ཀྲུང་གོ་བོད་ཀྱི་དྲ་བ།

འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས་ཐུན་མོང་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  མིག་སྔར། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཚོགས་འདུ་འཚོགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་ཏུ་གནང་བའི་གསུང་བཤད་གལ་ཆེན་ལས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། གནས་བབ་གསར་པའི་འོག་ཏུ་འཐབ་ཕྱོགས་གཅིག་གྱུར་སྤེལ་དགོས་མིན་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྣམ་པ་གང་ཞིག་མཁོ་བ། འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་དག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད་ལ། དེ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མཛུབ་སྟོན་གནང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་ཕྱོགས་སོ་སོ་ཏན་ཏིག་བསྒྲུབས་ནས། ཁྱབ་རྒྱ་ཆེས་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། “ཁྱོན་ཡོངས་བཞིའི་”འཐབ་ཇུས་ཀྱི་སྒྲིག་བཀོད་ལ་སྐུལ་འདེད་གཏོང་བ་དང་། “ལོ་ངོ་བརྒྱ་ཁྲག་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

  མིའི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་ལ། མཐུན་སྒྲིལ་ནི་ཡུན་གཏན་གྱི་བརྗོད་བྱ་ཞིག་ཡིན། བློ་ཕྱོགས་གཏད་མིན་དང་སྟོབས་ཤུགས་བསྡུར་ཚད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་འགྲུབ་ཐུབ་མིན་ཐག་གཅོད་གཏོང་བྱེད་ཀྱི་འགག་རྩར་གྱུར་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་བའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཡིན་ལ། མིའི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གནས་བབ་གལ་ཆེན་ཞིག་ཏུ་བཞག་ཡོད་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་ཚད་སྐུལ་སློང་བྱས་ནས། ཏང་དང་མི་དམངས་ཀྱི་ལས་དོན་མུ་མཐུད་དུ་འཕེལ་རྒྱས་གཏོང་བར་ཕན་ལྡན་གྱི་ཆ་རྐྱེན་ལེགས་པོ་བསྐྲུན་དགོས་”ཞེས་བསྟན་ཡོད། ད་ལྟ། རང་རེའི་ཏང་གནས་པའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་མདུན་དུ་ལྷགས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ། ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དབང་བའི་ལམ་ལུགས་ཀྱི་རྣམ་པ་དང་སྤྱི་ཚོགས་ཀྱི་རིམ་གྲས། སྤྱི་ཚོགས་ཀྱི་བསམ་བློའི་འདུ་ཤེས་བཅས་སྔར་བས་སྣ་མང་དུ་གྱུར་ཡོད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་གནས་ཚུལ་དང་གནད་དོན་གསར་པ་མང་པོ་འཕྲད་འདུག དུས་མཚུངས་སུ། བློ་མཐུན་ཁ་ཤས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལ་མཐོང་ཆེན་མི་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བསྒྲུབ་མི་ཤེས་པའི་གནད་དོན་ཀྱང་ཅུང་འབུར་ཐོན་དུ་གྱུར་ཡོད་པ་རེད། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་སྔར་བས་ལེགས་པོ་ཇི་ལྟར་སྤེལ་རྒྱུ་དང་། མཐུན་སྒྲིལ་གྱི་ཁྱབ་རྒྱ་སྔར་བས་ཇེ་ཆེར་ཇི་ལྟར་གཏོང་རྒྱུ། ནུས་ཤུགས་བཟང་པོ་ཇི་ལྟར་གཅིག་སྡུད་བྱེད་རྒྱུ་བཅས་ནི་ངེས་པར་དུ་ལན་འདེབས་དགོས་པའི་བརྗོད་གཞི་གལ་ཆེན་ཞིག་རེད། འགྱུར་ལྡོག་ཇི་ཙམ་ཆེ་ན་འཐབ་ཕྱོགས་གཅིག་གྱུར་གྱི་འཕེལ་རྒྱས་དེ་བས་ལེགས་པོ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་བས་ལེགས་པོར་སྤེལ་དགོས།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལས་གནས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁ་ཕྱོགས་གསལ་པོ་བསྟན་པ་རེད། གཅིག་ནི། ངེས་པར་དུ་ཆོས་ཉིད་ཁོང་དུ་ཆུད་པ་དང་། རྩ་དོན་རྒྱུན་འཁྱོངས་བྱེད་པ། ཐབས་ཤེས་དང་དོད་བྱེད་དགོས་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཆེས་གཞི་རྩ་ཡིན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁྲོད་སྲིད་ཇུས་དང་བྱེད་ཐབས་ཁག་གིས་ཏང་གི་འགོ་ཁྲིད་གོ་གནས་དང་སྲིད་སྐྱོང་གོ་གནས་མཐའ་འཁྱོངས་དང་སྲ་བརྟན་གཏོང་རྒྱུར་ཕན་ཐོགས་དགོས། ངེས་པར་དུ་གསལ་སྟོན་བྱ་རྒྱུ་སྟེ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་དེ་གཙོ་བོ་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་ལ། མངོན་ཚུལ་གཙོ་བོ་ནི་ཏང་ཨུ་ཡིའི་འགོ་ཁྲིད་ཡིན་པ་ལས་སྡེ་ཚན་གྱི་འགོ་ཁྲིད་མ་ཡིན་པ་དང་། ཐུན་མོང་གི་འགོ་ཁྲིད་བྱེད་པ་ལས་མི་སྒེར་གྱི་འགོ་ཁྲིད་མ་ཡིན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མནའ་མཐུན་གྱི་ཁེ་ཕན་ལ་བརྩི་འཇོག་དང་སྲུང་སྐྱོང་། ལྟ་རྟོག་བཅས་བྱས་ཏེ། ཏང་ཕྱི་མི་སྣའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ། འདི་ནི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལ་འགོ་ཁྲིད་མངོན་འགྱུར་ཡོང་བའི་གལ་ཆེའི་ཆ་རྐྱེན་ཡིན། གཉིས་ནི། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཉིས་ཀྱི་འབྲེལ་བ་ངེས་པར་དུ་ཐག་གཅོད་ཡང་དག་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ནི་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཉིས་ཀྱི་གཅིག་འདུའི་ཕུང་པོ་ཞིག་ཡིན་ཏེ། གཅིག་མཐུན་རང་བཞིན་ཁོ་ན་ལས་སྣ་མང་རང་བཞིན་མེད་པའམ་ཡང་ན་སྣ་མང་རང་བཞིན་ལས་གཅིག་མཐུན་རང་བཞིན་མེད་གྱུར་ན་འཐབ་ཕྱོགས་གཅིག་གྱུར་རང་ཚུགས་མི་ཐུབ་ལ་འཕེལ་རྒྱས་ཀྱང་གཏོང་མི་ཐུབ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཉིས་ནི་གཏན་ནས་འགྱུར་བ་མེད་པ་ཞིག་མ་ཡིན་པར། དེ་ནི་ལོ་རྒྱུས་ལྡན་པ་དང་ཞིབ་ཕྲ་ལྡན་པ། འཕེལ་རྒྱས་ལྡན་པ་ཞིག་ཡིན། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཉིས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱ་ཐུབ་པའི་གནད་འགག་ནི་མཐུན་ས་འཚོལ་སྙེག་དང་མི་མཐུན་ས་སོར་འཇོག་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། ཕྱོགས་གཅིག་ནས། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་དུ་སྲ་བརྟན་གཏོང་རྒྱུ་སྟེ། ད་ཡོད་ཀྱི་ཐུང་མོང་ལྟ་བ་སྲ་བརྟན་དུ་གཏོང་བ་དང་ཐུན་མོང་ལྟ་བ་གསར་པ་ཆགས་རྒྱུ་སྐུལ་འདེད་གཏོང་རྒྱུའང་འདུས། དེ་ནི་རྨང་གཞི་དང་སྔོན་འགྲོ་ཡིན། ཕྱོགས་གཞན་ཞིག་ནས། དམངས་གཙོ་དར་སྤེལ་གང་ལེགས་དང་ཁྱད་པར་ལ་བརྩི་འཇོག་དང་བཟོད་སྒོམ་བྱེད་དགོས། ཆབ་སྲིད་ཀྱི་མ་མཐའི་མཚམས་ཐིག་དེ་གཡོ་འགུལ་གཏོང་མི་རུང་། སྣ་མང་རང་བཞིན་ལ་ངང་རིང་བ་དང་ཞིབ་ཚགས་པའི་ལས་ཀ་བརྒྱུད་ནས་སྤྱིའི་བགོ་གྲངས་ཆེས་ཆེ་ཤོས་འཚོལ་ཅི་ཐུབ་བྱེད་དགོས། ཆབ་སྲིད་ཀྱི་མ་མཐའི་མཚམས་ཐིག་གི་སྒོར་དབྱིབས་འདི་བརྟན་སྲུང་བྱས་ཏེ། བཟོད་སྒོམ་གྱི་སྣ་མང་རང་བཞིན་གྱི་ཚངས་ཕྱེད་དེ་ཅི་ཙམ་རིང་ན། དེ་ལ་བྲིས་པའི་སྒོར་དབྱིབས་དེ་དེ་ཙམ་ཆེ་བ་ཡིན། གསུམ་ནི། ངེས་པར་དུ་མཐུན་འབྲེལ་དང་གྲོགས་སྒྲིག་མཁས་པོ་བྱེད་དགོས། མཐུན་འབྲེལ་གྲོགས་སྒྲིག་ནི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གལ་ཆེའི་ནང་དོན་ཡིན་ལ། བྱེད་སྟངས་གལ་ཆེན་ཀྱང་ཡིན། མཐར་གཏུགས་ནས་བཤད་ན། འཐབ་ཕྱོགས་གཅིག་གྱུར་ནི་མི་ཞིག་ཇི་ལྟར་བྱེད་པའི་ལས་ཀ་ཞིག་ཡིན་པ་དང་། ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐད་ནས་བརྗོད་ན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པོ་བསྒྲུབས་ཡོད་མེད་དེ། འབྲེལ་བ་ཚུགས་པའི་གྲོགས་པོ་མང་ཉུང་དང་། ཚད་ལྡན་ཡིན་མིན། འབྲེལ་བ་གཏན་མིན་བཅས་ལ་བལྟ་དགོས། ཏང་ཕྱིའི་མི་སྣར་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་བགྲོ་གླེང་། ཕན་ཚུན་རོགས་རེས་བྱེད་དགོས་ཤིང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ། ཡིད་གཏད་བཅས་བྱས་ནས། རང་འདོད་ལྟར་ཕ་རོལ་གྱི་ལ་རྒྱ་ལ་མི་གནོད་པ་དང་གནོན་ཤུགས་མི་འདོན་པ་བྱེད་དགོས།

  གནས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པོ་བསྒྲུབ་པར་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་མོའི་བརྗོད་གཞི་དེ་ཁོང་དུ་བརྟན་པོར་ཆུད་དགོས། མིག་སྔར། རང་རེའི་ཏང་གིས་འགོ་ཁྲིད་བྱས་པའི་འཐབ་ཕྱོགས་གཅིག་གྱུར་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་མཁན། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་བྱེད་པའི་རྒྱལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་བརྩི་བཀུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་འབད་བརྩོན་བྱེད་པའི་རྒྱལ་གཅེས་པ་བཅས་ཀྱི་རྒྱ་ཆེའི་མནའ་འབྲེལ་དུ་འཕེལ་རྒྱས་ཕྱིན་ཡོད། ཕྱོགས་འདི་དག་གི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བྱས་ཏེ། ཧུར་ཐག་སྒོས་སྲིད་ཏང་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ན། ད་གཟོད་ང་ཚོའི་བྱ་གཞག་ལ་རྨང་གཞི་སྔར་བས་བརྟན་པོ་བཏིང་ཐུབ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ལས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་གཞི་རྩའི་བླང་བྱ་མངོན་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་རེད། དམངས་གཙོའི་ཏང་ཤོག་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ནང་ཞུགས་པའི་ཏང་ཡིན་པའི་ངོ་བོ་དེ་ཡང་དག་པར་ཁོང་དུ་ཆུད་དགོས་ཤིང་། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་སྲིད་ཞུགས་སྲིད་གྲོས་དང་དམངས་གཙོའི་ལྟ་སྐུལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཆབ་སྲིད་གྲོས་མོལ་དུ་ཞུགས་དགོས། ཏང་ཕྱིའི་ཤེས་ཡོན་ཅན་སྐོར་གྱི་ལས་དོན་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་ཡིན། མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཧུར་ཐག་སྒོས་དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་ཁྲོད་ཀྱི་ཏང་ཕྱིའི་ཤེས་ཡོན་ཅན་གྱི་ལས་དོན་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་ལས་དོན་ལེགས་པོར་སྤེལ་བ་དང་། སྨྱན་སྦྱོར་གསར་པའི་ཁྲོད་འཐུས་ཚབ་རང་བཞིན་གྱི་མི་སྣའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་བདེ་ལེགས་ངང་གོང་དུ་འཕེལ་བ་དང་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གཉེར་སྐྱོང་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། མཐུན་སྒྲིལ་དང་ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལག་པ་གཅིག་གིས་བསྔགས་སྐུལ་དང་རོགས་སྐྱོར་བྱེད་པ་དང་། ལག་པ་གཅིག་ནས་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ངང་མི་རིགས་ཀྱི་གནད་དོན་ཐག་གཅོད་གཏོང་བའི་འགྲོ་ལམ་ཡང་དག་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ། འཆམ་མཐུན་གོང་འཕེལ་ཡོང་རྒྱུ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་སྤྱི་ཚོགས་ཀྱི་ནུས་པའི་ངོ་བོ་ཉིས་བརྩེགས་ཀྱི་ཆོས་ཉིད་དམ་འཛིན་ཡང་དག་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཁྲིད་སྟོན་གྱིས་ཕན་ཚུན་འོས་བསྟུན་ཡོང་བར་བྱེད་པ། ཨའོ་མེན་གྱི་ལས་དོན་དང་ཐའེ་ཝན་སྐོར་གྱི་ལས་དོན། ཕྱིར་སྡོད་རང་མིའི་ལས་དོན་ཁྲོད་འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་བརྩོན་ལེན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁོ་ཚོའི་རྒྱལ་ཁབ་ཀྱི་དད་སེམས་དང་མི་རིགས་ཀྱི་སྤོབས་སེམས་མུ་མཐུད་དུ་ཆེ་རུ་བསྐྱེད་དགོས། ཏང་ཕྱིའི་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བེད་སྤྱོད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚན་རིག་དང་མཐུན་པའི་བཀོལ་སྤྱོད་དང་ནུས་པ་འདོན་སྤེལ་ཐུབ་རྒྱུ་གལ་ཆེན་ཡིན་ལ། གསོ་སྐྱོང་ཤུགས་སྣོན་རྒྱག་རྒྱུ་དང་བྱང་ཚད་མཐོར་འདེགས་གཏོང་རྒྱུ་ནི་དེ་བས་ཀྱང་གནད་འགག་ཡིན།

  འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་ནི་ཏང་ཡོངས་ཀྱི་བྱ་གཞག་ཡིན་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཏང་ཡོངས་ཀྱི་ལས་དོན་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་མཐོང་ཆེན་དང་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཚང་མས་ཐུན་མོང་ཐོག་བསྒྲུབ་དགོས། ཉེ་ལམ། ཏང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྐོར་གྱི་སྲོལ་ཡིག(ཚོད་ལྟ་ལག་ལེན་)ཞེས་པ་འགྲེམ་སྤེལ་བྱས་པ་རེད། དེ་ནི་རང་རེའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཁག་དང་པོ་ཡིན་ལ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། སྒྲིག་རིམ་ཅན་ཏུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་རེད། ཏང་ཨུ་ཡིས་གཅིག་གྱུར་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་དེ་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་ཁུར་བྱེད་པ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྒྲིག་བཀོད་ཆེན་མོ་རྒྱུན་འཁྱོངས་བྱས་ཏེ། ལས་ཀའི་སྟོབས་ཤུགས་མཉམ་སྒྲིལ་ཡོང་བར་བྱེད་དགོས། ཏང་ཨུ་རིམ་པ་ཁག་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་གོ་གནས་གལ་ཆེན་དུ་བཞག་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་དངོས་སུ་ཏང་ཨུ་ལས་ཀའི་གྲོས་རིམ་ཉིན་ཐོར་འགོད་དགོས་ལ། ཏང་སྲིད་འགོ་ཁྲིད་ཚན་པའི་ལས་ཀའི་དཔྱད་ཞིབ་ནང་དོན་དུ་འགོད་པ་དང་། དྲིལ་བསྒྲགས་ལས་ཀའི་འཆར་འགོད་དུ་འཇུག་པ། ཏང་གི་སློབ་གྲྭ་དང་ཏང་སྲིད་སློབ་གླིང་སོགས་ཀྱི་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་དུ་འཇོག་དགོས་པ་རེད། ཏང་སྲིད་འགོ་ཁྲིད་རིམ་པ་ཁག་གིས་སྣེ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་དང་ཁྱབ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་འགུལ་གལ་ཆེན་ཁྲོད་ཞུགས་པ་དང་། ཏང་ཕྱིའི་གྲོགས་པོ་མང་པོ་སྒྲིག་པ་དང་འབྲེལ་བ་ཟབ་མོ་འཛུགས་དགོས་པ་རེད།

  རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པར་བཏོན་པའི་བླང་བྱ་དེ་སྔ་ནས་ཚད་མཐོ་པོ་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པར་ངེས་པར་དུ་ལྡན་དགོས་པའི་བྱང་ཚད་ལ་བླང་བྱ་གསལ་པོ་སྟོན་ཡོད་པ་སྟེ། དེ་ནི་ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་ལྡན་པ་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་བྱའོ།། ཐོག་མར། ཆབ་སྲིད་ཀྱི་བློ་རྩ་བརྟན་པོ་ལྡན་དགོས་ཏེ། ཏང་ཕྱིའི་ལས་ཀ་ཇི་ཙམ་མང་ན་སེམས་ནང་ཏང་དེ་ཙམ་བཅངས་དགོས་ལ། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་དགོས། གང་ཞིག་རྒྱུན་འཁྱོངས་དང་ཅི་ཞིག་དར་སྤེལ་གཏོང་རྒྱུ། གང་ཞིག་སྔོན་འགོག་བྱ་རྒྱུ་དང་ཅི་ཞིག་ངོ་རྒོལ་བྱ་རྒྱུ་བཅས་ཀྱི་ཐད་ནས་ཐོག་མཐའ་བར་གསུམ་དུ་བརྟན་ཚུགས་མཐའ་འཁྱོངས་ཐུབ་དགོས། དེ་ནས་ལས་སྒོ་བྱང་ཆུབ་པར་བྱེད་དགོས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་ཚན་རིག་གི་ལས་ཚན་ཞིག་ཡིན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལུགས་དང་བྱེད་ཐབས། སྲིད་ཇུས་བཅས་ལ་གཏིང་ཟབ་མོར་སྦྱོང་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁོང་དུ་ཆུད་དགོས་པ་མ་ཟད། ད་དུང་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་རྒྱ་ཆེར་སྦྱངས་ནས་གོམས་བྱང་ཅན་དུ་འགྱུར་བར་བྱེད་དགོས། མཐར་སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པར་བྱེད་དགོས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་སྤྱོད་ཚུལ་ནི་ཏང་དེ་ཉིད་ཏང་ཕྱི་མི་སྣའི་ཁྲོད་ཀྱི་བཟོ་ལྟ་དང་ཐད་ཀར་འབྲེལ་ཡོད་པས། དེ་བས་ལྷག་བསམ་ཟོལ་མེད་དང་ཁེངས་སྐྱུང་ལྡན་པ། འདྲ་མཉམ་ལྡན་པ། སྤྱོད་གཙང་སྤྱི་གཞོལ་ཡིན་དགོས་ཤིང་། ཏང་ཕྱིའི་མི་སྣར་མཛའ་མཐུན་ཟོལ་མེད་དང་དྲང་བདེན་དྲང་གཞག་ངང་ཏང་ཕྱིའི་མི་སྣར་བརྩི་འཇོག་དང་དང་ལེན་ཐོབ་པར་བྱས་ཏེ། མཐུན་སྒྲིལ་གྱིས་རང་རེའི་ཏང་དང་ལྷན་དུ་འབད་བརྩོན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།