ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(1999ལོའི་ཟླ4ཚེས1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ། 2011ལོའི་ཟླ7ཚེས29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་བྱས། 2016ལོའི་ཟླ3ཚེས30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་བྱས)

དོན་ཚན་དང་པོ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ཁྲིམས་ལུགས་ལྟར་འཐུས་མིའི་འགན་དབང་སྤྱོད་རྒྱུ་དང་། འཐུས་མིའི་འོས་འགན་བསྒྲུབ་རྒྱུ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་བཅས་ཀྱི་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》(གཤམ་ལ《འཐུས་མིའི་བཅའ་ཁྲིམས》ཞེས་བསྡུ་རྒྱུ)ཀྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་རང་སྐྱོང་ལྗོངས་ཀྱི་རིམ་ཁག་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ཁོངས་མི་ཡིན་ཞིང་།མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱས་ཏེ་ཁྲིམས་ལུགས་ལྟར་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་ཀྱི་ཡོད།

དོན་ཚན་གསུམ་པ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་དུས་ཐོག་ཏུ་ཞུགས་དགོས། བདེ་ཐང་སོགས་དམིགས་བསལ་རྒྱུ་རྐྱེན་གྱིས་རྐྱེན་པས་འཐུས་མི་ཚོགས་འདུར་ཞུགས་མ་ཐུབ་ཚེ་ངེས་པར་དུ་གཏན་འབེབས་གཞིར་བཟུང་དགོངས་པ་ཞུ་དགོས། འཐུས་མིས་དགོངས་པ་མ་ཞུས་པའམ་ཡང་ན་དགོངས་པ་འཁྲོལ་མེད་པར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་ཐེངས་གཉིས་མ་ཞུགས་ཚེ་ཁྲིམས་ལུགས་ལྟར་དེའི་འཐུས་མིའི་འོས་ཐོབ་མཚམས་འཇོག་བྱེད་རྒྱུ་དང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འཐུས་མིའི་དེ་སྔོན་གྱི་འདེམས་བསྐོའི་ཚན་པའམ་ཡང་ན་དེ་སྔའི་འདེམས་ཁུལ་ལ་བརྡ་ཐོ་གཏོང་རྒྱུ་མ་ཟད། སྤྱི་བསྒྲགས་སྤེལ་རྒྱུ།

དོན་ཚན་བཞི་པ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་མ་ཞུགས་གོང་། ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གྲོས་ཞིབ་བྱེད་རྒྱུའི་གྲོས་དོན་ལ་དམིགས་ནས་རྟོག་ཞིབ་དང་བཅར་འདྲི་བྱེད་པ་སོགས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འཆར་རྒྱ་ཁྱབ་ཏུ་ཉན་ནས་ཚོགས་འདུའི་རིང་འཐུས་མིའི་འགན་འཁྲི་བསྒྲུབ་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས།

དོན་ཚན་ལྔ་པ། འཐུས་མིས་བཅའ་ཁྲིམས་ཀྱི་གཏན་འབེབས་ནང་འཁོད་གོ་རིམ་གཞིར་བཟུང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་ཁོངས་སུ་གཏོགས་པའི་གྲོས་གཞིའི་རིགས་འདོན་དབང་ཡོད། གྲོས་གཞིར་ངེས་པར་དུ་རྒྱུ་མཚན་དང་།གཞི་འཛིན་ས། ཇུས་གཞི་བཅས་ཡོད་དགོས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འབེབས་སམ་ཡང་ན་བཟོ་བཅོས་བྱེད་རྒྱུའི་གྲོས་གཞི་བཏོན་ཚེ་ངེས་པར་དུ་ཁྲིམས་སྲོལ་གྱི་འཆར་ཟིན་དང་།བཟོ་བཅོས་འཆར་ཟིན་ནམ་ཡང་ན་དག་བཅོས་འཆར་ཟིན་མཉམ་དུ་ཡོད་དགོས།

དོན་ཚན་དྲུག་པ། གྲོས་གཞི་འདོན་མཁན་འཐུས་མི་དེ་གྲོས་གཞི་ཞིབ་བཤེར་ཚོགས་འདུའམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཞིབ་བཤེར་གྱི་ཚོགས་འདུར་ཟུར་ཞུགས་བྱེད་པར་གདན་ཞུ་བྱས་ནས་བསམ་འཆར་བཤད་ན་འགྲིག

དོན་ཚན་བདུན་པ། འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་ཁག་ལ་ཞུགས་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་ནང་འཁོད་གོ་རིམ་ལྟར་འོས་མི་འདོན་དབང་ཡོད་པ་མ་ཟད། ཡིག་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་གྱི་རྒྱུ་མཚན་གསལ་བཤད་བྱེད་ཆོག

དོན་ཚན་བརྒྱད་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་རིང་རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་བཅའ་ཁྲིམས་ཀྱི་གཏན་འབེབས་ནང་འཁོད་གོ་རིམ་ལྟར་རིམ་པ་དེ་གའི་མི་དམངས་སྲིད་གཞུང་དང་དེའི་ཁོངས་གཏོགས་ལས་དོན་སྡེ་ཚན་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ནས་རྩ་ཁྲིམས་དང་།བཅའ་ཁྲིམས། ཁྲིམས་སྲོལ། མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་གཏན་འབེབས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་གནས་པའི་གནད་དོན་གལ་ཆེན་རིགས་ལ་འདྲི་རྩད་གྲོས་གཞི་འདོན་དབང་ཡོད། འདྲི་རྩད་གྲོས་གཞིའི་ནང་ངེས་པར་དུ་འདྲི་རྩད་བྱ་ཡུལ་དང་།འདྲི་རྩད་གནད་དོན་། དེ་བཞིན་ནང་དོན་བཅས་ཁ་གསལ་འབྲི་དགོས། འདྲི་རྩད་གྲོས་གཞི་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གཏན་འབེབས་གཞིར་བཟུང་འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱི་འགན་འཁུར་མི་སྣར་སྤྲད་ནས་ཚོགས་འདུའི་རིང་ལན་འདེབས་བྱེད་དུ་འཇུག་དགོས། ལན་འདེབས་བྱེད་སྟངས་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གཏན་འཁེལ་བྱེད་རྒྱུ། འདྲི་རྩད་གྲོས་གཞི་འདོན་མཁན་འཐུས་མི་ཕྱེད་ཀ་ཡན་གྱིས་ལན་འདེབས་ལ་མོས་པ་མ་བྱུང་ཚེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གཏན་འཁེལ་བྱས་པ་བརྒྱུད་འདྲི་རྩད་བྱ་ཡུལ་ལས་ཁུངས་ཀྱིས་བསྐྱར་དུ་ལན་འདེབས་བྱེད་དུ་འཇུག་རྒྱུ།

དོན་ཚན་དགུ་པ། འཐུས་མིས་བཅའ་ཁྲིམས་ཀྱི་གཏན་འབེབས་ནང་འཁོད་ཀྱི་གོ་རིམ་གཞིར་བཟུང་གནས་དབྱུངས་གྲོས་གཞི་འདོན་དབང་ཡོད། གནས་དབྱུངས་གྲོས་གཞི་བཏོན་པའི་ནང་ངེས་པར་དུ་གནས་དབྱུངས་གཏོང་ཡུལ་དང་དེའི་རྒྱུ་མཚན་ཁ་གསལ་འབྲི་དགོས། གནས་དབྱུང་གཏོང་རྒྱུའི་གྲོས་གཞི་བཏོན་པའི་འཐུས་མིས་ཁྲིམས་ལུགས་ལྟར་དག་འབུད་བྱེད་པའི་དབང་ཆ་ཡོད།

དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་བཅའ་ཁྲིམས་ཀྱི་གཏན་འབེབས་ནང་འཁོད་ཀྱི་གོ་རིམ་གཞིར་བཟུང་དམིགས་བསལ་གནད་དོན་སྐོར་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱེད་རྒྱུའི་གྲོས་འཆར་འདོན་དབང་ཡོད། གྲོས་འཆར་ནང་ངེས་པར་དུ་བརྟག་དཔྱད་བྱ་ཡུལ་དང་། གནད་དོན། ནང་དོན། བླང་བྱ་བཅས་ཁ་གསལ་འབྲི་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཚང་འཛོམས་ཚོགས་འདུའི་ཐོག་གཏན་འཁེལ་བྱེད་རྒྱུར་འབུལ་དགོས། བརྟག་དཔྱད་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འཐུས་མིའི་ཁྲོད་ནས་མིང་འདོན་བྱས་ཏེ་ཚོགས་ཆེན་གྱི་ཚང་འཛོམས་ཚོགས་འདུའི་ཐོག་གྲོས་འཆམ་བྱེད་རྒྱུ།

དོན་ཚན་བཅུ་གཅིག་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་རིང་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་ཕྱོགས་ཁག་གི་ལས་དོན་ཐད་བསམ་གྲོས་དང་སྐྱོན་བརྫོད། བསམ་འཆར་བཅས་འདོན་དབང་ཡོད། འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་རིང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་མི་རིགས་ཤང་། གྲོང་རྡལ་གྱི་མི་དམངས་འཐུས་མི་ཚོགས་པར་ཕྱོགས་ཁག་གི་ལས་དོན་ཐད་ཀྱི་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་འདོན་དབང་ཡོད། འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ངེས་པར་དུ་ཁ་གསལ་ཞིབ་ཕྲ་དང་།དངོས་ཡོད་ཀྱི་གནས་ཚུལ་དང་གནད་དོན་མཚོན་རྒྱུ་གཙོ་བོར་འཛིན་དགོས།

དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཀྱི་གཉེར་སྒྲུབ་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་ཆོག

དོན་ཚན་བཅུ་གསུམ་པ། རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཚོགས་འདུ་གྲོལ་བའི་རིང་གི་བྱེད་སྒོ་སྤེལ་རྒྱུ་དང་། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནས་བདམས་ཐོན་བྱུང་བའི་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཚོགས་འདུ་གྲོལ་བའི་རིང་གི་བྱེད་སྒོ་སྤེལ་རྒྱུ། ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞི་ཚོགས་པའི་བཀོད་སྒྲིག་གཞིར་བཟུང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཚོགས་འདུ་གྲོལ་རིང་གི་བྱེད་སྒོ་སྒྲིག་འཛུགས་བྱེད་འགན་ཁུར་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གཞིར་བཟུང་ས་གནས་དེ་གའི་རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཚོགས་འདུ་གྲོལ་བའི་རིང་གི་བྱེད་སྒོ་སྤེལ་རྒྱུར་མཛུབ་ཁྲིད་བྱེད་འགན་འཁུར་དགོས།

དོན་ཚན་བཅུ་བཞི་པ། རྫོང་རིམ་པ་ཡན་གྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རིམ་པ་དེ་གའམ་ཡང་ན་འོག་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་སམ་ཡང་ན་གཞོགས་འདེགས་འོག་དང་། ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་སམ་ཡང་ན་གཞོགས་འདེགས་འོག་སྒྲིག་འཛུགས་བྱེད་བདེ་བ་དང་བྱེད་སྒོ་སྤེལ་བདེ་བའི་རྩ་དོན་གཞིར་བཟུང་འཐུས་མིའི་ཚོགས་ཆུང་བྱེད་སྒོ་སྤེལ་རྒྱུ། རྫོང་རིམ་པ་ཡན་གྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་འོག་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བྱེད་སྒོའི་ནང་ཞུགས་ཆོག

དོན་ཚན་བཅོ་ལྔ་པ། འཐུས་མིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་དང་། ལས་ཀའི་ཚན་པ། ཡང་ན་ཤང་དང། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་འཐུས་མིའི་བྱེད་སྒོར་ཧུར་ཐག་ཞུགས་དགོས། རྒྱུ་རྐྱེན་ཐོན་པའི་རྐྱེན་གྱིས་ཞུགས་མ་ཐུབ་ཚེ་ངེས་པར་དུ་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ལས་ཁུངས་ལ་དགོངས་པ་ཞུ་དགོས།

དོན་ཚན་བཅུ་དྲུག་པ། འཐུས་མིའི་ཚོགས་ཆུང་གི་བྱེད་སྒོའི་ནང་དོན་གཙོ་བོ་ནི། 

(གཅིག) རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། རིམ་པ་དེ་ག་དང་གོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་དང་། 

(གཉིས) བཅའ་ཁྲིམས་དང་། ཁྲིམས་སྲོལ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱས་ཚུལ་ལ་དམིགས་ནས་བརྟག་དཔྱད་དང་། ཞིབ་བཤེར། རྟོག་ཞིབ་བཅས་བྱེད་རྒྱུ། 

(གསུམ) མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། འདེམས་དམངས་ལ་བཅར་འདྲི་བྱེད་པར་འགྲོ་བ། ཁོང་ཚོའི་བསམ་འཆར་དང་། གྲོས་འཆར། རེ་བ་བཅས་ཉན་ནས་བསྡུ་རུབ་བྱེད་རྒྱུ།

(བཞི) འཐུས་མིའི་ལས་ཀའི་ཉམས་མྱོང་སློབ་སྦྱོང་དང་སྤེལ་རེས་བྱེད་རྒྱུ། 

(ལྔ)རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་།རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་བཅས་ཀྱིས་བཀོད་སྒྲིག་བྱས་པའི་བྱེད་སྒོ་གཞན་དག་ནང་ཞུགས་དགོས་པ་བཅས་སོ།

དོན་ཚན་བཅུ་བདུན་པ། འཐུས་མིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་བཀོད་སྒྲིག་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱེད་རྒྱུའི་གྲོས་དོན་ཁག་དང་། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་མིགས་ཏེ་རིམ་པ་དེ་གའམ་ཡང་ན་འོག་རིམ་རྒྱལ་ཁབ་ལས་ཁུངས་དང་འབྲེལ་ཡོད་ཚན་པར་བརྟག་ཞིབ་དང་རྟོག་ཞིབ་བྱེད་དགོས། འཐུས་མིས་འཐུས་མིའི་ལག་ཁྱེར་བཏགས་ནས་རང་སར་རྟོག་ཞིབ་བྱས་ན་འགྲིག རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འཐུས་མིའི་རེ་འདུན་གཞིར་བཟུང་རིམ་པ་དེ་གའམ་ཡང་ན་གོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འབྲེལ་བ་བྱས་ཏེ་འཐུས་མིའི་ལག་ཁྱེར་བཏགས་ནས་རང་སར་རྟོག་ཞིབ་བྱེད་རྒྱུའི་བཀོད་སྒྲིག་བྱེད་རྒྱུ། འཐུས་མིས་ལྟ་ཞིབ་བྱེད་སྐབས་ལྟ་ཞིབ་བྱ་ཡུལ་ཚན་པར་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་བཏོན་ན་འགྲིག འོན་ཀྱང་གནད་དོན་ཐད་ཀར་ཐག་གཅོད་བྱེད་རྒྱུ་མེད། དོན་ཚན་བཅོ་བརྒྱད་པ། འཐུས་མིས་བརྟག་ཞིབ་དང་རྟོག་ཞིབ་བྱེད་སྐབས་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འགན་འཁུར་བས་ངེས་པར་དུ་འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཉན་དགོས་པ་མ་ཟད་འདྲི་བར་ལན་འདེབས་དགོས། འཐུས་མིས་རྟོག་ཞིབ་ནང་ཞུགས་ནས་བཟོས་པའི་སྙན་ཞུ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་སམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འབྲེལ་ཡོད་ལས་ཁུངས་སམ་ཡང་ན་རྩ་འཛུགས་ལ་བརྒྱུད་སྤྲོད་བྱེད་དགོས། སྙན་ཞུའི་ནང་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ལ་ཞིབ་འཇུག་ཐག་གཅོད་ཇི་ལྟར་བྱས་ཚུལ་དེ་ངེས་པར་དུ་འཐུས་མིར་འདི་བྱས་བརྡ་ལན་སྤྲོད་དགོས།

དོན་ཚན་བཅུ་དགུ་པ། འཐུས་མིས་བརྟག་ཞིབ་དང་རྟོག་ཞིབ་བྱེད་པའི་ནང་ཞུགས་སྐབས་འཐུས་མི་རང་ཉིད་དམ་ཡང་ན་རང་གི་གཉེན་ཉེ་དང་འབྲེལ་བ་ཡོད་པའི་གྱོ ད་གཞི་དང་། དེ་བཞིན་འཐུས་མི་རང་ཉིད་དམ་ཡང་ན་རང་གི་གཉེན་ཉེ་དང་ཁེ་གྱོ ང་འབྲེལ་བ་ཡོད་པའི་གནད་དོན་གཞག་དག་འཕྲད་ཚེ་ངེས་པར་དུ་གཡོལ་དགོས།

དོན་ཚན་ཉི་ཤུ་པ། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་ལྔ་ཆ་གཅིག་ཡན་གྱིས་མིང་མཉམ་ཐོག་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་སྐབས་འཕྲལ་སྐོང་འཚོག་བྱེད་རྒྱུའི་བསམ་གྲོས་འདོན་ཆོག

དོན་ཚན་ཉེར་གཅིག་པ། འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བཀོད་སྒྲིག་ལྟར་འཐུས་མིའི་དཔྱད་མོལ་དང་། ཁྲིམས་སྒྱུར་ཞིབ་བཤེར། ལས་ཀའི་ཞིབ་བཤེར་བཅས་བྱེད་པའི་ནང་ཞུགས་དགོས། དཔྱད་བསྡུར་དང་ཞིབ་བཤེར་བྱ་ཡུལ་གྱི་རྒྱལ་ཁབ་ལས་ཁུངས་དང་ཚན་པས་ངེས་པར་དུ་འཐུས་མིར་གནས་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་ཞུས་ཐོག་འབྲེལ་ཡོད་དཔྱད་གཞི་མཁོ་འདོན་བྱེད་དགོས་པ་དང་། འཐུས་མིའི་བསམ་འཆར་ཉན་དགོས་པ་མ་ཟད་འཐུས་མིས་དཔྱད་བསྡུར་དང་ཞིབ་བཤེར་བྱས་ནས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ལ་གཞིགས་ནས་བཅོས་སྒྲིག་བྱེད་དགོས།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འདྲ་མིན་ཐོག་གི་གཏམ་བཤད་དང་བརྡས་ཆོད་རིགས་ལ་བཅའ་ཁྲིམས་ཀྱི་བདའ་འདེད་གཏོང་རྒྱུ་མིན།

དོན་ཚན་ཉེར་གསུམ་པ། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་བཀའ་འཁྲོལ་མ་ཐོབ་པ་དང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་བའི་རིང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་འཁྲོལ་མ་ཐོབ་ཚེ་རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འཛིན་བཟུང་ངམ་ཡང་ན་ཉེས་དོན་འདྲི་གཅོད་ཕོག་གི་མེད། གལ་ཏེ་ད་ལྟའི་ཉེས་ཅན་པ་ཡིན་པའི་རྐྱེན་གྱིས་བཀག་ཉར་བྱེད་དགོས་ཚེ་བཀག་ཉར་བྱེད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་འཕྲལ་མར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས། རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་གལ་ཏེ་བཅའ་ཁྲིམས་ཀྱི་གཏན་འབེབས་བཞིན་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་བྱ་ཐབས་གཞན་དག་སྤྱོད་དགོས་ཚེ་ངེས་པར་དུ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་འཁྲོལ་ཐོབ་དགོས། 

མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའམ་ཡང་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ལས་ཁུངས་ནས་དོན་ཚན་འདིའི་གཏན་འབེབས་གཞིར་བཟུང་བཀའ་འཁྲོལ་ཡོང་བའི་རེ་འདུན་ཞུས་པར་བདག་སྤྲོད་བྱེད་དགོས་ཚེ་ངེས་པར་དུ་འཐུས་མིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་འདྲ་མིན་ཐོག་སྤེལ་བའི་གཏམ་བཤད་དང་བརྡས་ཆོད་ལ་བཅའ་ཁྲིམས་ཀྱི་བདའ་འདེད་བཏང་བ་ཡིན་མིན་དང་། ཡང་ན་འཐུས་མིས་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཏོན་པ་སོགས་ལས་འགན་སྒྲུབ་པའི་བྱ་སྤྱོད་རིགས་གཞན་དག་ལ་རྡུང་རྡེག་འཁོན་ལན་སློག་པའི་གནས་ཚུལ་ཡོད་མེད་ཞིབ་བཤེར་བྱེད་དགོས་པ་མ་ཟད། དེ་གཞིར་བཟུང་ནས་བདག་སྤྲོད་བྱེད་མིན་གཏན་འཁེལ་བྱེད་དགོས། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་གལ་ཏེ་འཛིན་བཟུང་དང་ཉེས་དོན་འདྲི་གཅོད་ཕོག་པའམ་ཡང་ན་བཅའ་ཁྲིམས་ཀྱི་གཏན་འབེབས་བཞིན་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་བྱ་ཐབས་གཞན་དག་སྤྱོད་རྒྱུ་ཡིན་ཚེ་དེ་ལག་བསྟར་བྱེད་མཁན་ལས་ཁུངས་ཀྱིས་ངེས་པར་དུ་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་འཕྲལ་མར་སྙན་སེང་ཞུ་དགོས། འཐུས་མི་བཀག་ཉར་དོ་དམ་བྱེད་པའམ་ཡང་ན་འཐུས་མིའི་མི་ལུས་རང་དབང་ལ་ཚོད་འཛིན་ཕོག་སྐབས་འཐུས་མིས་ངེས་པར་དུ་རང་འགུལ་ངང་རང་ཉིད་འཐུས་མི་ཡིན་ལུགས་གསལ་པོ་ཤོད་དགོས་པ་མ་ཟད་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གམ་ཡང་ན་ཀྲུའུ་ཞི་ཚོགས་པ་བཅས་ལ་གནས་ཚུལ་གསལ་ཞུ་བྱེད་དབང་ཡོད།

དོན་ཚན་ཉེར་བཞི་པ། དེ་སྔའི་འདེམས་ཁུལ་གྱི་འདེམས་དམངས་སམ་ཡང་ན་དེ་སྔའི་འདེམས་བསྐོའི་ཚན་པས་འཐུས་མིར་ལྟ་སྐུལ་བྱེད་རྒྱུ། འཐུས་མིས་དེ་སྔའི་འདེམས་ཁུལ་འདེམས་དམངས་སམ་ཡང་ན་དེ་སྔའི་འདེམས་ཁུལ་ཚན་པ་དང་འབྲེལ་གཏུགས་དམ་ཟབ་བྱས་ནས་ཞུགས་མོལ་དང་བཅར་འདྲི། ངོ་བཅར་སྣེ་ལེན་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ་འདེམས་དམངས་ཀྱི་བསམ་འཆར་དང་རེ་བ་ཉན་པ་དང་གོང་ཞུ་བྱེད་རྒྱུ་དང་། དེ་སྔའི་འདེམས་ཁུལ་གྱི་འདེམས་དམངས་སམ་ཡང་ན་དེ་སྔའི་འདེམས་བསྐོ་ཚན་པས་འཐུས་མིའི་ལས་དོན་དང་འཐུས་མིའི་བྱེད་སྒོའི་ཐད་ཀྱི་འདྲི་རྩད་ལ་ལན་འདེབས་དང་ལྟ་སྐུལ་དང་ལེན་བྱེད་རྒྱུ། འདེམས་དམངས་ནས་ཐད་ཀར་བདམས་པའི་འཐུས་མིས་ཐབས་ལམ་སྣ་ཚོགས་སྤྱད་དེ་དེ་སྔའི་འདེམས་ཁུལ་གྱི་འདེམས་དམངས་ལ་འགན་སྒྲུབ་ཚུལ་སྙན་ཞུ་བྱེད་དགོས། རྫོང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པས་དུས་བཀག་ནང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་དེ་སྔའི་འདེམས་ཁུལ་གྱི་འདེམས་དམངས་ལ་འགན་སྒྲུབ་ཚུལ་སྙན་ཞུ་བྱེད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། འཐུས་མི་དེ་སྔའི་འདེམས་ཁུལ་ནང་གནད་སྡོད་མ་བྱས་པའམ་ཡང་ན་དེ་སྔའི་འདེམས་བསྐོའི་ཚན་པར་ལས་ཀ་མ་བྱས་ན་འོས་འཚམ་སྐབས་དེ་སྔའི་འདེམས་ཁུལ་ལམ་ཡང་ན་དེ་སྔའི་འདེམས་བསྐོའི་ཚན་པའི་འཐུས་མིའི་བྱེད་སྒོའི་ནང་ཞུགས་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་པ་ཡན་གྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་ཟུར་ཞུགས་དང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་སྒྲིག་འཛུགས་བྱས་པའི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་དང་དེ་མིན་བྱེད་སྒོར་ཞུགས་རྒྱུ་གདན་ཞུ་བྱེད་ཆོག ཤང་དང་མི་རིགས་ཤང་། གྲོང་རྡལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་སྒྲིག་འཛུགས་བྱས་པའི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་དང་དེ་མིན་བྱེད་སྒོར་ཞུགས་ཆོག 

དོན་ཚན་ཉེར་དྲུག་པ། འཐུས་མི་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་ཞུགས་སྐབས་དང་། ཚོགས་འདུ་གྲོལ་བའི་རིང་རྟོག་ཞིབ་དང་ཁྲིམས་སྒྱུར་ཞིབ་བཤེར། དཔྱད་མོལ་བཅས་ལ་ཞུགས་པ། ཚོགས་འདུར་ཟུར་ཞུགས། འཐུས་མིའི་ཚོགས་ཆུང་གི་བྱེད་སྒོའི་ནང་ཞུགས་པ་བཅས་ཀྱི་སྐབས་སུ་འཐུས་མི་གནས་སའི་ཚན་པས་ངེས་པར་དུ་འཐུས་མིར་དུས་ཚོད་འདང་ངེས་སྤྲོད་དགོས་པ་མ་ཟད། དེ་རྒྱུན་ལྡན་གྱི་ལས་ཀར་ཞུགས་པ་དང་ཁྱད་མེད་དུ་བརྩིས་ནས་གླ་ཕོགས་དང་། བྱ་དགའི་དངུལ། ཕན་བདེ། ཐོབ་ཐང་གཞན་དག་བཅས་ཀྱང་སྤྲོད་དགོས། གླ་ཕོགས་ཀྱི་ཡོང་སྒོ་གཏན་འཇགས་མེད་པའི་འཐུས་མིས་འགན་འཁྲི་བསྒྲུབ་སྐབས་རིམ་པ་དེ་གའི་ནོར་སྲིད་ནས་ངེས་པར་དུ་ཁ་གསབ་རོགས་དངུལ་སྤྲོད་དགོས།

དོན་ཚན་ཉེར་བདུན་པ། འཐུས་མིའི་བྱེད་སྒོའི་འགྲོ་གྲོན་དེ་ལོ་རེར་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ན་ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པས་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་འཆར་གཞི་བཏོན་ཏེ་རིམ་པ་དེ་གའི་སྔོན་རྩིས་ནང་འཇོག་རྒྱུ། ཤང་རིམ་པའི་ནོར་སྲིད་མེད་ན་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཞག་ནས་ནོར་སྲིད་སྡེ་ཚན་ནས་གཏོང་སྤྲོད་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱེད་རྒྱུ།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་དང་། ལས་ཀའི་ལས་ཁུངས། དེ་བཞིན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ངེས་པར་དུ་འཐུས་མིའི་འགན་འཁྲི་བསྒྲུབ་རྒྱུར་ཞབས་འདེགས་ཞུ་དགོས། རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་དང་ལས་ཀའི་ལས་ཁུངས། དེ་བཞིན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ངེས་པར་དུ་དུས་བཀག་ནང་འཐུས་མིར་བཅར་འདྲི་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་ཚོགས་པ། འཐུས་མིར་སྣེ་ལེན་བྱེད་ལམ་འཛུགས་པ། ཡིག་འབུལ་ཞུ་བཅར་བདག་སྤྲོད་བྱེད་པ། ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱེད་པ་སོགས་ཐབས་རྣམ་སྣ་ཚོགས་ལ་བརྟེན་ནས་འཐུས་མི་དང་འབྲེལ་ལམ་མི་ཆད་པ་བྱེད་དགོས།

དོན་ཚན་ཉེར་དགུ་པ། འབྲེལ་ཡོད་ལས་ཁུངས་དང་སྒྲིག་འཛུགས་ཀྱིས་འཐུས་མིའི་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་ནན་ཏན་སྒྲུབ་གཉེར་བྱེད་དགོས་ཁར། སྒྲུབ་གཉེར་བྱེད་རྒྱུར་སྤྲད་པའི་ཉིན་ནས་ཟླ་གསུམ་ནང་ལན་འདེབས་བྱེད་དགོས། འབྲེལ་རྒྱ་ཆེ་བ་དང་ཐག་གཅོད་བྱེད་དཀའ་བའི་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་སྒྲུབ་གཉེར་བྱེད་རྒྱུར་སྤྲད་པའི་ཉིན་ནས་ཟླ་དྲུག་ནང་ལན་འདེབས་བྱེད་དགོས། འབྲེལ་ཡོད་ལས་ཁུངས་དང་སྒྲིག་འཛུགས་ནས་འཐུས་མིའི་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་འཐུས་མི་དང་འབྲེལ་གཏུགས་བྱས་ནས་བསམ་འཆར་གང་ལེགས་ཉན་འཇོག་བྱེད་དགོས། འཐུས་མིའི་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་སྒྲུབ་གཉེར་བྱས་ཚུལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་མི་རིགས་ཤང་། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་དགོས་ཁར། མི་རིགས་འཐུས་མི་ཚོགས་ཆེན་ཐེངས་རྗེས་མར་པར་འགྲེམ་བྱེད་དགོས། འཐུས་མིའི་བསམ་གྲོས་དང་སྐྱོན་བརྗོད། བསམ་འཆར་སྒྲུབ་གཉེར་བྱས་ཚུལ་སྙན་ཞུ་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་སུམ་ཅུ་པ། རྩ་འཛུགས་དང་མི་སྒེར་ཚང་མས་ངེས་པར་དུ་འཐུས་མིའི་དབང་ཆར་བརྩི་འཇོག་ཞུ་དགོས་ཤིང་། འཐུས་མིར་འཐུས་མིའི་འགན་འཁྲི་སྒྲུབ་རོགས་བྱེད་རྒྱུའི་འོས་འགན་ཡོད་ཀྱང་མི་སྒྲུབ་པ་དང་འཐུས་མིར་ཁྲིམས་ལུགས་ལྟར་འཐུས་མིའི་འོས་འགན་བསྒྲུབ་པར་འགོག་རྐྱེན་བཟོ་བ། འགན་འཁྲི་སྒྲུབ་མཁན་འཐུས་མིར་རྡུང་རྡེག་འཁོན་ལན་བྱེད་རིགས་བཅས་ལ་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་རྩད་གཅོད་བྱས་ནས་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་དགོས་པའི་འགན་དཀྲིས་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐག་གཅོད་བྱས་འབྲས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་དགོས།

དོན་ཚན་སོ་གཅིག་པ། བྱ་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱེད་རྒྱུ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།