ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག

དོན་ཚན་དང་པོ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐར་ཕྱིན། ཏང་གི་འགན་འདྲིའི་བྱ་བ་ཚད་ལྡན་དང་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཆེད་དུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ལྟར་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་གི་འགན་འདྲིའི་བྱ་བས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”སྲ་བརྟན་དུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱི་ཁོག་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་སྤེལ་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་སྤེལ་བྱེད་པར་དམིགས་ནས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པར་འགན་འཁུར་འགན་ལེན་འགན་བསྟར་བྱེད་པར་སྐུལ་ལྕག་བཏང་ནས།བློ་དཀར་སེམས་གཙང་གི་འགན་ལེན་ལག་ལེན་དུ་འདེབས་དགོས།

དོན་ཚན་གསུམ་པ། ཏང་གི་འགན་འདྲིའི་བྱ་བས་གཤམ་གྱི་རྩ་དོན་འགའ་རྒྱུན་འཁྱོངས་བྱ་དགོས་ཏེ།

(གཅིག)ཁྲིམས་དང་སྒྲིག་ལམ་ལ་བསྟུན་ཞིང་དངོས་ཐོག་བདེན་འཚོལ་བྱེད་པ།

(གཉིས)འགན་ཤོར་བར་ངེས་པར་འདྲི་རྟོག་དང་འགན་དྲིས་ཚེ་ངེས་པར་ནན་མོ་བྱེད་པ།

(གསུམ)དབང་འགན་གཅིག་མཚུངས་དང་འཁྲུལ་འགན་འདྲ་མཚུངས་ཡིན་པ།

(བཞི)ནན་འཛིན་དང་བྱམས་སྐྱོང་ཟུང་འབྲེལ། སྐུལ་མ་དང་གཅུན་སྡོམ་ཟུང་འཛིན།

(ལྔ)སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ།

(དྲུག)ཐུན་མོང་གིས་ཐག་གཅོད་པ་དང་འགན་འཁྲི་གསལ་པོར་འབྱེད་པ།

དོན་ཚན་བཞི་པ། ཏང་ཨུས(ཏང་ཙུའུ)ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་ལག་བསྟར་བྱ་འོས་ལ། ས་གནས་དང་སྡེ་ཁག་དང་ལས་ཁུངས་རང་གི་འགན་འཁྲིའི་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་གི་འཛུགས་སྐྲུན་དང་ཏང་གི་ལས་དོན་ཁྲོད་ལས་འགན་འཐུས་ཤོར་བྱུང་བའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དང་མགོ་ཁྲིད་འགན་འཁྲི་བཅས་རྩད་གཅོད་པ།

སྒྲིག་ཨུས་ལྟ་སྐུལ་གྱི་ཆེད་འགན་ལག་བསྟར་དང་རིམ་པ་གཅིག་པའི་ཏང་ཨུས་འགན་འདྲིའི་བྱ་བ་སྤེལ་བར་རོགས་རམ་བྱེད་དགོས། སྒྲིག་ཨུས་མངགས་སྡོད(མངགས་པ)བྱ་ཡུལ་གྱི་ལས་ཁུངས་ཀྱིས་འགན་དབང་གི་ཚད་ལྟར་འགན་འདྲིའི་བྱ་བ་སྤེལ་བ།

ཏང་གི་ལས་དོན་སྡེ་ཁག་གིས་འགན་ནུས་ལྟར་ལྟ་སྐུལ་གྱི་འགན་དབང་ལག་བསྟར་བྱེད་པ་དང་། རང་སྡེ་ཁག་དང་རང་མ་ལག་དང་རང་ཁྱབ་ཁོངས་ཀྱི་འགན་འདྲིའི་བྱ་བ་ལག་བསྟར་བྱེད་པ།

དོན་ཚན་ལྔ་པ། འགན་འདྲི་བྱ་ཡུལ་ནི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པ་ཡིན་ལ། གཙོ་གནད་ནི་ཏང་ཨུ(ཏང་ཙུའུ)དང་ཏང་གི་བྱ་བའི་སྡེ་ཁག སྡེ་ཁག་གང་དེའི་མགོ་ཁྲིད་མི་སྣ། སྒྲིག་ཨུ་དང་སྒྲིག་ཨུས་མངགས་སྡོད(མངགས་པ)བྱ་ཡུལ་གྱི་ལས་ཁུངས་དང་དེའི་མགོ་ཁྲིད་མི་སྣ་བཅས་ཡིན།

དོན་ཚན་དྲུག་པ། འགན་འདྲི་བྱེད་པར་འགན་འཁུར་གསལ་པོར་འབྱེད་དགོས། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་ལ་འགན་དབང་གི་ཁྱབ་ཁོངས་སུ་ཕྱོགས་ཡོངས་མགོ་ཁྲིད་ཀྱི་འགན་འཁུར་ཡོད་ལ། མགོ་ཁྲིད་ཚན་ཁག་གི་འགན་འཛིན་པ་གཙོ་བོ་དང་དོ་དམ་གྱི་འགན་གཙོ་བོ་འཁུར་བའི་ཚན་མི་བཅས་ཀྱིས་འགན་དབང་གི་ཁྱབ་ཁོངས་ནས་མགོ་ཁྲིད་ཀྱི་འགན་གཙོ་བོ་འཁུར་དགོས། ཇུས་ཆོད་དང་བྱ་བར་ཞུགས་པའི་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་འགན་དབང་གི་ཁྱབ་ཁོངས་ནས་མགོ་ཁྲིད་གཙོ་བོའི་འགན་འཁུར་དགོས།

ཏང་རྩ་འཛུགས་ལ་འགན་འདྲི་བྱེད་པར། ཏང་རྩ་འཛུགས་གང་དེའི་འགན་འཁུར་བའི་མགོ་ཁྲིད་ཚན་ཁག་གི་མི་སྣ་ལ་ཡང་འགན་འདྲི་བྱེད་དགོས།

ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་རང་ཉིད་དངོས་འཇུག་དང་ལས་འགན་དངོས་སྟོན། བྱ་བར་དངོས་སུ་ཞུགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རང་སྟེང་ནས་གནད་དོན་འཚོལ་བ་དང་རྒྱུ་རྐྱེན་འཚོལ་བར་བརྩི་མཐོང་དང་། འགན་ལེན་པ་དང་འཁུར་ཕོད་པར་བྱེད་པ་ལས། འོག་རིམ་གྱི་ཏང་རྩ་འཛུགས་དང་ལས་བྱེད་པའི་སྟེང་ལ་འགན་ཁུར་འཕེན་མི་རུང་།

དོན་ཚན་བདུན་པ། ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དང་འགལ་བ། ལས་འགན་ལག་བསྟར་མི་བྱེད་པའམ་ཡང་ན་ཡང་དག་པས་ལག་བསྟར་མི་བྱེད་པ་ལ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན་འགན་འདྲི་བྱེད་དགོས།

(གཅིག) ཏང་གི་མགོ་ཁྲིད་ཞན་པ་དང“འདུ་ཤེས་བཞི”མི་དྲག་པ། “སྲུང་སྐྱོང་གཉིས”ཤུགས་དང་མི་ལྡན་པ། ཏང་གི་རྩ་བའི་རིགས་པའི་གཞུང་ལུགས་དང་རྩ་བའི་ལམ་ཕྱོགས། རྩ་བའི་བྱེད་ཐབས་བཅས་ལག་བསྟར་ནུས་ལྡན་བྱེད་མ་ཐུབ་པ། འཕེལ་རྒྱས་ཀྱི་བསམ་བློ་གསར་པ་ལག་ལེན་མཐར་ཕྱིན་དང་། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བྱེད་པའི་ཁྲོད་དུ། ནོར་འཛོལ་ཆེན་པོ་བྱུང་སྟེ་ཏང་གི་ལས་དོན་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པ་ཚབས་ཆེན་བཟོས་པ་དང་ཤན་ཤུགས་ངན་པ་བྱུང་བ།

(གཉིས) ཏང་གི་ཆབ་སྲིད་འཛུགས་སྐྲུན་བཟུང་བ་དོན་ལ་མི་གནས་པ་དང་། རྩ་དོན་གྱི་གནད་དོན་གལ་ཆེན་སྟེང་ཏང་ཀྲུང་དབྱང་དང་གཅིག་གྱུར་མ་བྱུང་བ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་པ་མ་འདང་བ། ལས་དོན་གལ་ཆེན་གྱི་དགོངས་ཞུ་དང་སྙན་ཞུའི་ལམ་ལུགས་མི་བརྩི་བ། བཀའ་བཞིན་ལག་བསྟར་མི་བྱེད་པ་དང་བཀག་བཞིན་མཚམས་མི་འཇོག་པ། ངོ་གཉིས་གཡོ་ཐབས་ཀྱིས་གོང་ལ་བསླུ་བ་དང་འོག་ལ་གསང་བ་དང་། ཚོགས་པ་སྒྲིག་པའི་གནད་དོན་འབུར་དུ་ཐོན་པ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དང་བདེ་ཐང་མིན་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་བའི་འགན་ལེན་ལམ་ལུགས་དོན་འཁྱོལ་བྱས་པ་དོན་ལ་མི་གནས་པ་བཅས་ཀྱིས་མཇུག་འབྲས་ཚབས་ཆེན་དང་ཤན་ཤུགས་ངན་པ་བྱུང་བ།

(གསུམ)ཏང་གི་བསམ་བློ་འཛུགས་སྐྲུན་ལ་འཐུས་ཤོར་བྱུང་བ་དང་། ཏང་གཤིས་སློབ་གསོ་དང་ནང་སྒོས་སུ་ཕུགས་འདུན་དང་དད་སེམས་ཀྱི་རྩ་དོན་སློབ་གསོ་རྣམ་པ་ཙམ་དུ་ལུས་ཏེ། འདུ་ཤེས་འཛིན་སྟངས་དང་བྱ་བའི་འགན་ཁུར་ལམ་ལུགས་དོན་ཐོག་ཏུ་མ་འཁྱོལ་བར་མཇུག་འབྲས་ངན་པ་དང་ཤན་ཤུགས་ངན་པ་བྱུང་བ།

(བཞི)ཏང་གི་རྩ་འཛུགས་འཛུགས་སྐྲུན་ཞན་པ་དང་། ཏང་འཛུགས་སྐྲུན་བྱ་བའི་འགན་ཁུར་ལམ་ལུགས་དོན་འཁྱོལ་མ་བྱས་པ། དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་རྩ་དོན་དང་འགལ་བ་ཚབས་ཆེན་བྱུང་བ། མགོ་ཁྲིད་ཚན་ཁག་གི་གྲོས་མོལ་ཇུས་ཆོད་སྒྲིག་སྲོལ་ལག་བསྟར་མི་བྱེད་པ། དམངས་གཙོ་འཚོ་བའི་ཚོགས་འདུ་དང“ཚོགས་གསུམ་ཐུན་གཅིག”སོགས་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་མི་བྱེད་པ། མགོ་ཁྲིད་ལས་བྱེད་པས་རང་གི་འབྲེལ་ཡོད་དོན་ཚན་སྙན་ཞུའི་ལམ་ལུགས་ལག་བསྟར་བྱས་པ་མི་འདང་བ། ཏང་རྩ་འཛུགས་ལ་སྒྲིག་ལམ་མེད་པར་གློད་ཆེ་བ་དང་། སྒྲིག་ལམ་དང་འགལ་བའི་ལས་བྱེད་པ་བསྐོ་འཇོག་སོགས་ཀྱི་གནད་དོན་འབུར་དུ་ཐོན་པས་ཤན་ཤུགས་ངན་པ་བྱུང་བ།

(ལྔ)ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལྷོད་པ་དང་། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ཞིབ་ཕྲའི་དགོངས་དོན་ལག་བསྟར་བྱས་པ་མི་འདང་བ། “སྤྱོད་ཚུལ་བཞིའི”གནད་དོན་ལ་བཅོས་སྐྱོང་ནུས་ལྡན་མ་ཐོབ་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབུར་དུ་ཐོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་བསམ་ཚུལ་མང་ལ་ཁ་ཕོ་ཆེ་བ། ལག་ལེན་ཉུང་ལ་དོན་འཁྱོལ་ཞན་པ།དངོས་ཡོད་དང་ཁ་བྲལ་བ། མང་ཚོགས་ལ་ཁ་བྲལ་བ། ནར་འགྱངས་ལས་ཐབས་ཀྱིས་དུས་འདའ་བ་དང་། དགོས་མེད་ཁ་རྩོད་ཀྱིས་འགན་གཡོལ་བར་བྱས་ཏེ་མཇུག་འབྲས་ངན་པ་བྱུང་བ།

(དྲུག)ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ནན་འཛིན་མི་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་སྲུང་སྐྱོང་བྱས་པ་མི་འདང་བས། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་མང་དུ་བྱུང་བ་དང་ཤན་ཤུགས་ངན་པ་བྱུང་བ།

(བདུན)ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་བློ་རྩ་མི་བརྟན་པ། ཉར་ཚད་ཇེ་ཉུང་དང་འཕར་ཚད་ཚོད་འཛིན་བྱས་པ་མི་འདང་བ། ནང་སྒོས་སུ་སྐྱུང་སྐུམ་མི་བྱེད་པ་དང་། གནད་དོན་ཐེར་འདོན་གྱི་ཁུངས་སྣེ་གཅིག་ལ་འདུས་པ་དང་མང་ཚོགས་ལ་བསམ་འཆར་ཆེ་བ། 

ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་གཅིག་ཏུ་འཛིང་བའི་རུལ་སུངས་གྱོད་དོན་བདག་མེད་དུ་བསྐྱུར་བ་སོགས་ཀྱིས་ཤན་ཤུགས་ངན་པ་བྱུང་བ།

(བརྒྱད) ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ་གཙོ་གཞིའི་འགན་འཁུར་དང་ལྟ་སྐུལ་འགན་འཁུར་དོན་ཐོག་ཏུ་མ་འཁྱོལ་བ། སྤྱི་དབང་དབང་ཆར་ལྟ་སྐུལ་དང་ཚོད་འཛིན་བྱས་པ་མི་འདང་བ། མི་བཟང་རིང་ལུགས་ཀྱི་ཁ་དར་བ་དང་འགན་འཁུར་དང་དུ་མི་ལེན་པ། ཏང་ནང་གི་ལྟ་སྐུལ་མི་འདང་བ། རྙེད་འོས་པའི་གནད་དོན་མི་རྙེད་པ་དང་གནད་དོན་རྙེད་ཀྱང་སྙན་ཞུ་དང་ཐག་གཅོད་མི་བྱེད་པ། མགོ་ཁྲིད་ཀྱིས་སྐོར་ལྟ་སྐོར་ཞིབ་བྱ་བ་སྤེལ་ཚད་མི་འདང་བ་དང་། སྐོར་ལྟ་སྐོར་ཞིབ་དང་ལེགས་བཅོས་བླང་བྱ་དོན་འཁྱོལ་བྱས་པ་རྣམ་པ་ཙམ་དང་དོན་ལ་མི་གནས་པ། འགན་འདྲི་བྱེད་འོས་པ་ལ་འགན་འདྲི་མི་བྱེད་པར་མཇུག་འབྲས་ཚབས་ཆེན་བྱུང་བ།

(དགུ)དོ་དམ་དང་ལྟ་སྐུལ་གྱི་ལས་འགན་ལག་བསྟར་བྱས་པ་མི་འདང་བ་དང་། ལས་འགན་གྱི་ཁྱབ་ཁོངས་ནས་བྱུང་བའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཚབས་ཆེན་དང་ཚོགས་པ་རང་བཞིན་གྱི་དོན་རྐྱེན། སྤྱི་པའི་བདེ་འཇགས་ཐད་ཀྱི་དོན་རྐྱེན་བྱུང་བ། ཡང་ན་དོན་རྐྱེན་དང་དོན་དག་ཚབས་ཆེན་གཞན་པ་བྱུང་ནས་གྱོང་གུད་ཚབས་ཆེན་དང་ཤན་ཤུགས་ངན་པ་བྱུང་བ།

(བཅུ) སློབ་གསོ་དང་སྨན་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྨན་རྫས་དང་ཟས་རིགས་བདེ་འཇགས། དབུལ་སྐྱོར་དབུལ་ཐར། སྤྱི་ཚོགས་འགན་སྲུང་སོགས་མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་ས་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐད་ཧུར་བརྩོན་མི་བྱེད་པ་དང་གང་འདོད་བྱེད་པ། ནར་འགྱངས་བྱེད་པ། རྫུན་ལས་བྱེད་པ་བཅས་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་དང་བཙན་ལེན་བྱས་པའི་གནད་དོན་ལེགས་བཅོས་མ་ཐོབ་པ། སྐད་ཆས་ཁྲིམས་ཀྱི་ཚབ་བྱེད་པ་དང་དབང་གིས་ཁྲིམས་མགོ་གནོན་པ། སྒེར་དོན་དུ་ཁྲིམས་དང་འགལ་བ་བཅས་ཀྱི་གནད་དོན་འབུར་དུ་ཐོན་པ། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཚབས་ཆེ་བས་ཤན་ཤུགས་ངན་པ་བྱུང་བ།

(བཅུ་གཅིག) འགན་འདྲི་བྱེད་འོས་པའི་འགན་ཤོར་གནས་ཚུལ་གཞན་དག

དོན་ཚན་བརྒྱད་པ། ཏང་རྩ་འཛུགས་ལ་འགན་འདྲི་བྱེད་པར། གནོད་འཚེའི་ཚད་དང་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་གཤམ་གྱི་བྱེད་སྟངས་སྤྱད་ཆོག་སྟེ།

(གཅིག) ཞིབ་བཤེར། ཡིག་ཐོག་ནས་ཞིབ་བཤེར་བྱེད་པའི་བཀའ་འབེབས་པར་མ་ཟད་དངོས་གནས་ལེགས་བཅོས་བྱེད་དུ་འཇུག་པ།

(གཉིས) བརྡ་ཁྱབ། ལེགས་བཅོས་བྱེད་པའི་བཀའ་འབེབས་པར་མ་ཟད་ཁྱབ་ཁོངས་ངེས་ཅན་གྱི་ནང་ནས་བརྡ་ཁྱབ་སྤེལ་བ།

(གསུམ) སྒྲིག་བཅོས། འགན་ལ་འཐུས་ཤོར་བྱུང་བ་དང་ཏང་གི་སྒྲིག་ཁྲིམས་དང་འགལ་བ་ཚབས་ཆེན་བྱུང་ཡང་རང་སྟེང་ནས་ཡོ་བསྲང་མི་ཐུབ་པ་ལ་སྒྲིག་བཅོས་ཀྱི་ཆད་པ་གཅོད་པ།

ཏང་གི་མགོ་ཁྲིད་ལས་བྱེད་པར་འགན་འདྲི་བྱེད་དུས། གནོད་འཚེའི་ཚད་དང་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་གཤམ་གྱི་བྱེད་སྟངས་སྤྱད་ཆོག་སྟེ།

(གཅིག)བརྡ་ཁྱབ། སྐྱོན་བརྗོད་ཚ་ནན་གཏོང་བ་དང་། ཡིག་ཐོག་གི་ཞིབ་བཤེར་དང་དངོས་གནས་ལེགས་བཅོས་གཏོང་བའི་བཀའ་འབེབས་པར་མ་ཟད། ཁྱབ་ཁོངས་ངེས་ཅན་གྱི་ནང་ནས་བརྡ་ཁྱབ་སྤེལ་བ།

(གཉིས)སྐུལ་ལྕག ཁ་བརྡ་དང་ཡང་ན་ཡིག་ཐོག་གི་རྣམ་པས་སྐུལ་ལྕག་གཏོང་བ།

(གསུམ)རྩ་འཛུགས་ཀྱིས་སྙོམ་སྒྲིག་དང་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་པ། ལས་འགན་འཐུས་ཤོར་བྱུང་ལ་གནོད་འཚེ་ཅུང་ཆེ་བ་དང་། ད་ལྟའི་ལས་འགན་འཁུར་བར་མི་འོས་པར། གནས་ཚུལ་ལ་གཞིགས་ནས་འགན་བླངས་ཏེ་ཞིབ་བཤེར་བྱེད་པ་དང་། ལས་འགན་སྙོམ་སྒྲིག་བྱེད་པ། ལས་གནས་ལས་འབུད་དུ་འཇུག་པ་དང་དབྱུང་བ། ལས་གནས་ཇེ་དམའ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱོད་པ།

(བཞི)སྒྲིག་ཁྲིམས་ཐག་གཅོད་བྱེད་པ། ལས་འགན་ལ་འཐུས་ཤོར་བྱུང་ལ་གནོད་འཚེ་ཆེ་བ་དང་། སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་འོས་པ་ལ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལྟར་སྒྲིག་ཁྲིམས་ཀྱི་འགན་འཁུར་རྩད་གཅོད་བྱེད་པ།

གོང་གི་འགན་འདྲི་བྱེད་སྟངས་དག་ནི་རེ་རེ་ལྟར་སྤྱད་ཆོག་ལ། གཏན་ཁེལ་ལ་གཞིགས་ནས་མཉམ་སྤྱོད་བྱས་ཀྱང་ཆོག འགན་འདྲིའི་བྱེད་སྟངས་ཐད་ཤུགས་རྐྱེན་ལ་བརྟག་པའི་ཡུན་གྱི་ཚད་བཀག་ཡོད་ན་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་དགུ་པ། སྲོལ་ཡིག་འདིའི་དོན་ཚན་བདུན་པའི་ནང་བཀོད་པའི་འགན་འདྲིའི་གནས་ཚུལ་ཡོད་པ་ཤེས་ནས། འགན་འདྲི་བརྟག་དཔྱད་བྱེད་དགོས་ན། དོ་དམ་དབང་ཚད་ཡོད་པའི་ཏང་ཨུ(ཏང་ཙུའུ)དང་སྒྲིག་ཨུ། ཏང་གི་བྱ་བའི་ལས་ཁུངས་བཅས་ཀྱིས་འགན་ཁུར་པ་གཙོ་བོས་ཆོག་མཆན་བཀོད་པ་བརྒྱུད། དུས་ཐོག་ཏུ་འགན་འདྲི་བརྟག་དཔྱད་བྱེད་མགོ་རྩོམ་དགོས།དེའི་ཁྲོད། སྒྲིག་ཁྲིམས་དང་ཏང་གི་བྱ་བའི་ལས་ཁུངས་ཀྱིས་རིམ་མཚུངས་ཏང་ཨུའི་ཐད་ཀར་མགོ་ཁྲིད་པའི་ཏང་རྩ་འཛུགས་དང་རྩ་འཛུགས་དེའི་འགན་ཁུར་པ་གཙོ་བོར་འགན་འདྲི་བརྟག་དཔྱད་བྱེད་མགོ་རྩོམ་ན། རིམ་མཚུངས་ཏང་ཨུའི་འགན་ཁུར་པ་གཙོ་བོར་ཞུས་ཏེ་ཆོག་མཆན་འགོད་དུ་འཇུག་དགོས།

འགན་འདྲི་བརྟག་དཔྱད་བྱེད་དགོས་ཀྱང་དུས་ཐོག་ཏུ་བྱེད་མ་ཐུབ་ན། གོང་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་དོ་དམ་བྱེད་དབང་ཡོད་པའི་ཏང་རྩ་འཛུགས་ལ་བཀའ་ཕབ་སྟེ་འགན་འདྲི་བརྟག་དཔྱད་བྱེད་དུ་འཇུག་དགོས། གནད་དོན་གྱི་ངོ་བོ་དང་ཡང་ན་བྱ་བའི་དགོས་མཁོར་གཞིགས་ཏེ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཐད་ཀར་འགན་འདྲི་བརྟག་དཔྱད་བྱས་ཆོག་ལ། ཏང་རྩ་འཛུགས་གཞན་པ་གཏན་ཁེལ་བྱས་ཏེ་འགན་འདྲི་བརྟག་དཔྱད་བྱེད་དུ་བཅུག་ཀྱང་ཆོག

གྱོད་ཐོ་བཀོད་དེ་ཞིབ་བཤེར་དགོས་པའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པར་འགན་འདྲི་བྱེད་ན། འགན་འདྲི་བརྟག་དཔྱད་ཀྱི་གོ་རིམ་བསྐྱར་དུ་ལག་བསྟར་བྱེད་མི་རུང་།

དོན་ཚན་བཅུ་པ། འགན་འདྲི་བརྟག་དཔྱད་ཀྱི་མགོ་བརྩམས་རྗེས། ངེས་པར་བརྟག་དཔྱད་ཚན་ཆུང་བཙུགས་ཏེ། སྒྲིག་སྲོལ་ཁྲིམས་སྲོལ་ལྟར་བརྟག་དཔྱད་བྱེད་དགོས་པ་དང་། ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པའི་ལས་འགན་འཐུས་ཤོར་བྱུང་བའི་གནད་དོན་རྩད་གཅོད་གསལ་པོ་བྱེད་ཅིང་། རང་གཞན་གཉིས་ཀའི་རྒྱུ་རྐྱེན་ལ་སྣ་སྒོ་མོ་ནས་བསམ་གཞིགས་བཏང་ཐོག ཏང་ཀྲུང་དབྱང་དང་ཡང་ན་གོང་རིམ་ནས་ཇུས་ཆོད་བཀོད་སྒྲིག་གནང་བའི་གོ་རིམ་ཁྲོད་ལག་བསྟར་འོས་འཚམ་མ་བྱས་པ་དང་ལག་བསྟར་བྱེད་ཤུགས་ཀྱིས་མི་འདང་བ། ལག་བསྟར་མི་བྱེད་པ་སོགས་གནད་དོན་འདྲ་མིན་ཡང་དག་སྒོས་སོ་སོར་དབྱེ་ནས་ལག་བསྟར་བྱེད་པ་དང་། གནད་ལ་ཁེལ་བའི་ཐག་གཅོད་བསམ་འཆར་བཏོན་ནས། དོན་དངོས་གསལ་ཐག་ཆོད་པ་དང་བདེན་དཔང་ཁུངས་བཙན་པ། ཁུངས་ལུང་གིས་འདང་བ། འགན་འཁྲི་གསལ་པོ་ཡིན་པ། གོ་རིམ་ལུགས་དང་མཐུན་པ། ཐག་གཅོད་འོས་ཤིང་འཚམ་པ་བཅས་ཡོང་བར་བྱས་ཏེ། འགན་འདྲི་ཤུགས་དང་མི་ལྡན་པ་དང་ཡང་ན་འགན་འདྲི་གཏིང་མི་ཟབ་པ་དང་སླ་བདེ་རུ་གཏོང་བ་ཅན་འགོག་དགོས།

དོན་ཚན་བཅུ་གཅིག་པ། བརྟག་དཔྱད་བྱ་ཡུལ་གྱི་ལས་འགན་འཐུས་ཤོར་བྱུང་བའི་གནད་དོན་རྩད་བཤེར་གསལ་པོ་བྱས་རྗེས། བརྟག་དཔྱད་ཚན་ཆུང་གིས་ངེས་པར་དུ་དོན་དངོས་ཀྱི་དཔྱད་གཞིའི་ཡིག་རིགས་འབྲི་དགོས་པ་དང་། བརྟག་དཔྱད་བྱ་ཡུལ་དང་ངོ་འཕྲད་དེ་དེས་ཞུ་འབུལ་དང་དག་འབུལ་བྱེད་པར་ཉན་པར་མ་ཟད། གྱོད་གཞིའི་ནང་འགོད་དགོས། བསམ་འཆར་ལུགས་མཐུན་ཡིན་ན་ངེས་པར་བསྡུ་ལེན་བྱེད་དགོས། བརྟག་དཔྱད་བྱ་ཡུལ་གྱིས་ངེས་པར་དོན་དངོས་དཔྱད་གཞིའི་ཡིག་རིགས་སྟེང་མིང་བཀོད་དེ་བསམ་འཆར་འབྲི་དགོས་པ་དང་། མིང་བཀོད་དེ་བསམ་འཆར་མི་འདྲ་བ་འདོན་པའམ་ཡང་ན་མིང་བཀོད་དེ་བསམ་འཆར་གཏན་ནས་མི་འབྲི་ན། བརྟག་དཔྱད་ཚན་ཆུང་གིས་ངེས་པར་གསལ་བཤད་བྱེད་པ་དང་ཡང་ན་རྒྱུ་མཚན་གསལ་པོར་བཤད་དགོས།

བརྟག་དཔྱད་བྱ་བ་མཇུག་རྫོགས་རྗེས།བརྟག་དཔྱད་ཚན་ཆུང་གི་ངེས་པར་ཐུན་མོང་གྲོས་བསྡུར་བྱས་ཏེ་བརྟག་དཔྱད་སྙན་ཞུ་འབྲི་དགོས་ལ། བརྟག་དཔྱད་བྱ་ཡུལ་གྱི་གཞི་རྩའི་གནས་ཚུལ་དང་བརྟག་དཔྱད་བྱེད་པའི་གཞི་འཛིན་ས། བརྟག་དཔྱད་གོ་རིམ། འགན་འདྲི་དོན་དངོས། བརྟག་དཔྱད་བྱ་ཡུལ་གྱི་རྣམ་འགྱུར། ངོས་ཟིན་དང་དག་འབུལ་བྱས་ཚུལ། ཐག་གཅོད་བསམ་འཆར་དང་དེའི་གཞི་འཛིན་ས་བཅས་གསལ་པོར་བྲིས་ཏེ། བརྟག་དཔྱད་ཚན་ཆུང་གི་ཚན་གཙོ་དང་འབྲེལ་ཡོད་མི་སྣས་མིང་བཀོད་རྗེས། ཆོག་མཆན་འགོད་པའི་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་བཅུ་གཉིས་པ། འགན་འདྲི་བྱེད་མིན་ནི་ངེས་པར་དོ་དམ་དབང་ཚད་ལྡན་པའི་ཏང་རྩ་འཛུགས་ཀྱིས་ཐག་གཅོད་དགོས།

རིམ་མཚུངས་ཏང་ཨུར་ཐད་ཀར་མགོ་ཁྲིད་པའི་ཏང་རྩ་འཛུགས་ལ་འགན་འདྲི་བྱེད་ན། སྒྲིག་ཨུ་དང་ཏང་གི་བྱ་བའི་ལས་ཁུངས་ཀྱིས་རིམ་མཚུངས་ཏང་ཨུ་དང་ཡང་ན་དེའི་འགན་ཁུར་པ་གཙོ་བོར་ཆོག་མཆན་འགོད་དུ་བཅུག་པ་བརྒྱུད། ཞིབ་བཤེར་དང་བརྡ་སྦྱོར་རྣམ་པས་འགན་འདྲི་བྱེད་ཆོག སྒྲིག་བཅོས་རྣམ་པས་འགན་འདྲི་བྱེད་ན།ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་དབང་ཚད་དང་གོ་རིམ་ལྟར་ལག་བསྟར་བྱེད་དགོས།

རིམ་མཚུངས་ཏང་ཨུས་དོ་དམ་བྱེད་པའི་མགོ་ཁྲིད་ལས་བྱེད་པར་འགན་འདྲི་བྱེད་ན། སྒྲིག་ཨུ་དང་ཏང་གི་བྱ་བའི་ལས་ཁུངས་ཀྱིས་རིམ་མཚུངས་ཏང་ཨུ་དང་ཡང་ན་དེའི་འགན་ཁུར་པ་གཙོ་བོར་ཆོག་མཆན་འགོད་དུ་བཅུག་པ་བརྒྱུད། བརྡ་ཁྱབ་སྤེལ་བ་དང་ཐ་ཚིག་སྒྲོག་པའི་རྣམ་པས་འགན་འདྲི་བྱེད་ཆོག རྩ་འཛུགས་ཀྱིས་ལེགས་སྒྲིག་དང་རྩ་འཛུགས་ཀྱིས་ཐག་གཅོད་པའི་བསམ་འཆར་འདོན་དགོས། སྒྲིག་ཁྲིམས་ཆད་གཅོད་རྣམ་པས་འགན་འདྲི་བྱེད་ན། ཏང་གི་སྒྲིག་ཡིག་དང་འབྲེལ་ཡོད་ཏང་ནང་གི་ཁྲིམས་སྲོལ་གཏན་འབེབས་ཀྱི་དབང་ཚད་དང་གོ་རིམ་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གསུམ་པ། འགན་འདྲི་བྱ་རྒྱུ་ཐག་བཅད་རྗེས། ངེས་པར་དུས་ཐོག་ཏུ་འགན་འདྲི་བྱ་ཡུལ་གྱི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པ། དེ་མིན་དེ་དག་གནས་སའི་ཏང་རྩ་འཛུགས་ལ་ཁྱབ་སྒྲོག་བྱེད་པར་མ་ཟད་ལག་བསྟར་བྱེད་པར་སྐུལ་དགོས། འབྲེལ་ཡོད་འགན་འདྲི་གནས་ཚུལ་སྒྲིག་ཨུ་དང་རྩ་འཛུགས་སྡེ་ཁག་ལ་ཞུ་དགོས་པ་དང་། སྒྲིག་ཨུས་འགན་འདྲི་ཆོད་དོན་གྱི་དཔྱད་གཞིའི་ཡིག་རིགས་དེ་འགན་འདྲི་བྱ་ཡུལ་གྱི་མགོ་ཁྲིད་ལས་བྱེད་པའི་སྲིད་གཙང་ཡིག་ཚགས་ནང་འཇོག་པ་དང་། རྩ་འཛུགས་སྡེ་ཁག་གིས་འགན་འདྲི་ཆོད་དོན་གྱི་དཔྱད་གཞིའི་ཡིག་རིགས་དེ་འགན་འདྲི་བྱ་ཡུལ་གྱི་མགོ་ཁྲིད་ལས་བྱེད་པའི་མི་དོན་ཡིག་ཚགས་ནང་འཇོག་པར་མ་ཟད། གོང་རིམ་རྩ་འཛུགས་སྡེ་ཁག་ལ་འཆར་ཟིན་འགོད་པར་སྤྲོད་དགོས། རྩ་འཛུགས་ཀྱིས་ལེགས་སྒྲིག་དང་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་དགོས་པ་དང་འབྲེལ་ན། འབྲེལ་ཡོད་འགྲོ་ལུགས་དེ་ངེས་པར་ཟླ1གི་ནང་ཚུན་དུ་བསྒྲུབ་ཚར་དགོས།

འགན་འདྲི་བྱ་ཡུལ་གྱི་མགོ་ཁྲིད་ལས་བྱེད་པས་འགན་འདྲི་བྱ་རྒྱུ་ཐག་བཅད་པའི་ཏང་རྩ་འཛུགས་ལ་ཡིག་ཐོག་ནས་སྐྱོན་བརྗོད་ཡི་གེ་འབྲི་དགོས་པར་མ་ཟད། དམངས་གཙོ་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུ། ཡང་ན་ཏང་གི་ཚོགས་འདུ་གཞན་པའི་སྟེང་སྐྱོན་ཞིབ་ནན་མོ་བྱེད་དགོས། འགན་འདྲི་དཔེ་མཚོན་གནད་དོན་བརྡ་ཁྱབ་སྤེལ་ནས་མཚང་འབྱིན་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རྩ་འཛུགས་ཀྱིས་ལེགས་སྒྲིག་དང་ཡང་ན་རྩ་འཛུགས་ཀྱིས་ཐག་གཅོད་པ། སྒྲིག་ཁྲིམས་ཆད་གཅོད་རྣམ་པས་འགན་འདྲི་བཅས་བྱེད་དགོས་ན། རྣམ་པ་འོས་འཚམ་སྤྱད་དེ་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་བཅུ་བཞི་པ། འགན་འདྲི་བྱ་ཡུལ་གྱི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པ། དེ་མིན་དེ་དག་གནས་སའི་ཏང་རྩ་འཛུགས་ཀྱིས་བསླབ་བྱ་བསྡུ་ལེན་དང་དག་ཐེར་བྱེད་ཐབས་གསལ་པོར་བྱེད་དགོས། འགན་འདྲི་བྱ་རྒྱུ་ཐག་བཅད་པའི་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་འདེད་སྐུལ་བྱེད་པར་ཤུགས་སྣོན་པ་དང་། གྱོད་དོན་ལ་བརྟེན་ནས་བཅོས་བསྒྱུར་མདུན་དུ་སྐུལ་བར་སྐུལ་འདེད་གཏོང་དགོས།

དོན་ཚན་བཅོ་ལྔ་པ། འགན་འདྲི་བྱ་ཡུལ་ལ་སྲིད་དོན་ཆད་གཅོད་དང་ཡང་ན་ཐག་གཅོད་གཞན་པ་བྱེད་དགོས་ན། འགན་འདྲི་བྱ་རྒྱུ་ཐག་བཅད་པའི་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་བརྡ་ཁྱབ་སྤེལ་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐག་གཅོད་པར་མ་ཟད་མཇུག་འབྲས་བརྡ་ཁྱབ་སྤེལ་བ་དང་ཡང་ན་འགན་འདྲི་བྱ་རྒྱུ་ཐག་བཅད་པའི་ཏང་རྩ་འཛུགས་ལ་སྙན་སེང་ཞུ་དགོས།

དོན་ཚན་བཅུ་དྲུག་པ། ཚེ་གང་བོར་འགན་འདྲི་ལག་བསྟར་བྱེད་པ་དང་། ལས་འགན་ལ་འཐུས་ཤོར་བྱུང་བའི་ངོ་བོ་ངན་པ་དང་མཇུག་འབྲས་ཚབས་ཆེན་ཡིན་ན། དེའི་འགན་ཁུར་པས་ལས་རྐང་བསྒྱུར་མིན་དང་གོ་ས་ཇེ་མཐོར་བཏང་བའམ་ཡང་ན་ལས་འཁྱུར་ངལ་གསོ་བྱས་མིན་སོགས་གང་ཡིན་ཡང་། ངེས་པར་འགན་འདྲི་ནན་མོ་བྱེད་དགོས།

དོན་ཚན་བཅུ་བདུན་པ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། འགན་འདྲི་མི་བྱེད་པའམ་ཡང་ན་འགན་འདྲི་མེད་པར་བཟོས་ཆོག

(གཅིག) བཅོས་བསྒྱུར་སྐུལ་སྤེལ་བྱེད་པའི་ཁྲོད་ཉམས་མྱོང་མ་འདང་བ་དང་ལག་བསྟར་བྱེད་ཞོར་དང་ཚོད་ལྟ་བྱེད་ཞོར་ལ་ནོར་འཛོལ་བྱུང་བ། ཚོད་འཛིན་གསལ་པོ་བྱས་མེད་པའི་འཚོལ་ཞིབ་རང་བཞིན་གྱི་ཚོད་ལྟའི་ཁྲོད་ནོར་འཛོལ་བྱུང་བ་ལས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བསམ་བཞིན་མ་ཡིན་པའི་ནོར་འཛོལ་བྱུང་བ།

(གཉིས) ཐུན་མོང་ཇུས་ཆོད་ཁྲོད་ནོར་འཁྲུལ་ཅན་གྱི་ཇུས་ཆོད་ལ་མངོན་གསལ་གྱིས་རྒོལ་བའི་བསམ་འཆར་འདོན་པ་དང་ཡང་ན་བསམ་འཆར་སོར་ཉར་བྱེད་པ།

(གསུམ) ཇུས་ཆོད་ལག་བསྟར་བྱེད་པའི་ཁྲོད་འགན་འཁྲི་གང་ལེགས་ཀྱིས་འཁུར་ནའང་། རྒོལ་ཐབས་བྲལ་བ་དང་སྔོན་དཔག་བྱེད་དཀའ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་གྱོང་གུད་བཟོས་པ།

གོང་རིམ་གྱི་ནོར་འཁྲུལ་ཅན་གྱི་ཆོད་དོན་ལ་ཡོ་བསྲང་དང་ཡང་ན་མེད་པར་བཟོ་བའི་བསམ་འཆར་བཏོན་པ་དེ་བསྡུ་ལེན་མ་བྱས་པ་ལས། སྲོལ་ཡིག་འདིའི་དོན་ཚན་བདུན་པའི་ནང་བཀོད་པའི་འགན་འདྲི་གནས་ཚུལ་བྱུང་ན། དོན་ཚན་དེའི་གཏན་འབེབས་བཞིན་ཐག་གཅོད་དགོས། གོང་རིམ་གྱི་ནོར་འཁྲུལ་ཅན་གྱི་ཆོད་དོན་ལ་མངོན་གསལ་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་ཡོད་ན།དེ་འབྲེལ་གྱི་འགན་འཁྲི་འཁུར་དགོས།

དོན་ཚན་བཅོ་བརྒྱད་པ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། འགན་འདྲི་ཇེ་ཡང་དང་ཡང་ན་ཇེ་ཉུང་དུ་བཏང་ཆོག

(གཅིག)དུས་ཐོག་ཏུ་ཡོ་བསྲང་བྱེད་པའི་བྱེད་ཐབས་སྤྱད་དེ། གྱོང་གུད་མེད་པར་བཟོས་པའམ་ཡང་ན་ཤན་ཤུགས་ངན་པ་མེད་པར་བཏང་བ།

(གཉིས)འགན་འདྲི་བརྟག་དཔྱད་བྱ་བར་རམ་འདེགས་གང་ལེགས་བྱས་ཏེ། རང་འགུལ་གྱིས་འགན་འཁྲི་འཁུར་བ།

(གསུམ)ཏང་ནང་གི་ཁྲིམས་སྲོལ་ནང་འགན་འདྲི་ཇེ་ཡང་དང་ཇེ་ཉུང་དུ་གཏོང་བའི་གཏན་འབེབས་གཞན་དག་ཡོད་པ།

དོན་ཚན་བཅུ་དགུ་པ། གཤམ་གྱི་གནས་ཚུལ་ལས་གཅིག་ཡོད་ན། འགན་འདྲི་ཇེ་མང་དང་ཇེ་ལྗིད་དུ་གཏོང་དགོས།

(གཅིག)ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱིས་ཡང་དང་བསྐྱར་དུ་གསལ་སྟོན་དང་བླང་བྱ་བཏོན་ཡང་། ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་བྱེད་ཤུགས་མི་འདང་བ།

(གཉིས)འགན་འདྲི་བརྟག་དཔྱད་དང་ལེན་དང་ཐག་གཅོད་བྱེད་པའི་ཁྲོད། གནས་ཚུལ་ཇི་བཞིན་དུ་མི་ཞུ་བ་དང་། སྐབས་འཕྲལ་ཁུངས་འཁྱོལ་ཙམ་བྱེད་པ། འགན་འཁྲི་ལ་གཡོ་བ་བཅས་དང་། ཡང་ན་འབྲེལ་ཡོད་སྡེ་ཁག་དང་མི་སྣར་འཇིགས་སྐུལ་དང་གཏམ་མེད་ཁས་ལེན་བྱེད་དུ་བཅུག་ནས་མི་བདེན་རྫུན་བཟོ་བྱེད་པ་དང་། འགན་འདྲི་བྱ་བར་གེགས་རྐྱེན་བཟོ་བ།

(གསུམ) ཏང་ནང་གི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འདྲི་ཇེ་མང་དང་ཇེ་ལྗིད་དུ་གཏོང་བའི་གནས་ཚུལ་གཞན་དག

དོན་ཚན་ཉི་ཤུ་པ། འགན་འདྲི་བྱ་ཡུལ་དེ་འགན་འདྲི་ཐག་གཅོད་ལ་འཐད་པ་མི་བྱུང་ན། རང་ཉིད་ལ་འགན་འདྲི་ཐག་གཅོད་ཡི་གེ་འབྱོར་བའི་ཉིན་ནས་ཟླ1གི་ནང་ཚུན་དུ། འགན་འདྲི་ཐག་གཅོད་བྱས་པའི་ཏང་རྩ་འཛུགས་ལ་ཡིག་ཐོག་ནས་རྒྱུ་མཚན་ཞུ་འབུལ་བྱེད་ཆོག འགན་འདྲི་ཐག་གཅོད་བྱས་པའི་ཏང་རྩ་འཛུགས་ལ་ཡིག་ཐོག་གི་རྒྱུ་མཚན་ཞུ་འབུལ་འབྱོར་རྗེས། ཟླ1གི་ནང་ཚུན་དུ་རྒྱུ་མཚན་ཞུ་འབུལ་བྱས་པ་ཐག་གཅོད་པར་མ་ཟད། ཡིག་ཐོག་ནས་ཞུ་འབུལ་བྱེད་མཁན་གྱི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པ། དེ་མིན་དེ་གནས་སའི་ཏང་རྩ་འཛུགས་བཅས་ལ་བརྡ་རྒྱག་དགོས།

ཞུ་འབུལ་བྱེད་པའི་སྐབས་སུ། འགན་འདྲི་ཐག་གཅོད་ལག་བསྟར་བྱེད་པའི་མཚམས་འཇོག་མི་རུང་།

དོན་ཚན་ཉེར་གཅིག་པ། འགན་འདྲི་བྱ་རྒྱུ་ཐག་བཅད་རྗེས། འགན་འདྲིའི་དོན་དངོས་ངོས་བཟུང་བ་གསལ་པོ་མིན་པ་དང་། བདེན་དཔང་གི་ཁུངས་མི་བཙན་པ། ཁུངས་ལུང་གིས་མི་འདང་བ། འགན་འཁྲི་གསལ་པོ་མིན་པ། གོ་རིམ་ལུགས་མཐུན་མིན་པ། ཐག་བཅད་པ་འོས་འཚམ་མིན་པ་བཅས་དང་། ཡང་ན་འགན་འདྲི་བྱ་མི་འོས་པ་དང་འགན་འདྲི་གནད་ལ་ཁེལ་མེད་པའི་གནས་ཚུལ་གཞན་དག་ཡོད་ཕྱིན། དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། དགོས་ངེས་ཀྱི་སྐབས་སུ། གོང་རིམ་ཏང་རྩ་འཛུགས་ཀྱིས་ཐད་ཀར་ཡོ་བསྲང་བྱེད་པའམ་ཡང་ན་འགན་འདྲི་བྱ་རྒྱུ་ཐག་བཅད་པའི་ཏང་རྩ་འཛུགས་ལ་ཡོ་བསྲང་བྱ་རྒྱུའི་བཀའ་ཕབ་ཆོག

ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་གང་འདོད་དུ་འགན་འདྲི་བྱེད་པ་དང་། ཡང་ན་འགན་འདྲི་བྱེད་པའི་ཁྲོད་འགན་མ་ཁུར་པར་ཤན་ཤུགས་ངན་པ་བཟོས་ན། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།

དོན་ཚན་ཉེར་གཉིས་པ། འགན་འདྲི་བྱ་ཡུལ་གྱི་ལས་བྱེད་པར་རྣམ་འགྱུར་ལེགས་པོ་འཛིན་དགོས་པ་དང་། ཤུགས་རྐྱེན་ལ་བརྟག་པའི་དུས་ཡུན་ལོངས་རྗེས། ཆ་རྐྱེན་དང་མཐུན་ན། ལས་བྱེད་པ་བསྐོ་གཞག་གི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་དགོས།

དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདི་དང་འབྲེལ་བའི་ཞིབ་མཆན་འགོད་པའི་དབང་ཚད་ཅེས་པ་ནི་མ་མཐའི་ཞིབ་མཆན་འགོད་པའི་དབང་ཚད་ལ་བསྟན་པ་དང་། བྱ་བའི་ཁྲོད་དགོས་མཁོ་ལྟར་དེ་ལས་མཐོ་བའི་ཞིབ་མཆན་འགོད་པའི་དབང་ཚད་ལྟར་ཞིབ་བཤེར་ཆོག་མཆན་འགོད་དུ་བཅུག་ཆོག

དོན་ཚན་ཉེར་བཞི་པ། སྒྲིག་བཤེར་མངག་གཏོང་བཅའ་སྡོད(མངག་གཏོང་ཁང)ལས་ཁུངས་ཀྱིས་སྲོལ་ཡིག་འདི་ལག་བསྟར་བྱེད་པ་ལས་གཞན། ད་དུང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་བཤེར་གྱི་འབྲེལ་ཡོད་གཏན་འབེབས་ཀྱང་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་ལྔ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་འབྲེལ་ཡོད་གཏན་འབེབས་བཟོས་ཆོག

དོན་ཚན་ཉེར་དྲུག་པ། སྲོལ་ཡིག་འདིར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་རྒྱག་པའི་འགན་འཁུར་དགོས།

དོན་ཚན་ཉེར་བདུན་པ། སྲོལ་ཡིག་འདི2019ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་ཡིན། 2016ལོའི་ཟླ7པའི་ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲི་སྲོལ་ཡིག》དུས་མཚུངས་སུ་མེད་པར་བཟོས་པ་ཡིན། ཡར་སྔོན་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་འགན་འདྲིའི་སྐོར་གྱི་གཏན་འབེབས་ནང་སྲོལ་ཡིག་འདི་དང་མི་མཐུན་ས་ཡོད་ན། སྲོལ་ཡིག་འདི་ལྟར་ལག་བསྟར་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།