བྱེད་པར་རྩ་འཛུགས་བྱ་དགོས། དེའི་ཁྲོད་དུ་ལས་རིགས་སློབ་གླིང22ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་མི(ཐེངས)14250ཡི་ནུས་རྩལ་གསོ་སྦྱོང་གི་འགན་ཐད་ཀར་འཁུར་དུ་འཇུག་དགོས(ཟུར་བཀོད3)།

(གཅིག) ནུས་རྩལ་གྱིས་དབུལ་སྒྲོལ་འགག་གཏོར་བྱེད་པའི་འགུལ་སྐྱོད། དབུལ་ཕོངས་ཡིན་པའི་རོང་འབྲོག་ཁུལ་གྱི་ངལ་རྩོལ་པའི་ཞིང་ཕྱུགས་ལས་ཐོན་སྐྱེད་དང་གནས་སྤོ་ལས་ཞུགས་ཀྱི་ནུས་པ་ཇེ་ཆེར་གཏོང་བར་གཞིགས་ནས། རོང་འབྲོག་ཁུལ་གྱི་དབུལ་ཕོངས་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་གི“སྦྲང་ཆར་འཆར་གཞི”དང་། རོང་འབྲོག་ཁུལ་གྱི་ཁྱིམ་ཚང་དབུལ་བོའི“རྗེས་ལུས་སློབ་མའི”ལས་རིགས་བསླབ་རིམ་སློབ་གསོར་རོགས་དངུལ་སྟེར་བ། དབུལ་ཕོངས་སྡེ་བའི་ཕྱུག་སྒྱུར་སྣེ་ཁྲིད་པ་གསོ་སྦྱོང་། རྣམ་པ་གསར་བའི་ལས་རིགས་རོང་འབྲོག་པ་གསོ་སྦྱོང་བཅས་སོ་སོར་རྩ་འཛུགས་བྱས་ཏེ་ལག་ལེན་དུ་བསྟར་དགོས། གསོ་སྦྱོང་བརྒྱུད་དེ་དབུལ་ཕོངས་ངལ་རྩོལ་པའི་ནུས་རྩལ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལས་ཞུགས་འདུ་ཤེས་བསྒྱུར་ཏེ་ཡོང་འབབ་འཕར་ཞིང་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱ་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི2.30གསོ་སྦྱོང་བྱ་དགོས། (ཞིང་ཆེན་དབུལ་སྐྱོར་ཅུས་ཀྱིས་སྣེ་འཁྲིད་ཅིང། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་རམ་བུ་འདེགས་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(གཉིས།) གསར་བྱུང་གླ་རྒྱག་ཞིང་པའི་ལས་རིགས་ནུས་རྩལ་ཆེར་བསྐྱེད་ཀྱི་གསོ་སྦྱོང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པས་གནས་སྤོས་ཏེ་ལས་ཀར་ཞུགས་པར་སྐུལ་འདེད་གཏང་རྒྱུར་དམིགས་ནས། གླ་རྒྱག་ཞིང་པ་དང་ལྷག་པར་གསར་བྱུང་གླ་རྒྱག་ཞིང་པར་སློབ་གསོའི་གསོ་སྦྱོང་གི་གོ་སྐབས་མང་དུ་ཐོབ་པར་རོགས་རམ་བྱས་ཏེ། ཆེད་ལས་ནུས་རྩལ་དང་ལས་གནས་ཐོག་རྐང་ཚུགས་ཐུབ་པའི་ནུས་ཤུགས་ཇེ་མཐོར་བཏང་ནས། ནུས་རྩལ་སྤུས་འཚག་མཐོ་བའི་ངལ་རྩོལ་པ་དང་ལས་ཞུགས་བརྟན་འཇགས་ཀྱི་ཐོན་ལས་བཟོ་བར་གསོ་སྐྱོང་བྱ་དགོས། གླ་རྒྱག་ཞིང་པའི་གསོ་སྦྱོང་འདོད་བློ་དང་ལས་ཞུགས་ཁྲོམ་རའི་དགོས་མཁོ་ལ་ཟུང་འབྲེལ་དམ་ཟབ་བྱེད་ཅིང་། ལས་རིགས་ཀྱི་ལས་སྣ་མི་འདྲ་བར་གཏན་ལ་ཕབ་པའི་གསོ་སྦྱོང་ཚད་གཞི་ལྟར། ས་ཁུལ་སོ་སོའི་ལས་རིགས་སློབ་གླིང་གི་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཐོག རོང་འབྲོག་པའི་ཏང་ཡོན་ཟུང་སྐྱོང་ལས་གྲྭར་བརྟེན་ནས། རོང་འབྲོག་ཁུལ་གྱི་ཏང་ཡོན་དང་དབུལ་སྐྱོར་སྡེ་སྡོད་ཀྱི“ཧྲུའུ་ཅི་དང་པོ”། ངལ་ལས་བར་ཁེ་པ་སོགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མ་དག་ལ་དན་ཐོ་ཕྱོགས་གཏན་གྱི་རྣམ་པ་དང་། སྣེ་འཁྲིད་ཀྱི་རྣམ་པ། བྱེ་བྲག་གི་རྣམ་པ། བར་ཁྱད་ཀྱི་རྣམ་པའི་ནུས་རྩལ་གསོ་སྦྱོང་བྱ་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི8.35གསོ་སྦྱོང་བྱ་དགོས་ཤིང་། གསོ་སྦྱོང་བྱས་རྗེས་ཀྱི་ལས་ཞུགས་བྱས་ཕྱོད70%ལ་བསླེབ་པར་བརྩོན་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་འཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དབུལ་སྐྱོར་ཅུས། གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་ལྷན་ཚོགས་བཅས་ཀྱིས་རམ་བུ་འདེགས་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(གསུམ།) རྣམ་པ་གསར་པའི་ལས་རིགས་རོང་འབྲོག་པའི་གསོ་སྐྱོང(དེང་རབས་ན་གཞོན་ཞིང་ཕྱུགས་རའི་བདག་པོ་གསོ་སྦྱོང་དང་དབུལ་ཕོངས་ས་ཁུལ་གྱི་རྣམ་པ་གསར་བའི་ཞིང་ལས་བདག་གཉེར་བྱེད་པོའི་སྣེ་ཁྲིད་པའི་གསོ་སྦྱོང་འདུས)། ན་གཞོན་རོང་འབྲོག་པ་གཙོ་གནད་དུ་དམིགས་ནས། དེང་རབས་ན་གཞོན་ཞིང་ཕྱུགས་རའི་བདག་པོ་དང་རྣམ་པ་གསར་པའི་བདག་གཉེར་བྱེད་པོའི་སྣེ་ཁྲིད་པ་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས། ཐོན་སྐྱེད་བདག་གཉེར་ཅན་གྱི་རོང་འབྲོག་པ་དང་ཆེད་ལས་ནུས་རྩལ་ཅན་གྱི་རོང་འབྲོག་པ། སྤྱི་ཚོགས་ཞབས་ཕྱི་ཅན་གྱི་རོང་འབྲོག་པ་གསོ་སྐྱོང་བྱེད་པའང་འདུ་བར་བྱས་ཏེ། སློབ་མཁན་དག་ནི་ས་གནས་དེ་གའི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལག་རྩལ་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་བའི་རྐང་འཛིན་པར་འགྱུར་དུ་གཞུག་དགོས། དེ་དང་ཆབས་ཅིག་ཏུ་ན་གཞོན་ཞིང་ཕྱུགས་རའི་བདག་པོ་དང་རྣམ་པ་གསར་པའི་བདག་གཉེར་བྱེད་པོ་གསོ་སྐྱོང་བརྒྱུད་དེ། ཉེ་འཁོར་གྱི་རོང་འབྲོག་པ་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ལག་རྩལ་སློབ་སྦྱོང་ལ་ཞུགས་པར་་རོགས་རམ་དང་སྐུལ་ཁྲིད་བྱས་ཏེ། ཐོན་སྐྱེད་ནུས་རྩལ་ཇེ་མཐོར་གཏོང་བ་དང་ཐུན་མོང་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱ་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི1.52གསོ་སྦྱོང་བྱ་དགོས། (ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་སྣེ་འཁྲིད་ཅིང། གྲོང་ཁྱེེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(བཞི།) ལས་ཀར་མ་ཞུགས་པའི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་མཐར་ཕྱིན་སློབ་མའི་ཆེད་དམིགས་ལས་ཞུགས་གསོ་སྦྱོང་། ཞིང་ཆེན་སྲིད་གཞུང་གི་ལས་ཀར་མ་ཞུགས་པའི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་མཐར་ཕྱིན་སློབ་མའི་ཆེད་དམིགས་ལས་ཞུགས་གསོ་སྦྱོང་ལས་གྲྭ་ལག་བསྟར་བྱེད་པའི་སྐོར་གྱི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ནུས་པ་བྱང་ཚད་དང་། ལས་གནས་སུ་མ་ཞུགས་སྔོན་གྱི་བྱང་ཚད་མཐོར་འདེགས། ཞིང་ལས་དང་འབྲེལ་བའི་སློབ་ཆེན་པའི་ཆེད་ལས་ཚན་རིག་ཆུ་ཚད་དང་ནུས་རྩལ་མཐོར་འདེགས། ཐོན་ལས་ནུས་རྩལ། “ལས་སྐྲུན+ནུས་རྩལ”སོགས་ཀྱི་གསོ་སྦྱོང་སྤེལ་བར་རྩ་འཛུགས་བྱེད་པ་དང་མཉམ་དུ། ལས་རིགས་འདེམ་པའི་འདུ་ཤེས་བསྒྱུར་བའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས། ལས་ཀར་མ་ཞུགས་པའི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་མཐར་ཕྱིན་སློབ་མ་སྣ་སོ་སོའི་མི་བཀོལ་སྡེ་ཁག་གི་ལས་ཞུགས་དང་ལས་སྐྲུན་འགྲན་རྩོད་ཀྱི་ནུས་པ་ཇེ་ཆེར་གཏང་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི0.6གསོ་སྦྱོང་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་འཁྲིད་ཅིང། ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རམ་བུ་འདེགས་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(ལྔ།) ཁེ་ལས་ཀྱི་ལས་བཟོ་བའི་ལས་རིགས་སམ་ལས་གནས་བསྒྱུར་བའི་ནུས་རྩལ་མཐོར་འདེགས་གསོ་སྦྱོང་། ཁེ་ལས་མི་འདྲ་བ་སོ་སོས་གསར་དུ་བསྡུ་ལེན་བྱས་པའི་ལས་མི་གསོ་སྦྱོང་གི་དགོས་མཁོར་དམིགས་ཏེ། ཁེ་ལས་ལ་ཐད་ཀར་ལས་གནས་སུ་མ་ཞུགས་སྔོན་དུ་གསོ་སྦྱོང་བྱེད་དུ་བཅུག་ནས། གསོ་སྦྱོང་དང་ལས་ཞུགས་གཉིས་སྦྲེལ་མཐུད་དམ་པོ་ཡོང་བར་བྱ་དགོས། ལས་ཤོར་འགན་བཅོལ་ལ་ཞུགས་ཤིང་དངུལ་སྤྲོད་འོས་འགན་དང་དུ་བླངས་པའི་ཁེ་ལས་ཀྱིས་ལས་གནས་སུ་ཡོད་པའི་ལས་བཟོ་པར་ལས་གནས་སམ་ལས་རིགས་སྒྱུར་བ་དང་ནུས་རྩལ་མཐོར་འདེགས་གཏོང་བའི་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱས་ནས། ཐོན་སྐྱེད་ཕན་ཕྱོད་ཇེ་མཐོར་གཏོང་བ་དང་ལས་ཞུགས་ལས་གནས་བརྟན་སྲུང་བྱ་དགོས། ནུས་རྩལ་མཐོ་བའི་འཇོན་མི་གསོ་སྦྱོང་རྟེན་གཞིའི་བྱེད་ནུས་འདོན་སྤེལ་བྱས་ཐོག ལས་རིགས་མི་འདྲ་བ་སོ་སོའི་ཁེ་ལས་ལ་བརྟེན་ནས་ནུས་རྩལ་མཐོ་བའི་འཇོན་མི་གསོ་སྦྱོང་དང་། ནུས་རྩལ་མཐོ་བའི་འཇོན་མིའི་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱ་དགོས། འཆར་གཞི་ལྟར་གླིང་ཁུལ་ཁེ་ལས་ཀྱི་གསར་བསྡུས་མི་སྣ80%དང་། ཁེ་ལས་ཀྱི་ལས་གནས་སུ་ཡོད་པའི་ལས་བཟོ་པ་མི(ཐེངས)ཁྲི1། ནུས་རྩལ་མཐོ་བའི་འཇོན་མི་མི(ཐེངས)ཁྲི0.38བཅས་གསོ་སྦྱོང་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་འཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་ཀྱིས་རམ་བུ་འདེགས་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཚྭ་འདམ་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། མཚོ་ཤར་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། འགྲིམ་འགྲུལ། འཛུགས་སྐྲུན། ཆུ་གློག གསེར་སྦྱང་ལས་རིགས་ཀྱི་རྒྱལ་ཁབ་རིམ་པའི་ནུས་རྩལ་མཐོ་བའི་འཇོན་མི་གསོ་སྦྱོང་རྟེན་གཞི་བཅས་ཀྱིས་ལག་བསྟར་གྱི་འགན་འཁུར་དགོས།)

(དྲུག) ལས་སྐྲུན་ནུས་པ་ཆེར་བསྐྱེད་ཀྱི་གསོ་སྦྱོང(ཕ་ཡུལ་དུ་ཕྱིར་ལོག་པའི་གླ་རྒྱག་ ཞིང་པའི་ལས་སྐྲུན་གསོ་སྦྱོང་འགུལ་སྐྱོད་འཆར་གཞི་དང་ན་གཞོན་ཞིང་པའི་གློག་རྡུལ་ཚོང་པ་གསོ་སྐྱོང་འདུས)། ལས་སྐྲུན་སྐུལ་སྤེལ་བྱས་ཏེ་ལས་ཞུགས་སྐུལ་ཁྲིད་བྱེད་པར་དམིགས་ནས། ལས་སྐྲུན་བྱེད་གྲབས་ཡོད་པ་དང་ལས་སྐྲུན་བྱེད་མགོར་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་གསོ་སྦྱོང་བྱ་དགོས་ལ། “ལས་སྐྲུན་+ནུས་རྩལ”གྱི་གསོ་སྦྱོང་བྱེད་སྟངས་རྒྱུན་འཁྱོངས་བྱས་ནསSYBདངIYBགསོ་སྦྱོང་སྤེལ་དགོས། འཐེན་ཐུག་དང་ཞིང་པའི་སྤྲོ་ཁྱིམ། གློག་རྡུལ་ཚོང་དོན་སོགས་ཀྱི་ནུས་རྩལ་དེ་ལས་སྐྲུན་གསོ་སྦྱོང་དང་མཉམ་འདྲེས་བྱས་པ་བརྒྱུད། མི་སྣ་སྔར་བས་མང་པོར་ལས་སྐྲུན་དང་བདག་གཉེར་གྱི་ནུས་པ་ཇེ་ཆེར་གཏོང་རོགས་བྱ་དགོས། ན་གཞོན་རོང་འབྲོག་པའི“སྦྲེལ་དྲ+”ཡི་གློག་རྡུལ་ཚོང་དོན་གསོ་སྐྱོང་ལ་སྐུལ་འདེད་བྱས་ནས། ན་གཞོན་རོང་འབྲོག་པའི་གློག་རྡུལ་ཚོང་དོན་བདག་གཉེར་དཔུང་ཁག་དར་རྒྱས་སུ་གཏང་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི1.43གསོ་སྦྱོང་བྱ་དགོས་ལ། དེའི་ནང་དུ་ལས་སྐྲུན(SIYBལས་གཞི)ཐད་མི་ཁྲི0.76གསོ་སྦྱོང་བྱ་དགོས་ཤིང་། གསོ་སྦྱོང་བྱས་རྗེས་སུ་ལས་སྐྲུན་བྱས་ཕྱོད30%ཡན་ལ་བསླེབ་པར་བརྩོན་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་འཁྲིད་ཅིང། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས) ། ན་གཞོན་ཞིང་པའི་གློག་རྡུལ་ཚོང་པ་མི(ཐེངས)ཁྲི0.67གསོ་སྐྱོང་བྱ་དགོས། (ཞིང་ཆེན་ཚོང་དོན་ཐིན་གྱིས་སྣེ་འཁྲིད་ཅིང། སྟོང་སྐོར་རྫོང་དང་། ལོ་ཏུའུ་ཆུས། ཕིན་ཨན་ཆུས། ཞུན་ཧྭ་རྫོང་། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། ཏུའུ་ལན་རྫོང་། ཀོས་ནན་རྫོང་། ཞིན་ཧེ་རྫོང་། མདའ་བཞི་རྫོང་། རྐང་ཚ་རྫོང་། ཡུལ་ཤུལ་གྲོང་ཁྱེར། རྫ་སྟོད་རྫོང་། ནང་ཆེན་རྫོང་། དགའ་བདེ་རྫོང་། གཅིག་སྒྲིལ་རྫོང་། གཅན་ཚ་རྫོང་། རྨ་ལྷོ་སོག་རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(བདུན།) བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གྱིས་ལས་ཞུགས་ལ་སྐུལ་བའི་གསོ་སྦྱོང(གཙང་གསུམ་འབྱུང་ཡུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གྱིས་ལས་ཞུགས་ལ་སྐུལ་བའི་གསོ་སྦྱོང་འདུས)། བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་དམིགས་ནས། ཡུལ་སྐོར་ཞབས་ཕྱི་དང་མི་རིགས་ཀྱི་བཟོ་རྩལ་ཐོན་རྫས་ལས་སྣོན། འགྲིམ་འགྲུལ་སྐྱེལ་འདྲེན། ཟོང་སྐྱེལ་སོགས་ས་དེ་གའི་ཐོན་ལས་འཕེལ་རྒྱས་དང་འབྲེལ་བའི་ལས་སྣ་གཙོ་བོར་འཛིན་དགོས་པ་དང་། ངལ་རྩོལ་པའི་ལས་ཞུགས་གསོ་སྦྱོང་གི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་གིས་གྲུབ་འབྲས་ཉོ་བའི་བྱེད་ཐབས་སྤྱད་ནས་ལས་རིགས་གསོ་སྦྱོང་གི་ཐོན་ཁུངས་སྣ་ཚོགས་ཕྱོགས་བསྡུས་ཀྱིས་ནུས་རྩལ་གསོ་སྦྱོང་བྱ་དགོས་ཤིང་། ཞིང་ཆེན་ནང་ཁུལ་གྱི་ལས་རིགས་སློབ་གླིང་གིས་ས་དེ་གའི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ཐོག་ནུས་རྩལ་གསོ་སྦྱོང་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱ་དགོས། དེ་དང་མཉམ་དུ། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན(གྲོང་ཁྱེར)གྱི་ལས་རིགས་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས། མུ་མཐུད་དུ“ནང་དུ་འདྲེན་པ་དང་ཕྱི་རུ་སྐྱེལ་བ”སོགས་ཀྱི་བྱེད་ཐབས་སྤྱད་དེ། གསོ་སྦྱོང་ཐབས་ལམ་རྒྱ་བསྐྱེད་པ་དང་གསོ་སྦྱོང་རིམ་པ་མཐོར་འདེགས་བཏང་ནས། གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏང་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི3.54གསོ་སྦྱོང་བྱ་དགོས་པ་དང་། གསོ་སྦྱོང་བྱས་རྗེས་ཀྱི་སྐབས་དེའི་ལས་ཞུགས་བྱས་ཕྱོད70%ལ་བསླེབ་པར་བརྩོན་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་འཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིན་གྱིས་རམ་བུ་འདེགས་དགོས་ལ། མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས)

(བརྒྱད།) གྲོང་མི་གསར་པའི་གསོ་སྦྱོང་། མཁར་གྲོང་ཅན་འཛུགས་སྐྲུན་དང་མང་ཚོགས་གསོ་སྦྱོང་གི་དགོས་མཁོར་ཟུང་འབྲེལ་བྱས་ཏེ། རང་ཞིང་གི་དབུས་ཤར་རྒྱུད་ཀྱི་མཁར་གྲོང་དུ་གནས་སྤོས་པའི་གླ་རྒྱག་ཞིང་པ་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དུ་རྒྱུན་སྡོད་བྱས་ཡོད་པའི་གླ་རྒྱག་ཞིང་པ། 2020ལོའི་སྔོན་དུ་གྲོང་ཁྱེར་དུ་ཡོང་རྒྱུའི་གླ་རྒྱག་ཞིང་པ། སྒྲིག་ལུགས་ཚང་བའི་གྲོང་རྡལ་གྱི་དངོས་ཡོད་རོང་འབྲོག་པ་དང་ཐེམ་ཐོ་བསྒྱུར་བའི་རོང་འབྲོག་པ། དེ་བཞིན་སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དུ་ཡུལ་གཞན་དུ་གནས་སྤར་བའི་ངལ་རྩོལ་པ་བཅས་ལ་ཁ་གཏད་ནས། ནུས་རྩལ་གསོ་སྦྱོང་བྱ་དགོས་པ་མ་ཟད་གྲོང་ཁྱེར་གྱི་འཚོ་བར་འདྲེས་ཤིང་བསྟུན་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་སྤེལ་ནས། གོང་གསལ་གྱི་རོང་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་འགྲན་རྩོད་དང་གྲོང་ཁྱེར་འཚོ་བར་བསྟུན་ཤེས་ཀྱི་ནུས་པ་ཇེ་ཆེར་གཏང་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི0.43གསོ་སྦྱོང་བྱ་དགོས། (ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྣེ་འཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིན་གྱིས་རམ་བུ་འདེགས་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(དགུ།) བུད་མེད་ཁྱིམ་ལས་ཞབས་ཕྱིའི་ཆེད་དམིགས་གསོ་སྦྱོང་ལས་གྲྭ། སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དུ་ཡུལ་གཞན་དུ་གནས་སྤར་བྱས་པའི་བུད་མེད་གཙོ་གནད་དུ་བཟུང་སྟེ། ཡུལ་གཞན་དུ་གནས་སྤར་བ་དང་གཞིས་ལུས་བུད་མེད་ཀྱི་དངོས་ཡོད་དགོས་མཁོར་ཟུང་འབྲེལ་དམ་པོ་བྱས་ཏེ། བཀོལ་སླ་ཞིང་སློབ་བདེ་བ་ལ་རོང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་པ་དང་། ཁྱིམ་ལས་ཞབས་ཕྱི་ལས་རིགས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་ནུས་པ་ལེགས་པོ་ལྡན་པའི་ནུས་རྩལ་གསོ་སྦྱོང་སྣ་ཚོགས་སྤེལ་དགོས་པར་མ་ཟད། ཁྱིམ་ཚང་གི་རྒྱུ་ནོར་བདག་གཉེར་དང་། འཕྲོད་བསྟེན་བདེ་སྲུང་། ཁྱིམ་སྲིད་བདག་སྐྱོང་སོགས་ནང་དོན་གྱི་དྲིལ་སྒྲོག་སློབ་གསོ་ཁ་སྣོན་བྱས་ཏེ། རོང་འབྲོག་ཁུལ་གྱི་བུད་མེད་དག་ལ་ཁྱིམ་ལས་ཞབས་ཕྱིའི་གཞི་རྩའི་ནུས་རྩལ་ཁོང་དུ་ཆུད་ཅིང་ལས་ཞུགས་ལྟ་བ་རིམ་གྱིས་བསྒྱུར་བར་རོགས་རམ་བྱེད་པ་དང་། དུས་མཉམ་དུ་རོང་འབྲོག་ཁུལ་གྱི་བུད་མེད་ལ་འཕྲོད་བསྟེན་བདེ་སྲུང་གི་འཚོ་བའི་གོམས་གཤིས་ཆགས་པར་ཁྲིད་སྟོན་དང་སྐྱེད་སྲིང་བྱས་ཏེ། ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་ཡར་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས། འཆར་གཞི་ལྟར་མི(ཐེངས)ཁྲི0.5གསོ་སྦྱོང་བྱ་དགོས། (ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་འཁྲིད་ཅིང་། ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རམ་བུ་འདེགས་དགོས་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

(བཅུ།) བོད་ཁུལ་གྱི་ན་གཞོན་ངལ་རྩོལ་པ་ལས་རིགས་བསླབ་རིམ་སློབ་གསོར་འཇུག་པར་ཁ་གཏད་རོགས་སྐྱོར་བྱ་དགོས། སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་བར་ཟུང་འབྲེལ་བྱས་ནས། ཁུལ་དྲུག་པོས་ན་གཞོན་ངལ་རྩོལ་པ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན(གྲོང་ཁྱེར)དང་ཞིང་ཆེན(གྲོང་ཁྱེར)གཞན་པར་ལས་རིགས་བསླབ་རིམ་སློབ་གསོ་མྱོང་དུ་འགྲོ་བར་མུ་མཐུད་དུ་མཐུན་སྦྱོར་དང་བདམས་མངགས་བྱེད་པ་དང་། ན་གཞོན་ངལ་རྩོལ་པའི་ལས་ཞུགས་ལྟ་བ་བསྒྱུར་ཅིང་ལས་ཞུགས་ནུས་རྩལ་ཅུང་བརྟན་པོའི་ངང་ཁོང་དུ་ཆུད་པར་རོགས་རམ་བྱས་ཏེ། ལས་ཞུགས་འགྲན་རྩོད་ནུས་པ་ཇེ་ཆེར་གཏང་དགོས། འཆར་གཞི་ལྟར་མི་ཁྲི0.06བདམས་མངགས་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་གྱིས་སྣེ་འཁྲིད་ཅིང། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རམ་བུ་འདེགས་དགོས་ལ། མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལག་བསྟར་གྱི་འགན་འཁུར་དགོས།)

བཞི། བྱ་བའི་བླང་བྱ།

(གཅིག) གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་བའི་མཉམ་ཤུགས་གྲུབ་པར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་བྱ་བ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག་ཏུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཅིག་འདོམས་མཐུན་སྦྱོར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཚོགས་པས་རང་འགན་རང་འཁུར་དང་རམ་འདེགས་དམ་ཟབ་བགྱིས་ཏེ། གཅིག་འདོམས་ཀྱིས་གསོ་སྦྱོང་སྣ་ཚོགས་དོ་དམ་དང་། གཅིག་གྱུར་གྱི་གསོ་སྦྱོང་རྩིས་ཐོ་བཙུགས་ནས། སྣ་སོ་སོ་ནས་གསོ་སྦྱོང་དང་། བསྐྱར་ཟློས་གསོ་སྦྱོང་བྱེད་པ་སྔོན་འགོག་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དངོས་ཡོད་ལ་ཟུང་དུ་སྦྲེལ་ཏེ་ལག་བསྟར་འཆར་གཞི་གཏན་འབེབས་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ངལ་རྩོལ་པ་སོགས་ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མི་སྣའི་གཞི་རྩའི་གནས་ཚུལ་རྒྱུས་ལོན་གནད་དུ་འཁེལ་བ་བྱ་དགོས་ལ། མིང་དངོས་ཐོ་འགོད་ལག་བསྟར་དང་། གསོ་སྦྱོང་རྣམ་གྲངས་དང་ལས་མི་བཀོལ་སྤྱོད་དགོས་མཁོར་ཟུང་འབྲེལ་བྱས་ཏེ། གསོ་སྦྱོང་གི་འདུན་པ་ཡོད་པའི་དཀའ་ངལ་ལྡན་པའི་མི་སྣར་གནད་འཁེལ་ནུས་རྩལ་གསོ་སྦྱོང་ཞབས་ཕྱི་སྔོན་ལ་འདོན་སྤྲོད་བྱས་ཏེ། ནུས་རྩལ་ལ་བརྟེན་ནས་ལས་ཀར་ཞུགས་པ་དང་དབུལ་སྒྲོལ་བ་མངོན་འགྱུར་བྱེད་པར་རོགས་རམ་བྱ་དགོས། སྨྱན་བྱེད་བརྒྱུད་ནས་གསོ་སྦྱོང་གི་འཆར་གཞི་དུས་ཐོག་ཏུ ཡོངས་བསྒྲགས་བྱས་པ་བརྒྱུད་དེ། གསོ་སྦྱོང་བྱེད་འདོད་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་ཡོངས་རྫོགས་ནུས་རྩལ་གསོ་སྦྱོང་ཁྱབ་ཁོངས་སུ་བསྡུ་དགོས།

(གཉིས།) དགོས་མཁོའི་མཐུད་སྦྲེལ་ཇེ་དྲག་ཏུ་བཏང་ནས། གསོ་སྦྱོང་རྣམ་པ་ལེགས་སྒྱུར་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དགོས་མཁོ དང་དབུལ་ཕོངས་མང་ཚོགས་ཀྱི་གསོ་སྦྱོང་འདོད་བློ་རྒྱུས་ལོན་གནད་དུ་འཁེལ་བ་བྱས་ཏེ། གསོ་སྦྱོང་གི་ཡིག་ཚགས་བཙུགས་ནས་ཚད་ལྡན་ཅན་གྱི་དོ་དམ་ལག་བསྟར་དང་། ཚོགས་པ་མི་འདྲ་བར་ཁ་གཏད་ནས་བར་ཁྱད་ཅན་གྱི་གསོ་སྦྱོང་སྤེལ་དགོས། ཁེ་ལས་ཀྱིས་ལས་མི་བསྡུ་བའི་སྦྲེལ་མཐུད་ཚོགས་འདུ་བསྡུ་བར་རྩ་འཛུགས་བྱས་ནས། ཁེ་ལས་ཀྱིས་ལས་མི་བཀོལ་དཀའ་བ་དང་ལས་འཚོལ་པས་འགན་བཞེས་དཀའ་བའི་གནད་དོན་ཐག་གཅོད་བྱ་དགོས། སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ལས་སྟེགས་སུ་ཐོ་འགོད་བྱས་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པར་ཟླ་གཅིག་གི་ནང་དུ་འབྲེལ་ཡོད་ཀྱི་གསོ་སྦྱོང་ངེས་པར་མཁོ་སྤྲོད་བྱ་དགོས། ལས་ཤོར་དང་ལས་སྒྱུར་བྱེད་པའི་མི་སྣར་སྣེ་འཁྲིད་དགོས་པར་མ་ཟད། ནུས་རྩལ་གསར་བའི་གསོ་སྦྱོང་ལ་ཞུགས་པར་རྩ་འཛུགས་དང་། གང་མགྱོགས་སྒོས་ལས་རྐང་དུ་ཕྱིར་ལོག་པ་དང་ལས་གནས་སྒྱུར་བར་རོགས་རམ་བྱ་དགོས། གསོ་སྦྱོང་རྣམ་པ་གསར་སྐྲུན་བྱས་ཏེ། དེང་རབས་ཚན་རྩལ་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། སྦྲེལ་དྲ་དང་སྨྱན་མང་གཟུགས་སོགས་བེད་སྤྱད་ནས“སྣེ་གཏད་སྣེ”དང“གཅིག་གཏད་གཅིག”གི་གསོ་སྦྱོང་སྤེལ་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་སྟེགས་ལ་བརྟེན་ཞིང་། ཞིང་ཆེན་ཕྱིའི་གསོ་སྦྱོང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དབུལ་ཕོངས་ས་ཁུལ་གྱི་ངལ་རྩལ་པ་གསོ་སྦྱོང་བྱ་དགོས།

(གསུམ།) ལག་བསྟར་བྱེད་པར་རྩ་འཛུགས་ནན་མོ་བྱས་ཏེ། གྲུབ་འབྲས་དཔྱད་འཇོག་ཇེ་དྲག་ཏུ་གཏང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གསོ་སྦྱོང་རྣམ་གྲངས་ལག་བསྟར་བྱེད་པར་རྩ་འཛུགས་ནན་མོ་བྱ་དགོས་ལ། ལས་སྒོའི་བརྒྱུད་རིམ་ལེགས་སྒྱུར་བྱས་ཏེ། དྲ་ཐོག་ནས་རེ་ཞུ་དང་། དྲ་ཐོག་ནས་ཞིབ་བཤེར། དྲ་སྦྲེལ་གྱིས་ཞིབ་བཤེར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། གསོ་སྦྱོང་གྲུབ་འབྲས་སྲིད་གཞུང་གིས་ཉོ་བའི་སྲིད་ཇུས་ཀྱི་གཏན་འཁེལ་གཞིར་བཟུང་ནས། གསོ་སྦྱོང་ལས་ཁུངས་གཏན་འཁེལ་དང་། གསོ་སྦྱོང་ཁུར་ལེན་བྱེད་པོ་དོན་འཁྱོལ་བྱས་ཏེ། གསོ་སྦྱོང་གི་སྤུས་ཚད་དང་ལས་སྐྲུན་ལས་ཞུགས་ཀྱི་ཆུ་ཚད་སྔར་བས་ཇེ་མཐོར་གཏང་དགོས། ལས་རིགས་ནུས་རྩལ་གསོ་སྦྱོང་གི་བརྒྱུད་རིམ་ཡོངས་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང། བརྙན་ཟློས་འདེམས་བཤེར་དང་ཁ་པར་ནས་ཕྱིར་འདྲི་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་གསོ་སྦྱོང་གི་ཕྱོད་ནུས་ལ་ལྟ་སྐུལ་དོ་དམ་བྱ་དགོས། གསོ་སྦྱོང་གི་ལས་ཞུགས་ཚད་དེ་གྲུབ་འབྲས་དཔྱད་འཇོག་གི་ཚད་གཞི་གཙོ་བོར་བཟུང་ནས་གྲུབ་འབྲས་དཔྱད་འཇོག་དང་། གསོ་སྦྱོང་ཐད་བཏང་བའི་མ་དངུལ་ལས་བྱུང་བའི་འདེགས་སྐྱོར་བྱས་པའི་གྲུབ་འབྲས་གཙོ་གནད་དུ་བཟུང་སྟེ། དངོས་གནས་གྲུབ་འབྲས་ལས་ཕྱོད་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། འཆར་གཞིའི་ལས་འགན་ཡོངས་འགྲུབ་དང་སྤུས་ཚད་ལྟ་སྐུལ་གྱི་རྗེས་བསྙེགས་འདྲི་རྩད་འབུར་དུ་ཐོན་པར་བྱས་ཏེ། གསོ་སྦྱོང་གྲུབ་འབྲས་ཀྱི་དཔྱད་འཇོག་བྱ་བ་ལེགས་པོར་བསྒྲུབ་དགོས། 


ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། : གསང་བདག་རྒྱལ།