ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གཉོར་སྐྱོང་ལམ་ལུགས་གསར་འཛུགས་ཐད་ཀྱི་བསམ་འཆར།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།དབང་བོ་སྐྱོན་ཅན་ནི་ལྷག་ཏུ་ཐུགས་ཁུར་བྱ་དགོས་ལ།ལྷག་ཏུ་དོ་སྣང་བྱ་དགོས་པའི་དཀའ་ཁག་ཆེ་བའི་ཚོགས་སྤྱི་ཡན་གར་བ་ཞིག་ཡིན།ཏང་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད།དབང་བོ་སྐྱོན་ཅན་གྱི་འཚོ་བའི་དཀའ་ཁག་དང་ཡུན་རིང་གཉོར་སྐྱོང་གི་དཀའ་ཁག་ཐག་གཅོད་བྱེད་ཆེད།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་དང་ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ(འདི་གཉིས་ལ་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཟེར)ལམ་ལུགས་འཛུགས་རྒྱུ་ཐག་བཅད།འདི་ནི་དབང་བོ་སྐྱོན་ཅན་གྱི་འཚོ་གནས་འཕེལ་རྒྱས་ཀྱི་ཁེ་ཕན་འགན་སྲུང་བྱེད་པའི་ཐབས་གལ་ཆེན་ཞིག་ཡིན་ལ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཚུགས་པར་དོན་སྙིང་གལ་ཆེན་ལྡན་པས།གཤམ་གྱི་བསམ་འཆར་དག་བཏོན་པ་ཡིན།

དང་པོ།སྤྱིའི་བླང་བྱ།

 (གཅིག)མཛུབ་སྟོན་བསམ་བློ། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།བཞི་པ་བཅས་ཀྱི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར།"ཁྱོན་ཡོངས་བཞི"ཡི་འཐབ་ཕྱོགས་སྒྲིག་བཀོད་བྱ་བར་མཐུན་སྦྱོར་སྐུལ་སྤེལ་བྱེད་པ་དེ་སྤྱི་ཁྱབ་བཀོད་འདོམས་དུ་འཛིན་པ་དང་།དབང་བོ་སྐྱོན་ཅན་གྱི་འབྱོར་འབྲིང་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དེ་དམིགས་འབེན་དུ་འཛིན་པ།དབང་བོ་སྐྱོན་ཅན་གྱི་དགོས་མཁོར་ཕྱོགས་ཏེ་སྟེང་རིམ་ལམ་ལུགས་ཀྱི་ཇུས་བཀོད་ལ་ཤུགས་སྣོན་པ།དབང་བོ་སྐྱོན་ཅན་གྱི་ཆེད་དམིགས་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱེད་པ་བཅས་བརྒྱུད་དེ།དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་གི་མ་ལག་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།

 (གཉིས)རྩ་བའི་རྩ་དོན།

དགོས་མཁོའི་ཕྱོགས་སྟོན་དང་དམིགས་སྐྱོང་ཚད་རན་པ་རྒྱུན་འཁྱོངས་བྱེད་པ། དབང་བོ་སྐྱོན་ཅན་གྱི་ཆེས་ཐད་ཀར་དང་།ཆེས་མངོན་སུམ།ཆེས་ཁ་ཚ་དགོས་གཏུག་གི་དགོས་མཁོ་ནས་བཟུང་སྟེ།ཤུགས་ཆེན་པོས་དབང་བོ་སྐྱོན་ཅན་ལ་དབང་བོ་སྐྱོན་པའི་རྐྱེན་ལས་བྱུང་བའི་འཚོ་བའི་འགྲོ་གྲོན་འཕར་མ་དང་ཡུན་རིང་གཉོར་སྐྱོང་གི་འགྲོ་གྲོན་དཀའ་ཁག་ཐག་གཅོད་བྱེད་དགོས།སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་གཞི་བྱས་ཏེ།ཚན་རིག་དང་གནས་ལུགས་ལ་མཐུན་པའི་སྒོ་ནས་འགན་སྲུང་ཚད་གཞི་གཏན་འཁེལ་བྱེད་པ་དང་།འགན་སྲུང་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས།ལམ་ལུགས་སྦྲེལ་མཐུད་དང་ཕྱོགས་ཡོངས་ཁེབས་པ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རོགས་སྐྱོར་དང་སྤྱི་ཚོགས་འགན་བཅོལ།སྤྱི་ཕན་དགེ་ལས་བཅས་ལ་སྦྲེལ་མཐུད་གོ་ཆོད་བྱེད་པར་དོ་སྣང་བྱས་ཏེ།དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལ་སྒྲིལ་ཤུགས་ཆགས་པར་འབད་དགོས།ཁ་གསབ་བྱེད་དགོས་པ་དག་ཡོངས་སུ་ཁ་གསབ་བྱས་ནས།དབང་བོ་སྐྱོན་ཅན་གྱི་ཆ་རྐྱེན་དང་འཚམ་པའི་དབང་བོ་སྐྱོན་ཅན་ཡོད་ཚད་ལ་ཁེབས་ཐུབ་པ་ཁག་ཐེག་བྱེད་དགོས།མངོན་གསལ་དྲང་གཞག་དང་ཚད་ལྡན་རིམ་ལྡན་ཡིན་པ་རྒྱུན་འཁྱོངས་བྱེད་པ། ཚད་གཞི་གཅིག་གྱུར་དང་དམངས་བདེ་དམངས་ཕན་ཡིན་པའི་རེ་ཞུ་དང་ཞིབ་བཤེར།ཁ་གསབ་གཏོང་སྤྲོད་ཀྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ།གསལ་ལྷང་དང་དྲང་བཞག་ཡོང་བར་བྱེད་དགོས།སྲིད་ཇུས་དཔྱད་བསྡུར་དང་གྲུབ་འབྲས་དཔྱད་ཞིབ་ལ་ཤུགས་བསྣན་ཏེ་ལམ་ལུགས་འཁོར་སྐྱོད་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་འགན་ཁུར་ཐུན་མོང་མཉམ་འཁུར་རྒྱུན་འཁྱོངས་བྱེད་པ། ཁྱིམ་ཚང་དང་སྤྱི་ཚོགས།སྲིད་གཞུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱིམ་ཚང་གིས་ཅི་ནུས་ཀྱིས་འོས་འགན་སྒྲུབ་པ་དང་།སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་རོགས་འདེགས་བྱེད་པ།སྲིད་གཞུང་གིས་རྦད་དེ་འགན་སྲུང་བྱེད་པའི་འགན་ཁུར་མཉམ་འཁུར་གྱི་རྣམ་པ་འགྲུབ་པར་བྱེད་དགོས།

གཉིས་པ། ནང་དོན་གཙོ་བོ།

 (གཅིག)ཁ་གསབ་སྤྲོད་ཡུལ། 

དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་ནི་གཙོ་བོ་དབང་སྐྱོན་གྱི་རྐྱེན་ལས་བྱུང་བའི་འཚོ་བའི་འགྲོ་གྲོན་འཕར་མ་དེའི་ཁ་གསབ་ཏུ་སྤྲོད་པ་ཡིན་ལ།སྤྲོད་ཡུལ་ནི་དམའ་སྲུང་ཁྱིམ་ཚང་གི་དབང་བོ་སྐྱོན་ཅན་ཡིན།ཆ་རྐྱེན་བཟང་བའི་ས་ཆར་ཡོང་འབབ་དམའ་བའི་དབང་བོ་སྐྱོན་ཅན་དང་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་ལའང་རིམ་གྱིས་རྒྱ་བསྐྱེད་ཆོགཡོང་འབབ་དམའ་བའི་དབང་བོ་སྐྱོན་ཅན་དང་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་ངོས་འཛིན་ཚད་གཞི་ནི།རྫོང་རིམ་པ་ཡན་ཆད་ཀྱི་ས་གནས་སྲིད་གཞུང་གི་འབྲེལ་ཡོད་གཏན་ཕབ་ལྟར་དོན་དངོས་གནས་ཚུལ་དང་སྦྲེལ་ཏེ་གཏན་འབེབས་བྱེད་དགོས།ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་ནི་དབང་སྐྱོན་གྱི་རྐྱེན་ལས་བྱུང་བའི་ཡུན་རིང་གཉོར་སྐྱོང་གི་འགྲོ་སོང་འཕར་མ་དག་གི་ཁ་གསབ་ཏུ་སྤྲོད་པ་ཡིན་ལ།སྤྲོད་ཡུལ་ནི་དབང་བོ་སྐྱོན་ཅན་གྱི་ཚད་རིམ་ལྟར་རིམ་པ་དང་པོ་དང་གཉིས་པ།ཡུན་རིང་གཉོར་སྐྱོང་མཁོ་བའི་དབང་བོ་སྐྱོན་ཅན་བཅས་ཡིན།ཆ་རྐྱེན་ཡོད་པའི་ས་ཆར་ཚད་དེ་ཙམ་མི་ལྕི་བ་དང་རིག་པ་སྐྱོན་ཅན།དབང་བོ་སྐྱོན་ཅན་གཞན་དག་བཅས་ལ་རྒྱ་བསྐྱེད་དེ།ཡུན་རིང་གཉོར་སྐྱོང་བྱ་དགོས་པའི་དབང་བོ་སྐྱོན་ཅན་ཡོད་ཚད་ལ་ནད་གཡོག་ཁ་གསབ་སྟེར་བའི་ལམ་ལུགས་འགྲུབ་པར་རིམ་གྱིས་སྐུལ་འདེད་གཏོང་དགོས།ཡུན་རིང་གཉོར་སྐྱོང་ཞེས་པ་ནི་དབང་སྐྱོན་གྱི་རྐྱེན་ལས་བྱུང་བའི་དམིགས་བསལ་འཛད་སྤྱོད་དངོས་རྫས་དང་གཉོར་སྐྱོང་ཞབས་ཞུའི་འགྲོ་སྒོ་རྒྱུན་མཐུད་སྒོས་ཟླ་བ6གི་ཡན་ལ་བཏང་བར་བསྟན།

 (གཉིས)ཁ་གསབ་ཚད་གཞི། 

དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ཚད་གཞི་དེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་དབང་བོ་སྐྱོན་ཅན་གྱི་འཚོ་བའི་འགན་སྲུང་དགོས་མཁོ།ཡུན་རིང་གཉོར་སྐྱོང་དགོས་མཁོ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས་གཏན་ལ་དབབ་དགོས་པར་མ་ཟད་འོས་འཚམ་གྱིས་སྙོམ་སྒྲིག་བྱེད་དགོས།ཆ་རྐྱེན་འཛོམས་པའི་ས་ཆར་དབང་བོ་སྐྱོན་ཅན་གྱི་དཀའ་ཁག་གི་ཚད་ལྟར་ཁ་གསབ་ཚད་གཞི་གཏན་ལ་ཕབ་ཆོག་ལ།ལམ་ལུགས་ཀྱི་ཞིབ་དག་རང་བཞིན་མཐོར་འདེགས་བཏང་སྟེ་ཁ་གསབ་ནུས་ཚད་ཆེ་རུ་གཏོང་དགོས།

(གསུམ)ཁ་གསབ་སྟེར་སྟངས། 

དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ནི་དངུལ་སྨར་གྱི་རྣམ་པས་ཟླ་ལྟར་སྟེར་དགོས།ཆ་རྐྱེན་འཛོམས་པའི་ས་ཆ་ནས་དོན་དངོས་གནས་ཚུལ་ལྟར་ཁ་གསབ་ཀྱི་རིགས་དང་ཚད་གཞི་ཞིབ་མོར་བཀར་ཏེ།བཙོངས་འཛིན་ལྟར་རྩིས་ལེན་བྱེད་པའམ་ཡང་ན་སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་ཚུལ་གྱིས་ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གྱི་གསབ་དངུལ་སྟེར་ཆོག

 (བཞི)སྲིད་ཇུས་སྦྲེལ་མཐུད།

 ཆ་རྐྱེན་དང་འཚམ་པའི་དབང་བོ་སྐྱོན་ཅན་གྱིས་དུས་མཉམ་དུ་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་རེ་ཞུ་བྱས་ཏེ་བླངས་ཆོགདབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ཆ་རྐྱེན་དང་འཚམ་པར་མ་ཟད།ལོ་རྒས་པ་དང་གཞུང་དོན་ཆེད་དབང་བོ་སྐྱོན་པ།ལས་བྲལ་ངལ་གསོ་སོགས་ཀྱི་ཕན་བདེ་རང་བཞིན་གྱི་འཚོ་བའི་ཁ་གསབ(ཕོགས་སྣོན)དང་ནད་གཡོག་ཁ་གསབ་(ཕོགས་སྣོན)ཀྱི་ཆ་རྐྱེན་ལའང་འཚམ་པའི་དབང་བོ་སྐྱོན་ཅན་ཡིན་ན།དེ་དག་ལས་མཐོན་པོ་བདམས་ནས་འཚོ་བའི་ཁ་གསབ(ཕོགས་སྣོན)དང་ནད་གཡོག་ཁ་གསབ(ཕོགས་སྣོན)བླངས་ཆོགདྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་སྲིད་ཇུས་ལོངས་སུ་སྤྱོད་བཞིན་པའི་དབང་བོ་སྐྱོན་ཅན་བྱིས་པར་དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་མེད་མོད་ཚད་ལྕི་མོའི་དབང་བོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་ལོངས་སུ་སྤྱད་ཆོགདབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་ཡོང་སྒོ་ནང་མི་བརྩི།ལས་རྨས་འགན་བཅོལ་གྱི་འཚོ་བ་དང་ནད་གཡོག་ཁ་གསབ་ལེན་གྱིན་པ་དང་དཀའ་ཁག་ཤིན་ཏུ་ཆེ་གྲས་ཀྱི་གསོ་སྐྱོང་འགན་སྲུང་དུ་བསྡུས་པའི་དབང་བོ་སྐྱོན་ཅན་ལ་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་མེད།

 གསུམ་པ། ཞུ་ལེན་གོ་རིམ་དང་དོ་དམ་བྱ་ཐབས།

 (གཅིག)རང་མོས་རེ་ཞུ། དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཁྱིམ་ཐོ་གང་ན་ཡོད་པ་དེ་གའི་སྲང་ལམ་དོན་གཅོད་ཁང་ངམ་ཞང་སྲིད་གཞུང་གི་དང་ལེན་བྱེད་གནས་སུ་སོང་སྟེ་ཡིག་ངོས་རེ་ཞུ་བྱེད་ཆོགདབང་བོ་སྐྱོན་ཅན་གྱི་ཁྲིམས་འཛིན་ལྟ་སྐྱོང་བ་དང་།ཁྲིམས་འཛིན་ཞབས་ཏོག་པ་འམ་སྙོར་སྐྱོང་བ།གསོ་སྐྱོང་འགན་འཁུར་བ་དང་།སྡོད་གནས་ཀྱི་སྡེ་དམངས་(སྡོད་དམངས)ཨུ་ཡོན་ལྷན་ཁང་དང་མངག་བཅོལ་པ་གཞན་པས་ཚབ་བྱས་ཏེ་རེ་ཞུ་བྱེད་ཆོགདབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་རེ་ཞུ་བྱེད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་གྱི་འཛིན་ཡིག་རབས་གཉིས་པ་དགོས་པར་མ་ཟད་འབྲེལ་ཡོད་བདེན་དཔང་ཡིག་ཆ་ཡར་སྤྲོད་དགོས།

 (གཉིས)རིམ་ལྟར་ཞིབ་བཤེར། 

སྲང་ལམ་དོན་གཅོད་ཁང་ངམ་ཞང་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཞབས་ཞུ"གནས་གཅིག་ཏུ་དང་ལེན་བྱེད་ཅིང་མཉམ་སྡེབ་སྒོས་སྒྲུབ་པའི"རྐྱེན་སྲོལ་ལ་བརྟེན་ནས།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་རེ་ཞུ་དང་ལེན་བྱེད་པ་མ་ཟད་ཐོག་མའི་ཞིབ་བཤེར་བྱེད་དགོས།ཐོག་མའི་ཞིབ་བཤེར་བྱས་ནས་ཚད་ལོངས་པའི་རྒྱུ་ཆ་དག་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་བསྐྱལ་ཏེ་ཞིབ་བཤེར་གཏན་འབེབས་བྱེད་དགོས་ལ།དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དེ་སྡོད་དམངས་ཁྱིམ་ཚང་དཔལ་འབྱོར་གནས་ཚུལ་གྱི་ཞིབ་བསྡུར་རྐྱེན་སྲོལ་ལ་བརྟེན་ནས་གཏན་འབེབས་བྱེད་དགོས།ཞིབ་བཤེར་གཏན་འབེབས་བྱས་ནས་ཚད་ལོངས་པའི་རྒྱུ་ཆ་དག་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་རྫོང་རིམ་པའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་རིམ་པའི་གཅིག་པའི་ནོར་སྲིད་སྡེ་ཁག་ལ་ཕུལ་ནས་མ་དངུལ་གཏོང་སྤྲོད་བྱེད་པའི་རེ་བ་ཞུ་དགོས།

 (གསུམ)ཁ་གསབ་གཏོང་སྤྲོད།

ཁ་གསབ་ཐོབ་ཐང་ཞིབ་བཤེར་གཏན་འབེབས་བྱས་པ་ཚད་ལོངས་པའི་དབང་བོ་སྐྱོན་ཅན་ལ་རེ་ཞུ་ཕུལ་བའི་ཟླ་དེ་ནས་བཟུང་ཁ་གསབ་སྟེར་བ་ཡིན།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ནི་སྤྱི་ཚོགས་ཅན་གྱི་རྣམ་པ་ལྟར་སྟེར་བ་ཡིན་ཏེ།དངུལ་རྩའི་ལས་ཁུངས་ཀྱི་རྩིས་ཐོ་སྤོ་སྤྲོད་བརྒྱུད་དེ་དབང་བོ་སྐྱོན་ཅན་གྱི་དངུལ་བྱང་ཐོག་འཇོག་པ་ཡིན།དམིགས་བསལ་གནས་ཚུལ་འོག་ཐད་ཀར་དངུལ་སྨར་སྟེར་དགོས་ཚེ།ཆེད་དུ་ལྟ་སྐུལ་དོ་དམ་བྱེད་ཐབས་བཙུགས་ཏེ་རྫུན་ལེན་དང་བསྐྱར་ལེན།འཕྲི་གཅོག་བཅས་བྱེད་པའི་གནས་ཚུལ་སྔོན་ནས་གཏན་འགོག་བྱེད་དགོས།

(བཞི)དུས་ལྟར་བསྐྱར་ཞིབ། 

དབང་བོ་སྐྱོན་ཅན་གྱིས་རང་འགུལ་གྱིས་སྙན་སེང་ཞུ་བ་དང་གཏོང་སྤྲོད་སྡེ་ཁག་གིས་དུས་བཅད་ལྟར་ཟུར་བཤེར་བྱེད་པ་ཟུང་དུ་སྦྲེལ་བའི་ཐབས་སྤྱད་དེ།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ལ་དུས་བཅད་ལྟར་བསྐྱར་ཞིབ་བྱེད་པའི་ལམ་ལུགས་འཛུགས་པ་དང་།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་སྟེར་དགོས་པ་སྟེར་ཡག་བྱེད་པ་དང་སློག་དགོས་པ་གཙང་སློག་བྱེད་པའི་འགུལ་རྣམ་དོ་དམ་དངོས་འབེབས་བྱེད་དགོས།དུས་བཅད་བསྐྱར་ཞིབ་ཀྱི་ནང་དུ་རེ་ཞུ་རྒྱག་མཁན་གྱི་ཐོབ་ཐང་ཆ་རྐྱེན་ལ་འགྱུར་བ་བྱུང་ཡོད་མེད་དང་ཁ་གསབ་དུས་ཐོག་ཏུ་ཁ་ཚང་སྟེར་ཐུབ་ཀྱི་ཡོད་མེད་བཅས་འདུ།

 བཞི་པ། འགན་སྲུང་བྱེད་ཐབས།

 (གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། 

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ལམ་ལུགས་འཛུགས་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས།སྲིད་གཞུང་གིས་མགོ་ཁྲིད་བྱེད་པ་དང་།དམངས་སྲིད་ཀྱིས་སྣེ་འཁྲིད་པ།དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རམ་བུ་འདེགས་པ།སྡེ་ཁག་ཕན་ཚུན་མཉམ་ལས་བྱེད་པ།སྤྱི་ཚོགས་ཀྱང་ལས་དེར་འཇུག་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།དམངས་སྲིད་སྡེ་ཁག་གིས་གཙོ་གཉེར་སྡེ་ཁག་གི་ལས་འགན་ཁུར་ཏེ།ཁ་གསབ་ཐོབ་ཐང་ལ་ཞིབ་བཤེར་གཏན་འབེབས་དང་ཁ་གསབ་གཏོང་སྤྲོད།ལྟ་སྐུལ་དོ་དམ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་།ཁ་གསབ་རིགས་གཉིས་ཀྱི་ལམ་ལུགས་དེ་འབྲེལ་ཡོད་སྤྱི་ཚོགས་ཕན་བདེ་དང་།སྤྱི་ཚོགས་རོགས་སྐྱོབ།སྤྱི་ཚོགས་འགན་བཅོལ་ལམ་ལུགས་བཅས་ལ་སྦྲེལ་མཐུད་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་དགོས།ནོར་སྲིད་སྡེ་ཁག་གིས་མ་དངུལ་འགན་སྲུང་བྱེད་པར་ཤུགས་སྣོན་པ་དང་།དུས་ཐོག་ཏུ་ཁ་གསབ་མ་དངུལ་དང་བྱ་བའི་གྲོན་དངུལ་ཁ་ཚང་བཀོད་སྒྲིག་བྱས་ཏེ།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ལམ་ལུགས་བདེ་ལེགས་ངང་ལག་བསྟར་ཐུབ་པ་ཁག་ཐེག་བྱེད་དགོས།ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་འཕར་སྣོན་བྱས་ནས་རྒྱབ་སྐྱོར་བྱེད་པ་ཡིན།དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས"འཐུས་ཚབ་དང་།ཞབས་ཞུ།དོ་དམ"བཅས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ།དུས་ཐོག་ཏུ་དབང་བོ་སྐྱོན་ཅན་གྱི་དགོས་མཁོ་ལ་རྒྱུས་ལོན་བྱེད་པ་དང་།དབང་བོ་སྐྱོན་ཅན་གྱི་དཔང་ཡིག་སྟེར་སྤྲོད་ཀྱི་དོ་དམ་བྱ་བ་གཟབ་ནན་སྒོས་བསྒྲུབས་ཏེ།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་འབྲེལ་ཡོད་ཞིབ་བཤེར་བྱ་བ་ལེགས་པོར་བསྒྲུབ་དགོས།

 (གཉིས)ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་ཤུགས་སྣོན་པ། 

ས་གནས་སུ་ལག་བསྟར་བྱེད་ཀྱིན་པའི་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ལམ་ལུགས་ཀྱི་ཁ་གསབ་སྟེར་ཡུལ་ནི་བསམ་འཆར་འདིའི་ནང་དོན་ལས་ཁྱབ་ཆུང་ན།ངེས་པར་དུ་བསམ་འཆར་འདི་ལྟར་ནན་མོར་བསྒྲུབ་དགོས་ལ།ཆ་རྐྱེན་ལྡན་པའི་ས་ཆ་ནས་ད་དུང་ཁ་གསབ་ཁྱབ་ཁོངས་འོས་འཚམ་གྱིས་རྒྱ་བསྐྱེད་ཆོགསྲིད་གཞུང་གིས་ཞབས་ཞུ་ཉོ་བ་དང་།ཁྲོམ་རའི་ཞབས་ཞུར་སྣེ་སྟོན་པ།དགེ་སྒྲུབ་དང་བླངས་ཞབས་ཞུར་སྐུལ་མ་གཏོང་བ་བཅས་བརྒྱུད་དེ།ཁ་གསབ་དང་ཞབས་ཞུ་གཞི་གཅིག་ཟུང་དུ་འབྲེལ་བའི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་དགེ་ཕན་མ་ལག་འཐུས་ཚང་དུ་བཏང་སྟེ།དབང་བོ་སྐྱོན་ཅན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས།

(གསུམ)ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ། 

ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་བྱ་བ་ལོ་འཁོར་གྱི་ཞིབ་དཔྱད་ནང་དོན་གྱི་གྲས་སུ་བཞག་སྟེ།དོན་འཁྱོལ་གནས་ཚུལ་གཙིགས་སུ་བཟུང་ནས་ལྟ་སྐུལ་བྱེད་དགོས།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་མ་དངུལ་གཏོང་སྤྲོད་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་དུས་བཅད་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ།སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་།ནོར་སྲིད་དང་རྩིས་བཤེར།ལྟ་ཞིབ་སྡེ་ཁག་བཅས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ།བཙན་འཛིན་དང་གཞན་སྤྱོད།གཡོ་ལེན་བཅས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་སྔོན་འགོག་བྱེད་དགོས།དམངས་སྲིད་སྡེ་ཁག་གིས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དུས་བཅད་ལྟར་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་བྱ་བའི་ཕན་འབྲས་ལ་དཔྱད་བསྡུར་བྱེད་པ་དང་།དབང་བོ་སྐྱོན་ཅན་དང་མང་ཚོགས་གཞན་པའི་ཞུ་གཏུག་དང་གྲོས་གཞི་དུས་ཐོག་ཏུ་ཐག་བཅད་དེ།མུ་མཐུད་དུ་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་།དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་སྲུང་སྐྱོབ་བྱེད་དགོས།དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་ཀྱི་དྲྭ་རྒྱའི་ཆ་འཕྲིན་སྟེགས་བུ་གཅིག་གྱུར་ཅན་འཆར་འགོད་འཛུགས་སྐྲུན་བྱས་ཏེ།གཞི་རྩའི་ཆ་འཕྲིན་ལ་ལྟ་ཞིབ་ཚད་འཇལ་དང་།ཞིབ་བསྡུར།ཕྱོགས་བསྡུས་དབྱེ་ཞིབ།འགུལ་རྣམ་དོ་དམ་བཅས་བྱེད་པར་ཤུགས་བསྣན་ཏེ།བྱ་བའི་ཕན་ཕྱོད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།

 (བཞི)སྲིད་ཇུས་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ། 

ས་གནས་སོ་སོས་དུས་ཐོག་ཏུ་སློབ་སྦྱོང་གསོ་སྦྱོང་རྩ་འཛུགས་བྱས་ཏེ།ཕྱོགས་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ལམ་ལུགས་ཀྱི་དགོངས་དོན་དང་ནང་དོན་ཁོངས་སུ་ཆུད་པར་བགྱིས་ནས།ཡང་དག་སྒོས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་བྱ་བ་ལག་ལེན་དུ་བསྟར་དགོས།སྨྱན་བྱེད་སྣ་ཚོགས་བེད་སྤྱོད་གང་ལེགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་ཀྱི་ལམ་ལུགས་དྲིལ་སྒྲོག་བྱས་ནས།གླེང་ཕྱོགས་ལེགས་པོ་ཞིག་བཟོས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལ་སྔར་ལས་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཕྱོགས་སུ་འཁྲིད་དགོས།དབང་བོ་སྐྱོན་ཅན་ལ་ཆ་འཕྲིན་ཐོབ་པའི་དམིགས་བསལ་རེ་འདུན་དང་དོན་དངོས་དཀའ་ཁག་ལ་སྒོས་བསམ་གཞིགས་ལེགས་པོ་བཏང་སྟེ།བབ་བསྟུན་སྣ་མང་གི་རྣམ་པ་བརྒྱུད་དེ་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ཏེ།དབང་བོ་སྐྱོན་ཅན་དང་ཁོ་ཚོའི་བཟའ་མི་དག་གིས་དབང་བོ་སྐྱོན་གྱི་ཁ་གསབ་རིགས་གཉིས་ཀྱི་ནང་དོན་ཧ་གོ་བ་དང་།གཞི་རྩའི་རེ་ཞུའི་གོ་རིམ་དང་བླང་བྱར་རྒྱུས་ལོན་ཐུབ་པ་ཁག་ཐེག་བྱེད་དགོས།དུས་ཐོག་ཏུ་དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་སྲིད་ཇུས་འགྲེལ་བཤད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ།དབང་བོ་སྐྱོན་ཅན་ལ་རམ་འདེགས་བྱས་ནས་འབྲེལ་ཡོད་འགྲོ་ལུགས་སྟབས་བདེར་བསྒྲུབ་དགོས།

དབང་བོ་སྐྱོན་ཅན་གྱི་ཁ་གསབ་རིགས་གཉིས་ཀྱི་ལམ་ལུགས་ནི2016ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།ས་གནས་སོ་སོས་དོན་དངོས་དང་ཟུང་སྦྲེལ་གྱིས་ལག་བསྟར་མཐའ་འཁྱོལ་བྱེད་པའི་ཐབས་གཏན་ལ་འབེབས་པ་དང་།འབྲེལ་ཡོད་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱེད་དགོས།དམངས་སྲིད་སྡེ་ཁག་དང་ནོར་སྲིད་སྡེ་ཁགཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རང་རང་གི་འགན་འཁྲི་ལྟར་བྱེ་བྲག་གི་སྲིད་ཇུས་དང་བྱེད་ཐབས་མྱུར་དུ་གཏན་འབེབས་བྱེད་དགོས།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་འོས་འཚམ་ནང་རྩ་འཛུགས་བྱས་ཏེ་ཆེད་དམིགས་ལྟ་རྟོག་བྱ་རྒྱུ་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།