ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་འབྲི་ཆུ་མཚོ་སྔོན་དུ་བཞུར་བའི་རིམ་པའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

ཡོང་ཁུངས། : ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།     སྤེལ་དུས། : 2019-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྲིད་གཞུང་ལས་ཐིང〔2018〕ཨང187པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་འབྲི་ཆུ་མཚོ་སྔོན་དུ་བཞུར་བའི་རིམ་པའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིང་། ཅུས་སོ་སོ་བཅས་ལ།

འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཡང་ཡིན། མཚོ་སྔོན་ནི་འབྲི་ཆུའི་མགོ་ཁུངས་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཡོལ་བ་གལ་ཆེན་ཡང་ཡིན། སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་པས། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་དང་སྲོག་ཆགས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་ཐེབས་སུ་མི་འཇུག་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་དགོས།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི 《འབྲི་ཆུའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》( རྒྱལ་གཞུང་སྤེལ〔2018〕ཨང95བ)གྱི་དགོངས་དོན་གཞིར་བཟུང་ཞིང་། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད་དེ། རང་རེའི་ཞིང་ཆེན་གྱི་འབྲི་ཆུའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱ་བར་ཤུགས་བསྣན་པར་གཞིགས་ནས་གཤམ་གསལ་གྱི་ལག་བསྟར་བསམ་འཆར་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བའི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་ཅིང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། སྲུང་སྐྱོང་སྔོན་འགྲོ་བྱེད་པ་དང་རང་ཤུགས་ཀྱིས་སླར་གསོ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཐོག སྲུང་སྐྱོང་དང་སླར་གསོ་བྱེད་ཐབས་ཤུགས་ཆེན་པོས་འཐུས་ཚང་དུ་གཏང་དགོས་ཤིང་། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འབྲི་ཆུའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་གི་འཕེལ་རྒྱས་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏང་དགོས།

(གཉིས།) རྩ་བའི་རྩ་དོན།

-----ཐིག་དམར་གྱི་བསམ་བློ་བཅངས་ནས། སྐྱེ་ཁམས་ལ་བར་སྟོང་འདང་ངེས་ཤིག་འཇོག་དགོས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དང་ཁོར་ཡུག་སྤུས་ཚད་ཀྱི་མས་མཚམས། ཐོན་ཁུངས་བཀོལ་སྤྱོད་ཀྱི་ཡས་མཚམས་བཅས་ནན་སྲུང་བྱས་ཏེ། ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་དང་ཆུ་ཁོངས་སྐྱེ་ཁམས་སླར་གསོའི་དངོས་ཡོད་དགོས་མཁོ་ལ་བསྟུན་ནས། སྐྱེ་ཁམས་རྩོལ་ནུས་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་ཚོར་སྐྱེན་ཉམ་ཞན་ཁུལ་དུ་ཚན་རིག་དང་མཐུན་པར་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་ཁུལ་བཙུགས་ཏེ་སྲུང་སྐྱོང་དོ་དམ་ནན་མོ་བྱ་དགོས།

----སྲུང་སྐྱོང་སྔོན་འགྲོ་བྱེད་པ་དོན་འཁྱོལ་དང་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དེ་འབུར་ཐོན་གྱི་གནས་སུ་བཞག་ནས། ཆུ་དང་འབྲེལ་བའི་བཟོ་སྐྲུན་ལ་ལྟ་སྐུལ་བྱེད་ཤུགས་སྔར་བས་ཇེ་དྲག་ཏུ་གཏང་དགོས་ལ། སྐྱེ་ཁམས་ཁ་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཆུ་ཐོན་སྲོག་ཆགས་ཀྱི་འཁོར་གནས་གལ་ཆེན་དང་སྐྱེ་ཁམས་ཁུལ་གཙོ་བོའི་སྐྱེ་ཁམས་རྩོལ་ནུས་སླར་གསོ་བྱ་དགོས།

----ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པ་རྒྱུན་འཁྱོངས་དང་། རྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་དང་སླར་གསོ་བྱ་དགོས། རྨ་ཆུ་འབྲི་ཆུ་དང་མཚོ་དང་མཚེའུ། གཞུང་ཆུ་ཆུ་ལག་གཙོ་བོར་ནུས་ལྡན་གཅིག་གྱུར་གྱིས་བར་སྟོང་བཀོད་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆུ་ཐོན་སྲོག་ཆགས་དང་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་དེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་བཅས་པའི་ཚེ་སྲོག་མཉམ་འདུས་ཀྱི་ཕུང་བོའི་ཁྲོད་བཞག་ནས། ཁྱོན་ཡོངས་ནས་བཀོད་སྒྲིག་དང་ཚན་རིག་དང་མཐུན་པར་འཆར་འགོད། རྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་། གཙོ་གནད་སླར་གསོ་བཅས་བྱ་དགོས།

(གསུམ།) དམིགས་འབེན་གཙོ་བོ། 2020ལོར་སླེབས་དུས། རང་རེའི་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུད་ཐོན་ཁུངས་སྲུང་སྐྱོང་ཁུལ་སོགས་ཆུ་ཁོངས་གཙོ་བོར་ཕྱོགས་ཡོངས་ནས་འཛིན་རྒྱ་བསྡམས་ཏེ། སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་ནུས་ཤུགས་མངོན་གསལ་སྒོས་མཐོར་འདེགས་དང་སྲུང་སྐྱོང་རྩོལ་ནུས་འདོན་སྤེལ་གང་ལེགས་བྱ་དགོས། འཁོར་གནས་གཙོ་བོར་ནུས་ལྡན་གྱི་སྲུང་སྐྱོང་ཐོབ་པ་དང་། གཙོ་གནད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོར་ངེས་པ་དོན་གྱི་འཕེལ་རྒྱས་འབྱུང་བ་དང་། ཆུ་ཐོན་སྲོག་ཆགས་ཀྱི་ཐོན་ཁུངས་སླར་གསོའི་ཁྲོད་འཕར་སྣོན་འབྱུང་དུ་འཇུག་དགོས། 2035ལོར་སླེབས་དུས། རང་རེའི་ཞིང་ཆེན་གྱི་འབྲི་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་སྒྱུར་དང་། ཆུ་ཐོན་སྲོག་ཆགས་ཀྱི་འཁོར་གནས་དང་སྐྱེ་འཕེལ་ཁོར་ཡུག་ལ་ཕྱོགས་ཡོངས་ནས་སྲུབ་སྐྱོབ་ཐོབ་ཅིང་། ཆུ་ཐོན་སྲོག་ཆགས་ཀྱི་ཐོན་ཁུངས་མངོན་གསལ་སྒོས་འཕར་སྣོན་འབྱུང་བ་དང་། ཆུ་ཁོངས་སྐྱེ་ཁམས་རྩོལ་ནུས་ཕན་ཡོད་སྒོས་སླར་གསོ་འབྱུང་དུ་འཇུག་རྒྱུ་དེ་ཡིན།

གཉིས། ལས་འགན་གཙོ་བོ།

(གཅིག) ཉ་ལས་ཆུ་ཁོངས་ཀྱི་སྐྱེ་ཁམས་སླར་གསོ་བྱ་དགོས། ཆུ་ཐོན་སྲོག་ཆགས་ཀྱི་སྒོ་ང་གཏོང་གནས་དང་གཟན་འཚོལ་གནས། དགུན་སྐྱེལ་གནས། ཕྱིར་རྐྱལ་ལམ་གཙོ་བོ་སོགས་སུ་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཆུ་སྒོ་སྒྱུར་བཀོད་དང་ཉ་རྐྱལ་སའི་སྒྲིག་ཆས་དང་ཉ་རིགས་སྐྱེ་འཕེལ་ས་ཚིགས་འཛུགས་སྐྲུན་ སོགས་བྱེད་ཐབས་སྤྱད་ནས། ཆུ་ཐོན་སྲོག་ཆགས་ཕྱིར་རྐྱལ་བའི་གོམས་གཤིས་དང་སོན་རྒྱུད་བརྗེ་རེས་ཀྱི་དགོས་མཁོ་བསྐང་དགོས་ཤིང་། སྔར་ཡོད་ཀྱི་གནོད་རྐྱེན་སེལ་ནས་གདོད་མའི་སྐྱེ་ཁམས་རྩོལ་ནུས་སླར་གསོ་བྱས་ཏེ། འབྲི་ཆུའི་ཆུ་ཁོངས་སྐྱེ་ཁམས་ཀྱི་འཐུས་ཚང་རང་བཞིན་སྲུང་སྐྱོང་བྱ་དགོས། མིའི་ཐབས་ཀྱིས་ཉ་རིགས་ཀྱི་རྒྱུད་སྤེལ་ནས་ཕྱིར་ཆུ་ནང་དུ་གཏོང་བའི་འཆར་གཞི་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་ཏེ། ཕྱིར་ཆུ་ནང་དུ་གཏོང་བའི་རིགས་དང་གྲངས་ཀ་ལུགས་མཐུན་གྱིས་གཏན་འཁེལ་བྱས་ནས་ཆུ་ཐོན་སྲོག་ཆགས་ཀྱི་རིགས་རྒྱུད་ཁྱུ་ཚོགས་གཞི་རྒྱ་ཚད་རན་པོ་མགྱོགས་མྱུར་ངང་སླར་གསོ་བྱ་དགོས། ཕྱིར་ཆུ་ནང་དུ་བཏང་བའི་ཕན་འབྲས་ལ་རྗེས་དེད་ནས་དཔྱད་དཔོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རྟགས་བརྒྱབ་ནས་ཕྱིར་ཆུ་ནང་དུ་གཏོང་བ་དང་རྗེས་འདེད་དཔྱད་དཔོག་གི་ལག་རྩལ་ཞིབ་འཇུག་བྱས་ཏེ། རྒྱུད་སྤེལ་ཏེ་ཕྱིར་ཆུ་ནང་དུ་བཏང་བའི་ཕན་འབྲས་དཔྱད་དཔོག་ལ་ལག་རྩལ་གྱི་རམ་འདེགས་འདོན་སྤྲོད་བྱ་དགོས།

(གཉིས།) ཚར་ཉེན་ཡོད་པའི་སྲོག་ཆགས་སྲུང་སྐྱོང་གི་འགུལ་སྐྱོད་སྤེལ་དགོས། རང་རེའི་ཞིང་ཆེན་གྱི་སྲུང་སྐྱོང་བྱ་ཡུལ་གཙོ་བོར་བཟུང་བའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་དང་སྲུང་སྐྱོང་གི་རིམ་གྲས་ཚན་རིག་དང་མཐུན་པར་གཏན་འཁེལ་དང་དུས་ཐོག་ཏུ་སྙོམ་སྒྲིག་བྱ་དགོས་ཤིང་། སྲུང་སྐྱོང་བྱ་ཡུལ་གཙོར་བཟུང་བའི་ཆུ་ཐོན་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་དེའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། ཉ་ཁྲོན་ཧྲན་ཀྲེ་ལུའོ་ཀུའེ་དང་ཡོ་ཡའི་ཆུ་སྲམ། ཉ་ཧོང་ཧྲི་ཕཱ་ཀྲའོ། ཉ་ཁྲང་སི་ལིའེ་ཧྥུ་སོགས་འཐུས་ཚབ་ཡིན་པའི་ཚར་ཉེན་ཡོད་པའི་ཆུ་ཐོན་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱ་འགུལ་ལག་བསྟར་བྱ་དགོས། རིགས་རྒྱུད་མི་འདྲ་བའི་ཚར་ཉེན་གྱི་ཚད་དང་ཚར་ཉེན་ལ་ཐུག་པའི་རྒྱུ་རྐྱེན་ལ་དམིགས་ནས། སྲུང་སྐྱོང་འཆར་གཞི་འགོད་པ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཆུ་ཐོན་སྲོག་ཆགས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ཤུགས་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་ཆེ་ཇེ་མཐོར་གཏང་དགོས།

(གསུམ།) ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་ཉ་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་སྡེ་ཁག་དང་མཉམ་དུ་ཆུ་ཁོངས་གསར་སྤེལ་བཀོལ་སྤྱོད་ལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གནོད་རྐྱེན་ཚོད་འཛིན་ནན་མོ་བྱས་ཁར་ཇེ་ཆུང་དུ་གཏོང་བར་འབད་དགོས། ཆུ་ཐོན་སྲོག་ཆགས་འཁོར་གནས་དང་འབྲེལ་བའི་འཆར་འགོད་དང་ལས་གཞི་དེར་ཁྲིམས་ལྟར་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་འཇོག་བྱ་དགོས། ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག གསར་སྤེལ་ཤུགས་ཚད་ཚོད་འཛིན་ནན་མོ་བྱེད་པ་དང་། གསར་སྤེལ་འཛུགས་སྐྲུན་དང་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བར་གྱི་འབྲེལ་བ་གཅིག་འདོམས་སྒོས་ཐག་གཅོད་ལེགས་པོ་བྱ་དགོས། རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་དབྱེ་འབྱེད་གཏན་འབེབས་དང་སྦྲེལ་ནས། འབྲི་ཆུ་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སོན་རྒྱུད་ཐོན་ཁུངས་སྲུང་སྐྱོང་ཁུལ4ལ་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཆུ་ཐོན་སོན་རྒྱུད་ཐོན་ཁུངས་རྒྱུན་མཐུད་བཀོལ་སྤྱོད་ཐུབ་པར་སྐུལ་འདེད་བྱ་དགོས།

(བཞི།) སྐྱེ་ཁམས་ཁ་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་དང་ཚབ་བྱེད་མི་ཐུབ་པའི་རང་བཞིན་ལ་བསམ་གཞིགས་གང་ལེགས་བཏང་སྟེ། སྐྱེ་ཁམས་ཁ་གསབ་སྟེར་བའི་རྐྱེན་སྲོལ་ཧུར་ཐག་གིས་འཐུས་ཚང་དུ་གཟུགས་དགོས་ལ། ཆུ་ཐོན་སྲོག་ཆགས་འཁོར་གནས་གཙོ་བོར་སྲུང་སྐྱོང་དང་སླར་གསོ་ལ་རྒྱབ་སྐྱོར་བྱ་དགོས། ཞིང་ཆེན་ནས་བཙུགས་ཟིན་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་སྟེར་བའི་རྐྱེན་སྲོལ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ལེགས་པོ་བྱེད་པ་དང་ཆབས་ཅིག་ཏུ། རྒྱལ་ཁབ་ཀྱིས་གཅིག་འདོམས་སྙོམ་སྒྲིག་བྱེད་པར་ཐབས་ལམ་མང་པོ་དང་རིམ་པ་མང་པོ་ནས་འབོད་སྐུལ་གཏང་དགོས་ཤིང་། སྟོད་སྨད་རྒྱུད་གཞུང་ཕྱོགས་ནས་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་སྟེར་བའི་རྐྱེན་སྲོལ་ཚོད་ལྟ་སྒོས་བཙུགས་ཏེ། “སུ་ལ་ཕན་ཁེ་ཐོབ་ན་དེས་ཁ་གསབ་བྱེད་པའི”རྩ་དོན་ལྟར་འབྲི་ཆུའི་སྟོད་རྒྱུད་ཀྱི་ཐོ་ཐོ་གཙང་བོ་དང་ཆུ་དམར། སྨར་ཁོག་ཆུ་སོགས་ཆུ་ལག་གཙོ་བོའི་སྐྱེ་ཁམས་ལ་ཁ་གསབ་སྟེར་བར་ཚོད་ལྟ་བྱ་དགོས་ལ། ཆུ་ཐོན་སྲོག་ཆགས་དང་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཁ་གསབ་སྟེར་བའི་ཁྱབ་ཁོངས་དང་ཚད་གཞི། ཁ་གསབ་བྱ་ཡུལ་བཅས་ཚན་རིག་དང་མཐུན་པར་གཏན་འཁེལ་བྱ་དགོས། ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་ཁུལ་དུ་བཙུགས་ཡོད་པ་དང་ད་ལྟ་འཛུགས་བཞིན་པའི་ལས་གཞིར་ལྟ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁ་གསབ་སྟེར་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྗེས་དེད་ནས་དཔྱད་དཔོག་བྱས་ཏེ། སྐྱེ་ཁམས་ཁ་གསབ་སྟེར་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཐོན་ཁུངས་ཀྱི་སྐྱེ་ཁམས་སླར་གསོར་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས།

(ལྔ།) ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏང་དགོས། ཁྲིམས་འཛུགས་བྱ་བ་ཤུགས་དྲག་ཏུ་བཏང་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་གཏང་དགོས། ཁྲིམས་འཛིན་དཔུང་སྡེ་དང་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་བའི་རྐྱེན་སྲོལ་འཐུས་ཚང་དང་། ལས་ཁུངས་བར་མཉམ་ལས་དང་བཞུར་ཁོངས་བར་མཉམ་འགུལ། ཕན་ཚུན་བསྣོལ་ནས་ཞིབ་བཤེར་སོགས་མཉམ་ལས་ཁྲིམས་འཛིན་དང་མཉམ་འབྲེལ་ཁྲིམས་འཛིན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཆུ་ཁོངས་གཙོ་བོ་དང་ས་མཚམས་ཀྱི་ཆུ་ཁོངས་དོ་དམ་ཕན་འབྲས་ཇེ་ལེགས་སུ་གཏང་དགོས། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་བར་གྱི་ཆུ་ཁོངས་གཙོ་བོའི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་མཉམ་འབྲེལ་ཚོགས་འདུའི་རྐྱེན་སྲོལ་མགྱོགས་མྱུར་ངང་བཙུགས་ཏེ། དུས་ངེས་གཏན་སྒོས་ཆེད་དོན་ཁྲིམས་འཛིན་འགུལ་སྐྱོད་རྩ་འཛུགས་བྱས་ཏེ་སྤེལ་ནས། ཆུ་ཐོན་སྲོག་ཆགས་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། ཆུ་ཁོངས་སྦགས་བཙོག་གི་ཉེན་ཁ་སྔོན་བརྡ་དང་སྔོན་འགོག་ཤུགས་དྲག་ཏུ་བཏང་ནས། ཆུ་ཁོངས་སྦགས་བཙོག་དང་ཁོར་ཡུག་གཏོར་བརླག་གི་དོན་རྐྱེན་དུས་ཐོག་ཏུ་བརྟག་བཤེར་ཐག་གཅོད་བྱ་དགོས། ཁྲིམས་འཛིན་ཞིབ་བཤེར་དང་ཁྲིམས་འཛིན་ལྟ་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལས་ཤོར་འགན་འཛོལ་གྱི་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས། ཕྱི་ཡོང་རིགས་རྒྱུད་ལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། རང་བྱུང་སྒོ་འབྱེད་ཀྱི་ཆུ་ཁོངས་སུ་ཕྱི་ཡོང་རིགས་རྒྱུད་དང་མིའི་ཐབས་ཀྱིས་འདྲེས་སྦྱོར་བྱས་པའམ་གཞི་རྒྱུ་སྒྱུར་བའི་གྲུབ་ཆ་ཡོད་པའི་རིགས་རྒྱུད་གཏན་ནས་བཏང་མི་ཆོག་པར། ཕྱི་ཡོང་རིགས་རྒྱུད་ཀྱིས་བཙན་འཛུལ་དང་སོན་རྒྱུད་ཐོན་ཁུངས་སྦགས་བཙོག་བཟོ་བར་སྔོན་འགོག་བྱ་དགོས།

གསུམ། འགན་སྲུང་བྱེད་ཐབས།

(གཅིག) རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་དངོས་གནས་ངོས་ཟིན་མཐོར་འདེགས་དང་བྱེད་ཐབས་ཤུགས་དྲག་ཏུ་བཏང་སྟེ། འབྲི་ཆུའི་ཆུ་ཐོན་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་བྱ་བའི་མགོ་ཁྲིད་དང་རྩ་འཛུགས་ཐད་ལ་ཤུགས་བསྣན་ནས། སྲིད་གཞུང་བྱེད་པོ་གཙོ་བོ་ཡིན་ལ། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཚོགས་པ་སོ་སོ་མཉམ་དུ་ཞུགས་པའི་ཆུ་ཐོན་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་དོ་དམ་མ་ལག་འཐུས་ཚང་དུ་གཟུགས་དགོས། དམིགས་འབེན་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང་རིམ་པ་བཞིན་དུ་འགན་འཁྲི་བཀལ་ཏེ། འབྲི་ཆུའི་ཆུ་ཐོན་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱ་བ་དེ་སྲིད་གཞུང་གི་རྒྱུན་སྲིང་ལས་ཕྱོད་དོ་དམ་མ་ལག་དུ་ངེས་པ་དོན་གྱིས་བཅུག་ནས། མཉམ་དུ་འབྲི་ཆུར་སྲུང་སྐྱོང་ཆེན་པོ་བྱེད་པའི་སྒྲིལ་ཤུགས་ཆེན་པོ་ཆགས་སུ་བཅུག་སྟེ་གཙང་ཆུ་སྔོན་མོ་ཤར་དུ་བཞུར་བར་ཁག་ཐེག་བྱ་དགོས།

(གཉིས།) སྲུང་སྐྱོང་ཐད་ལ་གཏོང་ཆ་འཇོག་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་སྲུང་སྐྱོང་ཆེན་པོའི་དགོས་མཁོ་གཞིར་བཟུང་སྟེ། འབྲི་ཆུའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་གི་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་འཛུགས་བྱས་ཏེ། རང་རེའི་ཞིང་ཆེན་གྱི་འབྲི་ཆུའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱ་བར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏང་དགོས། ཁེ་ལས་དང་མང་ཚོགས་འབྲི་ཆུའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་གི་ལས་དོན་དུ་ཞུགས་པར་སྐུལ་སློང་བྱས་ནས། བྱེད་པོ་མང་པོ་ཟབ་ཞུགས་དང་སྣ་མང་པོས་དངུལ་བསྡུ། གནད་ལ་འཁེལ་བར་གཏོང་ཆ་འཇོག་པའི་སྒྲིག་སྲོལ་རྐྱེན་སྲོལ་འཚོལ་ཞིབ་སྒོས་བཙུགས་ནས། ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་ལ་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

(གསུམ།) ཚན་རྩལ་གྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། འབྲེལ་ཡོད་ཚན་རིག་ཞིབ་འཇུག་སྡེ་ཁག་སོ་སོས་ཚར་ཉེན་ཡོད་པའི་ཆུ་ཐོན་སྲོག་ཆགས་དཀོན་པོ་ལ་སྐྱེ་དངོས་རིག་པའི་ལམ་ནས་ཞིབ་འཇུག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཚར་ཉེན་ཡོད་པའི་རིགས་རྒྱུད་དཀོན་པོ་སྲུབ་སྐྱོང་ལག་རྩལ་གྱི་འགག་རྩ་བརྟོལ་བ་དང་། མིའི་ཐབས་ཀྱིས་རྒྱུད་སྤེལ་བ་དང་འདུལ་གསོ། ཆུ་ནང་དུ་གཏོང་བ་སོགས་ཀྱི་ཆ་འགྲིག་ལག་རྩལ་སྤྱད་པ་བརྒྱུད་ནས། ས་ཁོངས་མི་འདྲ་བ་དང་རིགས་རྒྱུད་མི་འདྲ་བའི་རང་བྱུང་གི་ཁྱུ་ཚོགས་རིམ་བཞིན་སླར་གསོ་བྱ་དགོས། ཚར་ཉེན་ཡོད་པའི་རིགས་རྒྱུད་དཀོན་པོའི་གཞི་རྒྱུ་མཛོད་བཙུགས་ནས། རིགས་རྒྱུད་ཀྱི་གཞི་རྒྱུ་འཚོལ་བསྡུ་དང་གསོག་ཉར། རྒྱུད་སྤེལ་སོགས་ཀྱི་བྱ་བ་མགྱོགས་མྱུར་ངང་བསྒྲུབ་དགོས་ཤིང་། དེང་རབས་གཞི་རྒྱུ་ལག་རྩལ་སྤྱད་དེ་སྲུང་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་སྟངས་དང་བྱེད་ཐབས་འཚོལ་ཞིབ་བྱ་དགོས། སྐྱེ་ཁམས་སླར་གསོ་ལག་རྩལ་ཕྱོགས་བསྡུས་དཔེ་སྟོན་བྱས་ཏེ། བསྐྱར་དཔར་ཐུབ་པ་དང་ཁྱབ་བརྡལ་གཏོང་ཐུབ་པའི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་བྱེད་སྟངས་དང་ལག་རྩལ་ཁག་ཅིག་གྲུབ་པར་བྱ་དགོས།

(བཞི།) ལྟ་བཤེར་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས། ཞིང་ཆེན་ནང་ཁུལ་གྱི་འབྲི་ཆུ་འབབ་རྒྱུད་ཀྱི་ཆུ་ཐོན་སྲོག་ཆགས་ཐོན་ཁུངས་དང་ཁོར་ཡུག་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་ཏེ། ཆུ་ཐོན་སྲོག་ཆགས་ཐོན་ཁུངས་དང་འཁོར་གནས། ཚར་ཉེན་ལ་ཐུག་པའི་ཚད་སོགས་གནས་བབ་ལ་རྒྱུས་ལོན་ཡང་དག་བྱ་དགོས། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་ལག་རྩལ་གྱི་སྒྲིག་ཆས་མ་ལག་དང་ཚད་གཞི་ཚད་ལྡན་མ་ལག འཁོར་སྐྱོད་འགན་སྲུང་མ་ལག་བཅས་འཐུས་ཚང་དུ་བཏང་ནས། ལྟ་བཤེར་མ་ལག་རང་འགུལ་ཅན་དང་རིག་ནུས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་བཤེར་དང་ཆུ་ཐོན་སྲོག་ཆགས་ལ་ལྟ་བཤེར། ཁོར་ཡུག་གི་ཉེན་ཁར་འགོག་ཟོན་ལག་རྩལ་བཅས་ཀྱི་འདེགས་སྐྱོར་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས། སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་འདུས་གྲུབ་དབྱེ་ཞིབ་དང་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཆ་འཕྲིན་མཉམ་སྤྱོད་དང་ཕན་ནུས་མཐོན་པོའི་སྒོ་ནས་བེད་སྤྱོད་པར་སྐུལ་འདེད་གཏང་དགོས།

(ལྔ།) གླེང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་དགོས། རང་རེའི་ཞིང་ཆེན་གྱི་འབྲི་ཆུའི་ཆུ་ཐོན་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོང་བྱེད་པ་ནི་སྤྱི་ཚོགས་ཀྱི་ལས་གྲྭ་ཞིག་ཡིན་པས། སྤྱི་ཚོགས་ལས་རིགས་སོ་སོས་རྒྱ་ཁྱབ་ཏུ་རྒྱབ་སྐྱོར་དང་མཉམ་དུ་འབད་འབུངས་བྱ་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བརྙན་འཕྲིན་དང་རྒྱང་སྒྲོག ཚགས་པར། དུས་དེབ་སོགས་གསར་འགྱུར་སྨྱན་བྱད་བེད་སྤྱོད་གང་ལེགས་བྱེད་པ་དང་། སྦྱར་ཡིག་སྦྱོར་བ་དང་དྲིལ་སྒྲོག་ཡིག་རིགས་འགྲེམ་པ་སོགས་རྣམ་པ་སྣ་ཚོགས་སྤྱད་དེ། བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེ་དང་མང་ཚོགས་ཀྱི་ཆུ་ཐོན་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མི་རྣམས་ཀྱིས་ཆུ་ཐོན་སྲོག་ཆགས་ལ་དོ་སྣང་དང་གཅེས་སྐྱོང་བྱེད་ཚད་ཇེ་ཆེར་བཏང་ནས་སྲུང་སྐྱོང་བྱ་བར་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས།

2018ལོའི་ཟླ12པའི་ཚེས28ཉིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།