ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས་པར་མ་ཟད།བརྡ་སྦྱོར་བཏང་ནས་ས་ཆ་སོ་སོ་དང་སྡེ་ཚན་སོ་སོས་ལག་བསྟར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་བྱ་བའི་སྲོལ་ཡིག》ཧྲིལ་པོ་གཤམ་གསལ་ལྟར།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཏང་གིས་ཞིང་སྡེའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་།ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཇུས་གཞི་བཅས་ལག་ལེན་མཐར་ཕྱིན་བྱེད་པ།གྲོང་གསེབ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།དུས་རབས་གསར་པའི་ཏང་གི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་དུ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་འབེབས་བྱས།

དོན་ཚན་གཉིས་པ། ཏང་གི་ཞིང་སྡེའི་བྱ་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ངེས་པར་དུ་མཐོན་པོར་སྒྲེང་བ་དང་།མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ།ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་བཅས་རྒྱུན་འཁྱོངས་དང་།ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས།སྲོག་ཤིང་འདུ་ཤེས།གྲལ་མཉམ་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ།བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན།ལམ་ལུགས་རང་རྟོན།རིག་གནས་རང་རྟོན་བཅས་སྲ་བརྟན་དུ་གཏོང་བ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ།ཏང་ཀྲུང་དབྱང་གི་ཟིལ་ཤུགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ།བརྟན་བརླིང་ཁྲོད་འཕེལ་རྒྱས་ལ་སྙེག་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་བླང་བྱ་ལག་ལེན་དངོས་འབེབས་བྱས་ཏེ།གྲོང་གསེབ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་ལེན་དེ་སྤྱིའི་འཛིན་ལུང་བྱེད་པ་དང་།ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་མ་ལག་དང་བྱ་བའི་ནང་རྐྱེན་བཅས་འཐུས་ཚང་དུ་གཏོང་བ།གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་མྱུར་དུ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།རྒྱ་ཆེའི་ཞིང་པ་རྣམས་ལ་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས།

དོན་ཚན་གསུམ་པ། ཞིང་ལས་དང་ཞིང་སྡ།ཞིང་པ(གཤམ་དུ“ཞིང་གསུམ”ཞེས་བསྡུས་ཡོད)གསུམ་གྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད།“ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཏང་གི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་།ལྟོ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་རྒྱལ་སྐྱོང་དམངས་བདེ་ཡོང་བའི་དོན་ཆེན་ནང་གི་འགངས་ཆེན་ཡིན་པས།ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་དང་།མང་གཏོང་ཉུང་ལེན་དང་འཁྲུག་པོར་གཏོང་བ་རྒྱུན་འཁྱོངས་དང་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས།བློ་རྩེ་གཅིག་སྒྲིམ་གྱིས་དབུལ་ཐར་འགག་སྒྲོལ་དང་དབུལ་འགོག་དབུལ་འཕྲི་ཡི་བྱ་བ་ལེགས་པོར་བསྒྲུབ་སྟེ།མཉམ་དུ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་དགོས།

དོན་ཚན་བཞི་པ། ཏང་གི་ཞིང་སྡེ་བྱ་བས་ངེས་པར་དུ་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)ཏང་གིས་ཞིང་སྡེའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་།ཏང་གིས་ཞིང་སྡེའི་བྱ་བའི་ཁྲོད་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཡོངས་མཐུན་སྦྱོར་བྱས་ཏེ།ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཡང་དག་པའི་ལམ་ཕྱོགས་བརྒྱུད་དེ་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས།

(གཉིས)མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་།ཞིང་པའི་གཙོ་གཞིའི་གོ་གནས་དང་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྩི་བཀུར་བྱས་ཏེ།ཞིང་པའི་དངོས་པོའི་ཁེ་ཕན་དང་དམངས་གཙོའི་དབང་ཆར་དངོས་གནས་འགན་སྲུང་བྱེད་དགོས་ལ།ཞིང་པས་བརྩི་བཀུར་བྱེད་མིན་དང་རྒྱབ་སྐྱོར་བྱེད་མིན་དེ་ཏང་གི་ཞིང་སྡེའི་སྲིད་ཇུས་གཏན་འབེབས་བྱས་པའི་གཞི་འཛིན་ས་བྱེད་དགོས།

(གསུམ)ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།ཏང་གི་ཞིང་སྡེའི་སྲིད་ཇུས་ཀྱི་རྨང་རྡོ་བརྟན་པོར་འདིང་དགོས།

(བཞི)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་དུ་གཏོང་བའི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཏེ།གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་དང་འཇོན་མི་དར་སྤེལ།རིག་གནས་དར་སྤེལ།སྐྱེ་ཁམས་དར་སྤེལ།རྩ་འཛུགས་དར་སྤེལ་བཅས་སུ་གཏོང་དགོས།

(ལྔ)ཞིང་པར་ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲང་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ཞིང་པ་མང་ཚོགས་ཏང་གི་མཐའ་འཁོབ་ཏུ་དམ་པོར་སྦྲེལ་བ་དང་།ཏང་གིས་ཞིང་སྡེ་རུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

(དྲུག)ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་དང་།རིགས་བགོས་མཛུབ་སྟོན་དང་གོམ་པ་རིམ་བགྲོད་བྱེད་པ་ལས།བཀའ་རྒྱ་བཙན་པོ་མི་གཏོང་བ་དང་མཐའ་གཅིག་ཏུ་གཅིག་གཅོད་བྱེད་མི་ཆོག

ལེའུ་གཉིས་པ། རྩ་འཛུགས་མགོ་ཁྲིད།

དོན་ཚན་ལྔ་པ། ཀྲུང་དབྱང་གིས་གཅིག་གྱུར་བཀོད་འདོམས་དང་།ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ།གྲོང་ཁྱེར་དང་རྫོང་དང་ཞང་གིས་དངོས་འབེབས་དམ་འཛིན་བྱེད་པའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་ལག་བསྟར་བྱེད་དགོས།

དོན་ཚན་དྲུག་པ། ཏང་ཀྲུང་དབྱང་གིས་ཞིང་སྡེའི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་དང་།ཞིང་སྡེའི་བྱ་བའི་ལམ་ཕྱོགས་སྲིད་ཇུས་གཅིག་གྱུར་གཏན་འབེབས་བྱེད་པ།ཞིང་སྡེའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གཅིག་གྱུར་ཇུས་འགོད་བྱེད་པ།ཞིང་སྡེའི་བཅོས་བསྒྱུར་ཆེན་མོ་གཅིག་གྱུར་བཀོད་སྒྲིག་བཅས་བྱེད་དགོས།ཏང་ཀྲུང་དབྱང་གིས་དུས་བཅད་ལྟར་ཞིང་སྡེའི་བྱ་བར་ཞིབ་འཇུག་བྱས་ཏེ།ལོ་རེར་ཞིང་སྡེའི་བྱ་བའི་གྲོས་ཚོགས་བསྡུ་བ་དང་།གནས་བབ་གསར་བའི་ལས་འགན་དང་བསྟུན་ནས་ཞིང་སྡེའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་།ཞིང་སྡེའི་བྱ་བར་མཛུབ་སྟོན་བྱེད་པའི་ཡིག་ཆ་གཏན་འབེབས་བྱེད་དགོས།

དོན་ཚན་བདུན་པ། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ་བྱ་བ་སྤེལ་དགོས་ལ།ཏང་ཀྲུང་དབྱང་ལ་འགན་འཁུར་ཏེ།ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་བྱ་བའི་དགོངས་སྐོར་དང་སྙན་སེང་ཞུ་དགོས།

ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཞིང་སྡེའི་བྱ་བའི་སྣེ་ཁྲིད་ཀྱི་སྤྱི་འཛིན་དང་གཅིག་གྱུར་མཐུན་སྦྱོར་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་ལ་དུས་བཅད་ལྟར་དབྱེ་ཞིབ་བྱེད་པ་དང་།“ཞིང་གསུམ”གྱི་གནད་དོན་ཆེན་མོ་ཞིབ་འཇུག་དང་མཐུན་སྦྱོར་བྱས་ཏེ།ཏང་ཀྲུང་དབྱང་གི་ཞིང་སྡེའི་བྱ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པར་སྐུལ་འདེད་བྱ་དགོས།

ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་གིས་རང་སྡེ་ཁག་དང་རང་མ་ལག་གི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ།འགན་འཁྲིའི་ལས་འགན་དངོས་འབེབས་དང་།སྡེ་ཁག་གི་མཉམ་ལས་ཇེ་དྲག་ཏུ་བཏང་ནས།ཞིང་སྡེའི་བྱ་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།

ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཁོངས་གཏོགས་གཞུང་ལས་ཁང་བཙུགས་ཏེ།ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཉིན་རེའི་ལས་དོན་གྱི་འགན་འཁུར་དུ་འཇུག་དགོས།

དོན་ཚན་བརྒྱད་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུས་རང་ས་གནས་ཀྱི་ཞིང་སྡེའི་བྱ་བར་དུས་བཅད་ལྟར་ཞིབ་འཇུག་བྱེད་པ་དང་།དུས་བཅད་ལྟར་ཞིང་སྡེའི་བྱ་བའི་ཡར་ཞུ་ལ་མཉན་ཏེ།ཞིང་སྡེའི་བྱ་བའི་དོན་དག་གལ་ཆེན་ཇུས་ཆོད་བྱེད་པ་དང་།ཞིང་སྡེའི་བྱ་བའི་གྲོས་ཚོགས་བསྡུ་བ་དང་།ཞིང་སྡེའི་བྱ་བའི་སྲིད་ཇུས་དང་བྱེད་སྟངས་གཏན་འབེབས་བྱས་ཏེ།ལས་འགན་གཙོ་བོ་ལས་བགོས་དང་ལས་གཞི་གཙོ་བོ་ལག་བསྟར།ཐོན་ཁུངས་གཙོ་བོ་སྒྲིག་བཀོད་བཅས་བྱེད་པའི་བྱ་བ་དམ་པོར་འཛིན་དགོས།

དོན་ཚན་དགུ་པ། གྲོང་ཁྱེར(ཏིས།ཁུལ།མེང་།)ཏང་ཨུས་ཞིང་སྡེའི་བྱ་བ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་གྱི་ནང་དུ་བཞག་ནས།གོང་འོག་འབྲེལ་མཐུད་དང་ཁྱབ་ཁོངས་ནང་གི་མཐུན་སྦྱོར།ཞིབ་བཤེར་བྱ་བར་སྐུལ་འདེད་བཅས་བྱས་ཏེ།

གྲོང་ཁྱེར་གྱིས་རྫོང་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

དོན་ཚན་བཅུ་པ། རྫོང(གྲོང་ཁྱེར།ཆུས།ཆི།)ཏང་ཨུ་ནི་ཏང་གི་ཞིང་སྡེའི་བྱ་བའི་མདུན་སའི་གཡུལ་ས་རུ་ཡོད་པས།རང་ས་གནས་ཀྱི་དོན་དངོས་དང་མཉམ་འབྲེལ་བྱས་ཏེ།བྱེ་བྲག་གི་སྤྱོད་གོ་ཆོད་པའི་བྱ་བའི་བྱེད་ཐབས་འདོན་པ་དང་།འགན་འཁྲི་གསལ་པོ་ཡིན་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།ཏང་ཀྲུང་དབྱང་དང་གཞན་ད་རུང་གོང་རིམ་ཏང་ཨུའི་ཞིང་སྡེའི་བྱ་བའི་སྐོར་གྱི་བླང་བྱ་དང་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས།རྫོང་ཨུའི་ཧྲུའུ་ཅི་ཡིས་སེམས་ཤུགས་གཙོ་བོ་ངེས་པར་དུ་ཞིང་སྡེའི་བྱ་བའི་སྟེང་དུ་ཕུལ་ཏེ།གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་།གཅིག་གྱུར་ཇུས་འགོད་བྱེད་པར་ཤུགས་སྣོན་དང་བྱ་བ་དངོས་འབེབས་བྱེད་པར་དམ་འཛིན་བྱེད་དགོས།

དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་ཏང་ཨུས་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་འཛུགས་དགོས་ལ།ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོས་འགན་སྤྱིར་བཏང་དུ་རིམ་མཚུངས་ཏང་ཨུའི་ཧྲུའུ་ཅིས་འཁུར་དགོས་པ་དང་།རྫོང་རིམ་པའི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོའི་འགན་སྤྱིར་བཏང་དུ་རྫོང་ཨུའི་ཧྲུའུ་ཅིས་འཁུར་དགོས།དེའི་ཁོངས་མི་ནི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་པ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་པ་གཙོ་བོ་རྣམས་ཡིན།

དོན་ཚན་བཅུ་གཉིས་པ། རིམ་པ་སོ་སོའི་ཏང་ཨུས་བྱ་བའི་སྡེ་ཁག་འཛུགས་པར་ཤུགས་སྣོན་ཏེ།ལས་ཁུངས་སྒྲིག་འཛུགས་དང་མི་སྣ་བསྐོ་འཇོག་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ལ།རིམ་པ་སོ་སོའི་ཏང་ཨུས་ཞིང་སྡེའི་བྱ་བའི་སྡེ་ཁག་གིས་ཇུས་ཆོད་བློ་འདོན་དང་གཅིག་གྱུར་མཐུན་སྦྱོར།སྲིད་ཇུས་མཛུབ་སྟོན།དངོས་འབེབས་ཡོང་བར་སྐུལ་འདེད།ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གསུམ་པ། རིམ་པ་སོ་སོའི་ཏང་ཨུས་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཇུས་ཆོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་པར་དོ་སྣང་བྱེད་པ།རིག་མཛོད་དང་ཆེད་ལས་ཞིབ་འཇུག་ལས་ཁུངས་ཀྱི་ནུས་པ་འདོན་པར་གཙིགས་འཛིན་བཅས་བྱས་ཏེ།ཇུས་ཆོད་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

ལེའུ་གསུམ་པ། ལས་འགན་གཙོ་བོ།

དོན་ཚན་བཅུ་བཞི་པ། ཏང་གིས་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།ཞིང་ལས་ཀྱི་རྨང་གཞིའི་གོ་གནས་སྲ་བརྟན་དང་ཤུགས་སྣོན་བྱེད་པ་དང་།ས་གནས་སུ་འབྲུ་རིགས་གསོག་པ་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་པའི་འཐབ་ཇུས་ལག་བསྟར་བྱེད་དགོས་ལ།རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱས་ཏེ།ལོ་ཏོག་ཕལ་ཆེར་རང་སྟེང་ནས་འདང་བ་དང་ཟས་རིགས་བདེ་འཇགས་ཡོང་བར་མཐའ་གཅིག་ཏུ་ཁག་ཐེག་བྱེད་དགོས།ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།དེང་རབས་ཞིང་ལས་ཀྱི་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་བཙུགས་ཏེ།ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་བསྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་བཏང་སྟེ།ཞིང་པའི་ཡོང་སྒོ་མུ་མཐུད་དུ་འཕར་བ་དང་ཕྱུག་བསྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས།དབུལ་ཐར་འགག་སྒྲོལ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས།

དོན་ཚན་བཅོ་ལྔ་པ། ཏང་གིས་ཞིང་སྡེའི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།གཞི་རིམ་གྱི་དམངས་གཙོ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།སྡེ་དམངས་ཀྱི་རང་སྐྱོང་ལག་བསྟར་གཏིང་ཟབ་ཏུ་གཏོང་བ།སྡེ་བའི་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་གསོན་ཤུགས་དང་སྡེ་དམངས་ཀྱི་རང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ།གཞི་རིམ་དམངས་གཙོའི་གྲོས་མོལ་བྱེད་སྟངས་ཕུན་ཚོགས་སུ་གཏོང་བ་བཅས་བྱས་ཏེ།ཞིང་པས་ཁྲིམས་ལྟར་དམངས་གཙོ་འདེམ་བསྐོ་དང་དམངས་གཙོ་གྲོས་མོལ།དམངས་གཙོ་ཇུས་ཆོད།དམངས་གཙོ་དོ་དམ།དམངས་གཙོ་ལྟ་སྐུལ་བཅས་བྱེད་པར་ཁག་ཐེག་བྱེད་དགོས།ཞིང་སྡེའི་ངན་ནག་སྟོབས་ཤུགས་དང་ཚོ་ཁག་གི་སྟོབས་ཤུགས་ངན་པར་རྡུང་རྡེག་ནན་མོ་གཏོང་བ་དང་།ཁྲིམས་འགལ་ཉེས་བསགས་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ།དྲག་ཤུགས་འཇིགས་སྐུལ་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་ཀྱིས།མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱས་ཏེ།ཞིང་སྡེའི་སྤྱི་ཚོགས་དྲང་གཞག་དང་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་དགོས།ཁྲིམས་འགལ་གྱི་ཆོས་ལུགས་བརྒྱུད་སྒྲོག་བྱ་འགུལ་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོས་ཏེ།ཞིང་སྡེའི་གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་དགོས།

དོན་ཚན་བཅུ་དྲུག་པ། ཏང་གིས་ཞིང་སྡེའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ་དང་།ཞིང་པ་མང་ཚོགས་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་།ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ།དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས།ཞིང་སྡེའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས།ཞིང་སྡེའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་དང་མཐོར་འདེགས་བཅས་སུ་གཏོང་དགོས་ལ།ཡུལ་སྲོལ་གོམས་གཤིས་བསྒྱུར་བར་སྐུལ་འདེད་གཏོང་དགོས།ཞིང་སྡེའི་བསམ་བློའི་ཆབ་སྲིད་བྱ་བར་ཤུགས་བསྣན་ནས།དམངས་གཙོ་ཁྲིམས་སྐྱོང་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས།ཞིང་སྡེའི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་།ཞིང་པའི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་སྟེ།ཞིང་པའི་ཚན་རིག་རིག་གནས་ཀྱི་སྤུས་ཚད་དང་གྲོབ་གསེབ་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

དོན་ཚན་བཅུ་བདུན་པ། ཏང་གིས་ཞིང་སྡེའི་སྤྱི་ཚོགས་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།ཞིང་སྡེའི་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན།རྒན་གསོ།རིག་གནས་ལུས་རྩལ།སྤྱི་ཚོགས་འགན་སྲུང་སོགས་ཞིང་སྡེའི་སྤྱི་ཚོགས་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་།ཞིང་སྡེའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་མྱུར་དུ་ལེགས་སྒྱུར་བྱས་ཏེ།ཞིང་པའི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་དགོས།ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ།སྤྱི་ཚོགས་ཀྱིས་མཉམ་ལས།སྤྱི་དམངས་ནང་དུ་ཞུགས་པ།ཁྲིམས་སྐྱོང་གི་འགན་སྲུང་།ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་དེང་རབས་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་གི་རང་སྐྱོང་དང་ཁྲིམས་སྐྱོང་།ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་བཙུགས་ཏེ།གསོན་ཤུགས་ཀྱིས་བརྟས་ཤིང་འཆམ་མཐུན་དང་གོ་རིམ་ལྡན་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་ཤིག་བསྐྲུན་དགོས།

དོན་ཚན་བཅོ་བརྒྱད་པ། ཏང་གིས་ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་འཛུགས་པ་དང་ལག་བསྟར་བྱེད་པ་དང་།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་གཅིག་གྱུར་སྒོས་བཅོས་སྐྱོང་།ཞིང་ལས་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད།ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བཅས་བྱས་ཏེ།ཞིང་སྡེའི་མི་སྡོད་ཁོར་ཡུག་ཇེ་ལེགས་དང་།སྐྱེ་ཁམས་སྡོད་འཚམ་གྱི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་དགོས།

དོན་ཚན་བཅུ་དགུ་པ། ཞིང་སྡེའི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།རྩ་འཛུགས་ནུས་པ་མཐོར་འདེགས་སུ་གཏོང་བ་དེ་གཙོ་གནད་དུ་འཛིན་པ་དང་།ཆབ་སྲིད་བྱེད་ནུས་འབུར་དུ་བཏོད་དེ།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་དང་།ཏང་དྲིལ་སྒྲོག་བྱེད་པའི་ལངས་ཕྱོགས་དང་ཏང་གི་ཆོད་དོན་ལག་བསྟར་བྱེད་པ།གཞི་རིམ་བཅོས་སྐྱོང་ལ་མགོ་ཁྲིད་བྱེད་པ།མཐུན་སྒྲིལ་གྱིས་མང་ཚོགས་ལ་སྐུལ་སློང་བྱེད་པ།བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་སྟོབས་དང་ལྡན་པ་ཞིག་ཏུ་བསྒྱུར་ཏེ།ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་གོ་གནས་ལ་གཡོ་འགུལ་མི་ཐེབས་པ་རྒྱུན་འཁྱོངས་བྱས་ཏེ།ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་ཞིང་སྡེའི་ཏང་རྩ་འཛུགས་ཀྱིས་ཞང་དང་གྲོང་རྡལ་དང་སྡེ་བ་བཅས་ཀྱི་རྩ་འཛུགས་དང་བྱ་བ་སྣ་ཚོགས་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་དགོས།སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་།སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁྲི་པའི་འགན་འཁུར་ཏེ།སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ཁོངས་མིས་འགན་བརྗེ་རེས་ཀྱིས་འཁུར་དགོས།སྡེ་བའི་ཏང་རྩ་འཛུགས་ཀྱིས་གུང་གཞོན་ཚོགས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ཚོགས་པའི་རྩ་འཛུགས་ལ་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས།ཁོ་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།སྡེ་བའི་ཏང་རྩ་འཛུགས་མགོ་ཁྲིད་འོག་གི་གཞུང་དོན་ཇུས་ཆོད་གྲོས་བསྡུར་བྱེད་པའི་ནང་རྐྱེན་དང་ལྟ་སྐུལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།སྡེ་བ་རིམ་པའི་དོན་དག་གལ་ཆེན་ཇུས་ཐག་གཅོད་སྐབས“གྲོས་ཚོགས་བཞི་དང་སྤྱི་གསལ་གཉིས”ལག་བསྟར་བྱེད་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་ནང་སྒོས་སུ་རྫོང་རིམ་པའི་ཏང་ཨུས་ཞིང་སྡེའི་གཞི་རིམ་ཏང་འཛུགས་ཀྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ཞང་དམ་འཛིན་བྱེད་པར་བརྟེན་ནས་སྡེ་བར་སྐུལ་འདེད་གཏོང་བ།སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམ་བཀོད་སྒྲིག་བྱེད་པ།ནུས་མེད་ཉམས་ཞན་ཡིན་པའི་སྡེ་བའི་ཏང་རྩ་འཛུགས་ལེགས་བཅོས་བྱེད་པ།ཏང་ནང་ཁུལ་ནས་སྐུལ་སློང་དང་ཐུགས་ཁུར་དང་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ།ནོར་སྲིད་དངུལ་གཏོང་གཙོ་ཡིན་པའི་བརྟན་བརླིང་གི་སྡེ་བ་རིམ་པའི་རྩ་འཛུགས་འཁོར་སྐྱོད་གྲོན་དངུལ་འགན་སྲུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།གཞི་རྩའི་དཔུང་སྡེ་དང་གཞི་རྩའི་བྱ་འགུལ།གཞི་རྩའི་གཡུལ་ས།གཞི་རྩའི་ལམ་ལུགས།གཞི་རྩའི་འགན་སྲུང་བཅས་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཤུགས་སྣོན་དགོས།

རིམ་པ་སོ་སོའི་ཏང་ཨུས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་བ་དང་།ཞིང་སྡེའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།ཞིང་སྡེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ།ཞིང་སྡེའི་སྲིད་ཇུས་དངོས་འབེབས་བྱེད་པའི་གནས་ཚུལ་དེ་སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་གལ་ཆེན་དུ་འཇོག་པ་དང་།ཞིང་སྡེའི་དབང་ཆ་འཁོར་སྐྱོད་ལྟ་སྐུལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གོམས་སྲོལ་ངན་པ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་གནད་དོན་མུ་མཐུད་དུ་དག་ཐེར་བྱེད་དགོས།

ལེའུ་བཞི་པ། དཔུང་སྡེ་འཛུགས་སྐྲུན།

དོན་ཚན་ཉི་ཤུ་པ། རིམ་པ་སོ་སོའི་ཏང་ཨུས་ཞིང་ལས་ཤེས་པ་དང་ཞིང་སྡེ་ལ་དགའ་བ།ཞིང་པར་དགའ་བ་དེ་གཞི་རྩའི་བླང་བྱར་བཞག་ནས།ཞིང་སྡེའི་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་པ་གཙོ་བོས“ཞིང་གསུམ”རྟོགས་པ་དང“ཞིང་གསུམ”འཛིན་ཤེས་དགོས་པ་དང་།ལས་བགོས་འགན་འཁྲི་པ་ནི“ཞིང་གསུམ”གྱི་འཇོན་མི་རུ་འགྱུར་དགོས།ཞིང་སྡེའི་བྱ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་དང་བསྐོ་བཞག དོ་དམ།བཀོལ་སྤྱོད་བཅས་བྱེད་པར་ཤུགས་བསྣན་ནས།གསོ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཕུལ་བྱུང་ལས་བྱེད་པ་རྣམས་རྫོང་དང་ཞང་དུ་འགན་དཀྲི་བྱེད་པ་དང་།སྡེ་བའི་ཧྲུའུ་ཅི་དང་པོ་ཡི་འགན་འཁུར་དུ་བཅུག་སྟེ།ཞིང་སྡེའི་ལས་ཡུལ་དང་པོའི་བྱ་བ་སྦྱོང་བརྡར་དང་ལས་སྒྲུབ་ལས་སྐྲུན་བྱེད་པ།ལས་བྱེད་པ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩི་བ་དང་།གྲུབ་འབྲས་མངོན་གསལ་བླངས་པའི་ཞིང་སྡེ་བྱ་བའི་ལས་བྱེད་པ་ཕུལ་བྱུང་ཅན་གོ་གནས་སྤར་བ་དང་བཀོལ་སྤྱོད་བྱེད་པར་གཙིགས་འཛིན་བྱེད་དགོས།

ཞིང་སྡེ་བྱ་བའི་ལས་བྱེད་པར་མང་ཚོགས་ཀྱི་བྱ་བ་བསྒྲུབ་པའི་ནུས་པ་དྲག་པོ་ཞིག་དགོས་ལ།བྱ་བའི་སྤྱོད་ཚུལ་བསྒྱུར་ནས་གཞི་རིམ་དུ་འགྲོ་བ་དང་།ཞིང་པ་མང་ཚོགས་ཀྱི་འབོད་སྐད་ལ་ནན་ཏན་གྱིས་ཉན་པ།ཞིང་པ་མང་ཚོགས་བར་གྱི་བརྩེ་དུང་བསྟུད་མར་ཇེ་ཟབ་ཏུ་བཏང་སྟེ།“སྤྱོད་ཚུལ་བཞི”དང་ནང་སྒོས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རིམ་པ་སོ་སོའི་ཏང་ཨུས་ཞིང་སྡེའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས།རྫོང་ཁོངས་ཀྱི་ཆེད་ལས་འཇོན་མི་གཅིག་གྱུར་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དང་ཞིང་སྡེའི་འཇོན་མི་ཁ་ཕྱོགས་ངེས་གཏན་གྱིས་སྐྱེད་སྲིང་བྱེད་པའི་ལམ་ལུགས་འཛུགས་དགོས།གྲོང་གསེབ་ཀྱི་དགེ་རྒན་དང་སྨན་པའི་དཔུང་སྡེའི་སྤུས་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་དགོས།ཞིང་ལས་ཚན་རྩལ་འཇོན་མིའི་དཔུང་སྡེ་དང་ལག་རྩལ་ཁྱལ་སྤེལ་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས།རིག་གནས་ཡོད་པ་དང་ལག་རྩལ་ལྡན་པ།བདག་གཉེར་ལ་མཁས་པ།དོ་དམ་བྱེད་ཤེས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཞིང་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ཏེ།ས་གནས་ཀྱི་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།

དོན་ཚན་ཉེར་གཉིས་པ། རིམ་པ་སོ་སོའི་ཏང་ཨུས་བཟོ་ཚོགས་དང་གུང་གཞོན་ཚོགས་པ།བུད་མེད་མཉམ་འབྲེལ་ལྷན་ཚོགས།ཚན་རྩལ་མཐུན་ཚོགས།དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།འཆར་གཞི་བཙའ་སྐྱེ་མཐུན་ཚོགས་སོགས་ཚོགས་པ་དང་རྩ་འཛུགས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱེད་པ་དང་།དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཞིང་སྡེའི་སྤྱི་ཚོགས་བྱ་བ་དང་དང་བླངས་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་དགོས་ལ།སྤྱི་ཚོགས་ལས་རིགས་ཁག་གྲོང་གསེབ་དར་སྤེལ་དུ་གཏོང་བའི་ནང་ཞུགས་པར་སྐུལ་ལྕག་གཏོང་དགོས།

ལེའུ་ལྔ་པ། འགན་སྲུང་བྱེད་ཐབས།

དོན་ཚན་ཉེར་གསུམ་པ། རིམ་པ་སོ་སོའི་ཏང་ཨུས་བཅོས་བསྒྱུར་གྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ཐེབས་པའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཙིིགས་འཛིན་བྱེད་དགོས།ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དེ་གཙོ་ཐིག་ཏུ་བཟུང་ནས་ཞིང་སྡེ་བཅོས་བསྒྱུར་བྱེད་ཚད་གཏིང་ཟབ་ཏུ་གཏོང་བ་དང་།ཞིང་སྡེའི་ས་ཞིང་ཞིང་པ་ཐུན་མོང་ལ་དབང་བ་རྒྱུན་འཁྱོངས་བྱེད་པ།ཁྱིམ་ཚང་བདག་གཉེར་གྱི་རྨང་གཞིའི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས་བྱེད་པ།ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་བརླིང་ཡོང་བ་སྲུང་འཛིན་བྱེད་པར་མ་ཟད་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བླང་བྱ་དང་མཐུན་པའི་ཞིང་སྡེའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་།རྒྱ་ཆེའི་ཞིང་པ་རྣམས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ལེགས་པོ་འབྱུང་བ་དང་སྲུང་སྐྱོང་ལེགས་པོ་བྱེད་པ་དང་འཕེལ་རྒྱས་ལེགས་པོ་གཏོང་བ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ཏེ།དུས་བསྟུན་ལྷན་སྐྱོད་སྒོས“ཞིང་གསུམ”གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན།ལམ་ལུགས་གསར་སྐྲུན་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།ཞིང་པ་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།གསར་སྐྲུན་རང་བཞིན་སྐུལ་སློང་བྱས་ཏེ།ཞིང་སྡེའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་རྒྱུན་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་དགོས།

དོན་ཚན་ཉེར་བཞི་པ། རིམ་པ་སོ་སོའི་ཏང་ཨུས་དངུལ་གཏོང་གིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ཐེབས་པའི་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པར་གཙིགས་འཛིན་བྱེད་དགོས།“ཞིང་གསུམ”ཐད་ཀྱི་ནོར་སྲིད་དངུལ་གཏོང་བརྟན་བརླིང་ངང་འཕར་བའི་ནང་རྐྱེན་འཛུགས་པར་སྐུལ་འདེད་གཏོང་བ་དང་།ཞིང་ལས་སྟོབས་ལྡན་དང་ཞིང་ལས་ལ་ཕན་པ།ཞིང་ལས་ཕྱུག་པོར་བསྒྱུར་བ་བཅས་ཀྱི་སྲིད་ཇུས་ཀྱི་ནུས་ཤུགས་ཤུགས་ཆེར་བཏང་སྟེ།ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཚོང་ལས་རང་བཞིན་གྱི་དངུལ་རྩ་དང་མཉམ་ལས་རང་བཞིན་གྱི་དངུལ་རྩ།སྲིད་ཇུས་རང་བཞིན་གྱི་དངུལ་རྩ་བཅས་ཕན་ཚུན་ཟུང་འབྲེལ་བྱས་པའི་ཞིང་སྡེའི་དངུལ་རྩའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས།དངུལ་རྩ་གྲབས་གསོག་བྱེད་པའི་ཐབས་ལམ་རྒྱ་སྐྱེད་པ་དང་།“ཞིང་གསུམ”གྱི་དངུལ་གཏོང་ཤུགས་ཚད་བསྟུད་མར་ཇེ་དྲག་དང་སྤྱི་གྲངས་བསྟུད་མར་ཇེ་མང་དུ་འགྲོ་བར་ཁག་ཐེག་བྱེད་དགོས།

དོན་ཚན་ཉེར་ལྔ་པ།རིམ་པ་སོ་སོའི་ཏང་ཨུས་ཚན་རྩལ་སློབ་གསོས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་ཐེབས་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཙིགས་འཛིན་བྱེད་དགོས།ཚན་རྩལ་སློབ་གསོས་ཞིང་ལས་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ།རྒྱལ་ཁབ་ཞིང་ལས་ཚན་རྩལ་གསར་སྐྲུན་མ་ལག་དང་དེང་རབས་ཞིང་ལས་སློབ་གསོའི་མ་ལག ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུ་མ་ལག་བཅས་འཐུས་ཚང་དུ་གཏོང་བ་དང་།ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཁ་ཕྱོགས་གསར་སྐྲུན་བྱེད་མགོ་རྩོམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་བསྒྱུར་དགོས།

དོན་ཚན་ཉེར་དྲུག་པ། རིམ་པ་སོ་སོའི་ཏང་ཨུས་གྲོང་གསེབ་འཆར་འགོད་ཀྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ཐེབས་པའི་ཁྲིད་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཙིགས་འཛིན་བྱེད་དགོས།འཆར་འགོད་སྔོན་དུ་བཀོད་པ་རྒྱུན་འཁྱོངས་དང་གྲོང་གསེབ་ཀྱི་ཁྱད་ཆོས་འབུར་དུ་བཏོད་པ།གྲོང་གསེབ་ཀྱི་རྣམ་པ་རྒྱུན་སྲུང་བྱེད་པ་བཅས་ཀྱིས།འཆར་འགོད་སྣ་ཚོགས་ལ་གཅིག་གྱུར་དོ་དམ་དང་མ་ལག་སྒོས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ཁྱབ་ཁོངས་གཅིག་འགྲིལ།འཆར་འགོད་མང་པོ་གཅིག་འབྲེལ་བཅས་ཡོང་བའི་འཆར་འགོད་མ་ལག་ཆགས་པར་སྐུལ་འདེད་བཏང་སྟེ།ཞིང་སྡེའི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ཚན་རིག་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་བདུན་པ། རིམ་པ་སོ་སོའི་ཏང་ཨུས་ཁྲིམས་སྐྱོང་གིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ཐེབས་པའི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་པར་གཙིགས་འཛིན་བྱེད་དགོས།ཁྲིམས་སྐྱོང་གི་བསམ་གཞིག་རྒྱུན་འཁྱོངས་དང་།ཁྲིམས་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།ཞིང་ལས་དང་ཞིང་སྡེའི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་།ཞིང་ལས་ཕྱོགས་བསྡུས་ཁྲིམས་བསྟར་ཇེ་དྲག་ཏུ་བཏང་ནས།ཞིང་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་དང་།རང་འགུལ་གྱིས་ཁྲིམས་སྐྱོང་བའི་བྱེད་ཐབས་བཀོལ་ཏེ།ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཞིང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ཞིང་སྡེ་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་པ་བཅས་ཀྱིས།ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

ལེའུ་དྲུག་པ། དཔྱད་ཞིབ་ལྟ་སྐུལ།

དོན་ཚན་ཉེར་བརྒྱད་པ། རིམ་པ་ལྔ་པའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་དུ་གཏོང་བའི་དཔྱད་ཞིབ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་པ་གཙོ་བོའམ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ནི་རང་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་དུ་གཏོང་བའི་བྱ་བའི་འགན་འཁྲི་པ་དང་པོ་ཡིན།

རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་གིས་འོག་རིམ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་པ་གཙོ་བོའམ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁྲི་པ་དང་པོའི་འགན་འཁྲི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་ཞིབ་བཤེར་བྱེད་དགོས་པར་མ་ཟད། དཔྱད་ཞིབ་མཇུག་འབྲས་དེ་ལས་བྱེད་པ་བསྐོ་བཞག་དང་བཀོལ་སྤྱོད།དཔྱད་བསྡུར་འདེམ་བསྐོ།ཕུལ་བྱུང་ཅན་ལ་བྱ་དགའ་སྟེར་བ།འགན་འདྲི་རྩད་གཅོད་སོགས་ཀྱི་ཟུར་ལྟ་བྱེད་ས་གཙོ་བོར་འཇོག་དགོས།

དོན་ཚན་ཉེར་དགུ་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེ་རེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་འབུལ་བ་དང་།ཞིང་ཆེན་མན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེ་རེར་གོང་རིམ་ཏང་ཨུ་དང་སྲིད་གཞུང་ལ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ཡར་ཞུ་བྱེད་དགོས།

དོན་ཚན་སུམ་ཅུ་པ། གྲོང་ཁྱེར་དང་རྫོང་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་།མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ།ཞིང་སྡེའི་བྱ་བ་ལེགས་འཛིན་བྱེད་པ་དང་།ནང་སྒོས་སུ་གྲོང་གསེབ་དར་སྤེལ་གཏོང་བའི་གྲུབ་འབྲས་དངོས་དང་།དབུལ་ཕོངས་རྫོང་གནད་ཁེལ་དབུལ་ཐར་བྱས་པའི་གྲུབ་འབྲས་དག་སྲིད་སྐྱོང་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གཙོ་བོར་འཇོག་དགོས་ལ།རིམ་པ་གོང་མའི་ཏང་ཨུས་གཅིག་གྱུར་བཀོད་སྒྲིག་དང་ལག་བསྟར་བྱས་ཏེ།དཔྱད་ཞིབ་མཇུག་འབྲས་དེ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་གཞི་འཛིན་ས་གལ་ཆེན་བྱེད་དགོས།

དོན་ཚན་སོ་གཅིག་པ། ས་གནས་ཀྱི་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་འགན་འཁྲི་པ་གཙོ་བོས་ཞིང་སྡེའི་བྱ་བའི་འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་ཡང་དག་མི་བྱེད་ན།འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་གཅོད་བྱེད་དགོས།ཞིང་སྡེའི་བྱ་བ་ལག་བསྟར་བྱས་པ་མི་བཟང་བའམ་ཡང་ན་བྱ་བ་རྗེས་སུ་ལུས་ན།གོང་རིམ་ཏང་ཨུས་འོག་རིམ་ཏང་ཨུ་ལ་ཁ་ཏ་སློབ་གསོ་གཏོང་བ་དང་།རིམ་པ་དེ་གའི་ཏང་ཨུས་རིམ་མཚུངས་འབྲེལ་ཡོད་སྡེ་ཁག་ལ་ཁ་ཏ་སློབ་གསོ་གཏོང་དགོས།

དོན་ཚན་སོ་གཉིས་པ། ཀྲུང་དབྱང་དང་ས་གནས་ཏང་སྲིད་ལས་ཁུངས་ཀྱི་ཞིང་འབྲེལ་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་གི་ཞིང་ལས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་གྱིས་ལག་ལེན་དང་དངོས་འབེབས་གཏིང་ཟབ་བྱེད་པའི་འགན་འཁྲི་འཁུར་དགོས་ལ།གཞི་རིམ་དུ་སོང་ནས་ཞིང་པ་མང་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས་པ་ལས།རང་སྡེ་ཁག་གི་འགན་འཁྲི་དེ་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་སྟེང་དུ་བཀལ་མི་ཆོག འགན་འཁྲི་ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་ཡང་དག་མི་བྱེད་ན།འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས་འགན་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་སོ་གསུམ་པ། རིམ་པ་སོ་སོའི་ཏང་ཨུས་སྐུལ་སློང་ནང་རྐྱེན་བཙུགས་ཏེ།ལས་བྱེད་པར་འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་དང་བཅོས་བསྒྱུར་གསར་སྐྲུན་བྱེད་ཕོད་པ།མི་དམངས་ལ་གསོལ་འབུལ་བྱེད་ཕོད་པའི་སྐུལ་ལྕག་གཏོང་དགོས།གཏན་འཁེལ་ལྟར་ཞིང་སྡེའི་བྱ་བའི་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ་དང་བྱ་དགའ་གནང་དགོས།

ལེའུ་བདུན་པ། ཞར་བྱུང་།

དོན་ཚན་སོ་བཞི་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)སོ་སོའི་ཏང་ཨུས་སྲོལ་ཡིག་འདི་གཞིར་བཟུང་ནས།རང་ས་གནས་ཀྱི་གནས་ཚུལ་དང་སྦྲེལ་ཏེ་ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་ཆོག

དོན་ཚན་སོ་ལྔ་པ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྲོལ་ཡིག་འདི་ལ་འགྲེལ་བཤད་བརྒྱག་པའི་འགན་འཁུར་དགོས།

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི2019ལོའི་ཟླ8པའི་ཚེས19ཉིན་ནས་བཟུང་ལག་བསྟར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།