ཁུལ་ཡོངས་ཀྱི་སྡེ་བའི(སྡེ་ཁུལ)“ཨུ་ཡོན་གཉིས”སྐབས་བརྗེ་འདེམས་བསྐོའི་བྱ་བའི་སྒྲིག་ཁྲིམས་སྔར་ལས་ལྷག་པའི་སྒོ་ནས་གཟབ་ནན་ཏུ་གཏོང་ཆེད། ཁུལ་སྐབས་བརྗེ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་སྒོ་ནས་སྡེ་བའི(སྡེ་ཁུལ)སྐབས་བརྗེ་འདེམས་བསྐོའི“གཏན་འགོག་བཅུའི”སྒྲིག་ཁྲིམས་ཀྱི་བླང་བྱ་གཏན་འབེབས་མཛད།
གཅིག འདེམས་བསྐོ་སྔོན་གྱི་སྒྲིག་འགལ་བྱ་སྤྱོད་ལ་གཏན་འགོག་བྱ་དགོས། གང་འདོད་དུ་ཐུན་མོང་གི་རྒྱུ་ནོར་ཐོན་ཁུངས་ཐག་གཅོད་བྱས་མི་ཆོག་པ་དང་། སྒྲིག་ལམ་དང་འགལ་བའི་དཔལ་འབྱོར་གན་རྒྱ་བཞག་མི་ཆོག སྒྲིག་ལམ་དང་འགལ་བའི་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱས་མི་ཆོག གློ་བུར་དུ་སྡེ་མི་ལ་རྒྱུ་ནོར་སོགས་བགོས་སྤྲོད་བྱས་མི་ཆོག རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་བའི་ཁ་གསབ་དངུལ་དང་ཕན་བདེ་བྱིན་མི་ཆོག
གཉིས། འགྲན་རྩོད་དོ་ཟླར་སྙོན་འཛུགས་དང་དམའ་འབེབས་བྱེད་པར་གཏན་འགོག་བྱ་དགོས། དོན་དངོས་ལ་བསྙད་འདོགས་དང་འཁྱོག་བཤད་དམ་བདེན་དཔང་རྫུན་མ་བཀོལ་ནས། འགྲན་རྩོད་དོ་ཟླར་སྙོན་འཛུགས་དང་སྐྱོན་འགལ་བྱས་མི་ཆོག རྫུན་བཟོ་དང་དཀྲོག་གཏམ་མམ་དོན་དངོས་མིན་པའི་ཆ་འཕྲིན་སྒྲོག་སྤེལ་བྱས་ནས། བསམ་ངན་བཅངས་ཏེ་འགྲན་རྩོད་དོ་ཟླར་དམའ་འབེབས་བྱས་མི་ཆོག ཡིག་རིགས་སྣ་ཚོགས་སྤེལ་བའམ་བསྒྲགས་ཡིག་སྤེལ་ནས་འགྲན་རྩོད་དོ་ཟླར་ཕར་རྒོལ་བྱས་མི་ཆོག
གསུམ། མགྲོན་བྱེད་པ་དང་ལེགས་སྐྱེས་བྱིན་ནས་འདེམས་ཤོག་ཐོབ་པ་དང་ལྐོག་དངུལ་སྟེར་བར་གཏན་འགོག་བྱ་དགོས། ཏང་ཡོན་མང་ཚོགས་ལ་དངུལ་སྟེར་བ་དང་ལེགས་སྐྱེས་སྟེར་བ་བཅས་བྱས་མི་ཆོག ཏང་ཡོན་མང་ཚོགས་རྩ་འཛུགས་བྱས་ནས་ཐུན་མོང་དུ་ཟས་མཉམ་སྤྱོད་བྱས་མི་ཆོག ཏང་ཡོན་མང་ཚོགས་རྩ་འཛུགས་བྱས་ནས་ཕྱི་ཕྱོགས་ལ་ལྟ་སྐོར་དུ་སོང་མི་ཆོག ཏང་ཡོན་མང་ཚོགས་ལ་བཀོད་སྒྲིག་བྱས་ནས་འཛད་སྤྱོད་བྱ་འགུལ་སྤེལ་མི་ཆོག ཕན་ཁེ་བསྐྲུན་པའི་ཁས་ལེན་བྱེད་ཐབས་སྤྱད་ནས་ལྐོག་འདེམས་བྱས་མི་ཆོག
བཞི། དོན་དངོས་དང་ཁ་བྲལ་ནས་གང་འདོད་དུ་ཁས་ལེན་བྱེད་པར་གཏན་འགོག་བྱ་དགོས། སྡེ་དམངས་ཀྱི་དངོས་ཡོད་ཚད་གཞི་དང་གཏན་ཁེལ་ལས་བརྒལ་ནས། དམངས་ཚོགས་ལ་ཁ་གསབ་དངུལ་སྟེར་བ་དང་རྒྱུ་ནོར་བགོས་སྤྲོད་བྱེད་པ། འགྲོ་གྲོན་ཇེ་ཉུང་དུ་གཏོང་བ་བཅས་ཀྱི་ཁས་ལེན་བྱས་མི་ཆོག སྡེ་བའི་དོན་དངོས་ཀྱི་བྱ་བའི་གནས་ཚུལ་ལས་བརྒལ་བའི་ཁས་ལེན་བྱས་མི་ཆོག སྒེར་གྱི་བདག་དབང་རྒྱུ་ནོར་བཀོལ་ནས་དམངས་ཚོགས་ལ་ཁ་གསབ་དངུལ་སྟེར་བ་དང་རྒྱུ་ནོར་བགོས་སྤྲོད་བྱེད་པ། འགྲོ་གྲོན་ཇེ་ཉུང་གཏོང་བ་བཅས་ཀྱི་ཁས་ལེན་བྱས་མི་ཆོག ངག་ཐོག་ནས་འདེམས་ཐོན་བྱུང་རྗེས་རྒྱུ་ནོར་དང་ཁེ་ཕན་སྟེར་ཞེས་པའི་ཁས་ལེན་བྱས་མི་ཆོག ཁང་རྙིང་ལེགས་བཅོས་བྱས་ནས་བདེ་འགོད་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་ཁས་ལེན་བྱས་མི་ཆོག ཁྲིམས་འགལ་སྒྲིག་འགལ་དང་སྲིད་ཇུས་ལ་འགལ་བའི་ཁས་ལེན་བྱས་མི་ཆོག
ལྔ། མི་བདེན་རྫུན་བཟོ་བྱས་ནས་ལག་བསྟར་ལ་འགལ་བར་གཏན་འགོག་བྱ་དགོས། རྫུན་བཟོའི་མངག་བཅོལ་དང་འདེམས་ཤོག་རྫུན་བཟོ། འདེམས་བསྐོའི་མཇུག་འབྲས་བརྗེ་བ་བཅས་བྱས་མི་ཆོག ཐོབ་ཐང་བདེན་དཔང་རྫུན་བཟོ་དང་ཐོབ་ཐང་རྫུན་མ་བཀོལ་སྤྱོད་བྱས་མི་ཆོག སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་འཐུས་མིའི་གྲོས་ཚོགས་སམ་སྡེ་དམངས་ཁག་གི་ཚན་ཆུང་གྲོས་ཚོགས་ལས་རྣམ་པ་གཞན་གྱི་གྲོས་ཚོགས་བསྡུས་ནས། སྡེ་མིའི་འདེམས་བསྐོའི་ཨུ་ཡོན་ལྷན་ཚོགས་འདེམས་ཐོན་བྱས་མི་ཆོག གཏན་འབེབས་དང་འགལ་ནས་འདེམས་མི་ཐོ་འགོད་བྱས་མི་ཆོག གཏན་འབེབས་དང་འགལ་ནས་མངག་བཅོལ་འདེམས་ཤོག་འཕེན་པའི་འགྲོ་ལུགས་བསྒྲུབ་མི་ཆོག མངག་བཅོལ་རྫུན་བཟོའི་འདེམས་ཤོག་འཕེན་པ་དང་འདེམས་བསྐོའི་ཡུལ་དངོས་སུ་གནས་སྐབས་སུ་མངག་བཅོལ་གྱིས་འདེམས་ཤོག་འཕེན་པ་བཅས་བྱས་མི་ཆོག སྡེ་དམངས་ཀྱི་རང་དབང་གིས་དམངས་གཙོའི་ཁེ་དབང་སྤྱོད་པར་བར་ཆད་བཏང་མི་ཆོག གཏན་འབེབས་དང་འགལ་ནས་སྡེ་མི་འཐུས་ཚབ་དང་སྡེ་མའི་ཚན་གཙོ། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་བཅས་འདེམས་ཐོན་བྱས་མི་ཆོག
དྲུག སྐབས་བརྗེ་འདེམས་བསྐོ་ལ་བར་ཆད་དང་གཏོར་བརླག་ལ་གཏན་འགོག་བྱ་དགོས། ཆོས་ལུགས་དང་ཆོས་ཚོགས་ཀྱི་སྟོབས་ཤུགས་བཀོལ་ནས་སྐབས་བརྗེ་འདེམས་བསྐོ་ལ་ཚོད་འཛིན་བྱས་མི་ཆོག ནག་ཕྱོགས་ཀྱི་སྟོབས་ཤུགས་གླས་ནས་འདེམས་དམངས་ལ་འཇིགས་སྐུལ་བྱས་མི་ཆོག འདེམས་བསྐོའི་ཡུལ་དངོས་སུ་བསྙད་འཚོལ་ཟིང་སློང་དང་དོན་རྐྱེན་བཟོས་མི་ཆོག འདེམས་ཤོག་གཏོར་བརླག་གཏོང་བ་དང་འདེམས་སྒམ་ལ་ཆག་སྐྱོན་གཏོང་བ། ཚོགས་རར་ཕར་རྒོལ་བྱེད་པ་བཅས་བྱས་མི་ཆོག ཏང་ཡོན་ནམ་འདེམས་མི་རྩ་འཛུགས་བྱས་ནས་འདེམས་བསྐོ་ལ་བཀག་འགོག་གཡོལ་ཐབས་བྱས་མི་ཆོག དྲག་ཤུགས་དང་འཇིགས་སྐུལ། མགོ་སྐོར་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་གཞན་གྱིས་དམངས་གཙོའི་ཁེ་དབང་སྤྱོད་པར་གནོད་པ་བྱས་མི་ཆོག
བདུན། འདེམས་བསྐོའི་ཡུལ་དངོས་ཀྱི་ཁྲིམས་འགལ་བྱ་སྤྱོད་ནན་འགོག་བྱ་དགོས། འདེམས་བསྐོ་བྱེད་སྐབས་ལས་ཐེབས་ཆག་པའི་ཐོབ་ཆ་སྟེར་མི་ཆོག འདེམས་བསྐོ་བྱེད་དུས་མི་སྣ་བསྡུ་རུབ་བྱས་ཏེ་དཀྲོག་གཏམ་ཟིལ་ཤུགས་བཟོས་ནས་འདེམས་རོགས་བྱེད་དུ་འཇུག་མི་ཆོག འདེམས་དམངས་རྒྱུན་ལྡན་ངང་འདེམས་བསྐོ་རུ་ཞུགས་པར་བཀག་འགོག་བྱས་མི་ཆོག འདེམས་དམངས་ཀྱིས་འདེམས་ཤོག་འབྲི་བ་དང་འཕེན་པར་ལྟ་རྟོག་བྱས་མི་ཆོག འདེམས་ཤོག་རྩི་མཁན་གྱི་རྒྱུན་ལྡན་གྱི་བདམས་ཐོན་མིང་ཤོག་སྒྲོག་པ་ལྟར་འདེམས་ཤོག་རྩིས་རྒྱག་པར་བཀག་འགོག་བྱས་མི་ཆོག འདེམས་བསྐོའི་ཡུལ་དངོས་ནས་འདེམས་མིར་འཐུང་ཆུ་དང་ཟས་རིགས་སྟེར་མི་མི་ཆོག འདེམས་བསྐོའི་ཡུལ་དངོས་ནས་གང་བྱུང་དུ་གཏམ་བཤད་དང་བསམ་འཆར་འདོན་པ། འཕྲིན་བསྐུར་བྱས་མི་ཆོག
བརྒྱད། གཏན་འབེབས་དང་འགལ་ནས་ངོ་བཅར་བྱེད་པ་ནན་འགོག་བྱེད་དགོས། ཏང་ཡོན་རྩ་འཛུགས་སམ་ཡང་ན་ཐུན་མོང་གིས་རྩ་འཛུགས་བྱས་ཏེ་ངོ་བཅར་དུ་ཞུགས་མི་ཆོག ངན་སྐུལ་དང་ངན་འབྲེལ། བཙན་སྐུལ། རྒྱུ་ནོར་བསླུ་བྲིད། ལྐོག་ནས་མི་གཞན་ངོ་བཅར་བྱེད་པར་ངན་ཇུས་བྱེད་མི་ཆོག རིམ་བརྒལ་ངོ་བཅར་རམ་ཡང་ན་ཐུན་མོང་གི་ངོ་བཅར་བྱེད་མི་ཆོག ངན་སྐུལ་ངན་འབྲེལ་གྱིས་གོང་རིམ་ལས་ཁུངས་སོང་ནས་ཟིང་ཆ་སློང་མི་ཆོག འགྲིམ་འགྲུལ་བཀོག་འགོག་དང་འགོག་གཅོད་བྱེད་མི་ཆོག ངོ་བཅར་སྣེ་ལེན་བྱེད་ས་རུ་ཟིང་ཆ་སློང་མི་ཆོག
དགུ། འདེམས་བསྐོ་བྱས་རྗེས་གཏན་ནས་བྱ་བ་རྩིས་སྤྲོད་མི་བྱེད་པ་ནན་འགོག་བྱ་དགོས། ཐུན་མོང་གི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་གཏན་ནས་རྩིས་སྤྲོད་མི་བྱེད་པ་མི་ཆོག གཞུང་སྒྲུབ་བཀོལ་ཁང་དང་སྤྱི་པའི་སྒྲིག་ཆས་གཏན་ནས་རྩིས་སྤྲོད་མི་བྱེད་པ་མི་ཆོག དཔལ་འབྱོར་གན་རྒྱ་དང་བུན་དབང་བུ་ལོན་གཏན་ནས་རྩིས་སྤྲོད་མི་བྱེད་པ་མི་ཆོག བཟོ་སྐྲུན་ལས་གཞི་དང་དངུལ་སྡུད་རྣམ་གྲངས་གཏན་ནས་རྩིས་སྤྲོད་མི་བྱེད་པ་མི་ཆོག
བཅུ། ལས་ཁུངས་ལས་བྱེད་པས་འདེམས་བསྐོར་གནོད་སྐྱེལ་བར་ནན་འགོག་བྱ་དགོས། གཉེན་ཉེའམ་ཡང་ན་དམིགས་བསལ་འབྲེལ་བ་ཅན་གྱི་མི་འདེམས་བསྐོར་ཞུགས་པར་འཚམས་འདྲི་དང་འཛིན་ཤོག་འབྲི་མི་ཆོག གཉེན་ཉེའམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ལྡན་པའི་མིར་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་མི་ཆོག འདེམས་བསྐོའི་ཡིག་ཆ་རྫུན་བཟོ་དང་འདེམས་བསྐོའི་མཇུག་འབྲས་བཟོ་བཅོས་རྒྱག་མི་ཆོག སྐབས་བརྗེའི་འདེམས་བསྐོར་འབྲེལ་བའི་གསོལ་སྟོན་དུ་ཞུགས་མི་ཆོག སྐབས་བརྗེའི་འདེམས་བསྐོར་འབྲེལ་བའི་ལེགས་སྐྱེས་དང་ལག་རྟགས་འབུལ་བ་དང་ལེན་བྱས་མི་ཆོག བརྟན་འཇགས་ལ་ཤུགས་རྐྱེན་ཡོད་པའི་རྩ་འཛུགས་མིན་པའི་བྱ་འགུལ་དུ་ཞུགས་མི་ཆོག མང་ཚོགས་ངོ་བཅར་དུ་ཞུགས་པའམ་ཡང་ན་སྐུལ་སློང་བྱས་མི་ཆོག
“ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ་དང་འགལ་བའི་ཏང་ཡོན་དང་སྡེ(སྡོད)དམངས་ཚང་མར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས་ལ། ཁྲིམས་འགལ་བྱས་ཉེས་ཀྱི་དོགས་གཞི་ཡོད་པ་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་དགོས། “ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ་དང་འགལ་བའི་སྐབས་བརྗེའི་འདེམས་བསྐོའི་འོས་མི་ཚང་མ་བདམས་མིའི་མིང་ཐོ་ལས་རྩིས་མེད་དུ་གཏོང་དགོས། “ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ་དང་འགལ་བའི་སྐབས་བརྗེའི་འདེམས་བསྐོ་འདེམས་སྒྲུག་པ་ཚང་མར་འདེམས་སྒུག་པའི་ཐོབ་ཐང་མེད་པར་གཏོང་དགོས་ལ། གནས་ཚུལ་ཚབས་ཆེན་ཡིན་ཚེ་སྒྲིག་ཁྲིམས་ཆད་པ་གཅོད་ཅིང་། གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་པ་ཡིན་ཚེ་ཁྲིམས་ལྟར་ཐག་གཅོད་བྱ་དགོས། “ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ་དང་འགལ་བའི་མི་སྣ་བདམས་ཐོན་བྱུང་ཟིན་པ་ཚང་མར་འདེམས་བསྐོ་མཇུག་འབྲས་རྩིས་མེད་ཡིན་པ་བསྒྲགས་ཤིང་། གནས་ཚུལ་ཚབས་ཆེན་ཡིན་མིན་ལྟར་ཐག་གཅོད་ནན་མོ་བྱ་དགོས། ཁྲིམས་འགལ་བྱས་ཉེས་དོགས་གཞི་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་དགོས།
རྩོམ་སྒྲིག་པ། གསང་བདག་རྒྱལ།
མཚོ་ནུབ་ཁུལ་གྱི་སྡེ་བའི(སྡེ་ཁུལ)སྐབས་བརྗེ་འདེམས་བསྐོའི“གཏན་འགོག་བཅུའི”སྒྲིག་ཁྲིམས་ཀྱི་བླང་བྱ།