ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྤེལ〔2015〕ཡིག་ཨང1པ། ལས་ལེའུ་དང་པོ།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར།

2014ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ནས་ཀྲུང་དབྱང་གི་ཡིག་ཆ1པོའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱི་ཡོངས་བཀོད་པ་ལྟར། བརྟན་འཇགས་ངང་ཡར་རྒྱས་ཡོང་བར་བརྩོན་པའི་སྤྱིའི་མ་ཐིག་དམ་དུ་བཟུང་ནས། འཕར་སྣོན་བརྟན་སྲུང་དང་བཅོས་སྒྱུར་སྐུལ་སྤེལ། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་གཟིགས་སྐྱོང་། བརྟན་འཇགས་རྒྱུན་འཁྱོངས་བཅས་ཀྱི་སྲིད་ཇུས་ཐབས་བཀོད་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། གནད་འགག་གཏོར་ཞིང་དཀའ་ངལ་སེལ་བ། བབ་བསྟུན་ཐབས་ཇུས་འདོན་པ། ཧུར་ཐག་གིས་གདོང་གཏོད་པ་བཅས་བརྒྱུད། "ཞིང་གསུམ་འབྲོག་གསུམ"གྱི་འཕེལ་རྒྱས་ལ་འགག་སྒྲོལ་གསར་བ་དང་། གྲུབ་འབྲས་གསར་བ། སྒུལ་ཤུགས་གསར་བ་བཅས་ཐོབ་པས། བརྟན་བརླིང་ངང་ཅུང་མགྱོགས་པོར་འཕེལ་བ་དང་། བརྟན་འཇགས་ངང་འཕར་སྣོན་བྱུང་བ། བརྟན་འཇགས་ངང་སྤུས་ཚད་ཇེ་མཐོར་འགྲོ་བ། བརྟན་འཇགས་ངང་ཕན་འབྲས་ཇེ་ཆེར་འགྱུར་བའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་ཆགས་ཡོད། འབྲུ་རིགས་ཀྱི་ཐོན་ཚད་བསྟུད་མར་ལོ་བདུན་ལ་ཏུན་ས་ཡ་ལས་བརྒལ་ཞིང་། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་བསྟུད་མུར་ལོ་ལྔ་ལ་གནས་གྲངས་གཉིས་རེ་འཕར་བ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཕྱུགས་ལས་ཀྱི་འཕར་ཐང5%རྒྱུན་འཁྱོངས་བྱས་པའི་འཕར་སྣོན་འབྱུང་སྟངས་ལེགས་པོ་མངོན། རོང་འབྲོག་ཁུལ་གྱི་ལས་དོན་སོ་སོར་གྲུབ་འབྲས་གསར་བ་ཐོབ་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་འཇགས་ངང་ཡར་རྒྱས་ཡོང་བར་བྱེད་ནུས་དང་དཔུང་ཤུགས་བསྩལ།

རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་ལུགས་གསར་བར་ཞུགས་པ་དང་། རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་རྣམ་པ་བསྒྱུར་བའི་དུས་སྐབས་སུ་བསླེབས་ཡོད། ལོ་ངོ་དུ་མར་ཐོན་སྐྱེད་དང་ཡོང་འབབ་བསྟུད་མུར་འཕར་རྗེས། ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་སྲོལ་རྒྱུན་གྱི་རྒྱུ་རྐྱེན་གཙོ་བོ་རིམ་གྱིས་ཉམས་དམས་སུ་འགྲོ་བཞིན་ཡོད་པས། འཕེལ་རྒྱས་གཏོང་ཐབས་རྒྱུན་མ་ཆད་པར་བསྒྱུར་དགོས། རོང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བའི་ཐད་དུ་དཀའ་གནད་གསར་བར་འཕྲད་པས། ཡོང་འབབ་ཇེ་མང་དུ་གཏོང་བའི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་དགོས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བཞིན་ཞན་པས། དེའི་ཐད་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་འགན་སྔར་བཞིན་ལྕི་བས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་བོར་འཛིན་པའི་བླང་བྱ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཐམས་ཅད་ནས་མཐའ་གཅིག་ཏུ་ངེས་ཤེས་གསལ་བ་དང་མཐོང་ཆེན་བྱེད་པ། ཧུར་ཐག་འབད་བརྩོན་བགྱིས་པ་བཅས་རྒྱུན་བསྐྱངས་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་བསྐྲུན་པར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

2015ལོའི་ཞིང་ཕྱུགས་ལས་སམ་རོང་འབྲོག་ཁུལ་བྱ་བའི་སྤྱིའི་བླང་བྱ་ནི། ཏིང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་ཀྱི་མཛུབ་སྟོན་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། རང་འགུལ་གྱིས་དཔལ་འབྱོར་ཐད་ཀྱི་རྒྱུན་ལུགས་གསར་བར་བསྟུན་ཐབས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། བརྟན་འཇགས་ངང་འཕེལ་རྒྱས་ཡོང་བར་བརྩོན་པ་རྒྱུན་འཁྱོངས། བཅོས་སྒྱུར་གསར་གཏོད་བྱེད་པ་རྒྱུན་འཁྱོངས། ཁྲིམས་ལྟར་ཞིང་ལས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ནས། ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་པ་དེ་ཁ་ཕྱོགས་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་ཡོང་བ་དང་རོང་འབྲོག་པའི་ཡོང་འབབ་བསྟུད་མུར་འཕར་བ་དེ་དམིགས་འབེན་དུ་བཟུང་ཞིང་། མགྱོགས་མྱུར་སྒོས་ཞིང་ཕྱུགས་ལས་ཀྱི་འཕེལ་སྟངས་བསྒྱུར་བ་དང་། ཞིང་ཕྱུགས་ལས་ཀྱི་འཕར་གནས་གསར་བ་གསོ་སྤེལ་བགྱིས་ཤིང་། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བསྟུད་མུར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་དེ་ཡིན།

གཅིག སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།

སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དེ་རང་ཞིང་གིས་མ་འོངས་པར་ཁ་གཏད་པའི་འཐབ་ཇུས་གདམ་ག་ཡིན། དམིགས་སུ་བཀར་ནས་སྐྱེ་ཁམས་སྲུང་སྐྱོང་རྒྱུན་འཁྱོངས་དང་། སྲུང་སྐྱོང་བྱེད་ཞོར་འཕེལ་རྒྱས་སུ་གཏོང་བ་ལས། གནས་སྐབས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་བ་ཙམ་གྱི་ཆེད་དུ་སྐྱེ་ཁམས་ལ་གཏོར་བརླག་དང་ཁོར་ཡུག་ལ་གནོད་སྐྱེལ་བའི་ལས་ནི་གཏན་ནས་སྤེལ་མི་རུང་། སྐྱེ་ཁམས་དཔལ་འབྱོར་དེ་ལག་པས་འཆིང་ས་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་སྤེལ་དང་། ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།

1.སྐྱེ་ཁམས་སྲུང་སྐྱོང་གི་བཟོ་འགོད་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས། 

སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཏན་ཁེལ་བྱེད་པའི་བྱ་བ་ལེགས་པར་བསྒྲུབས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གཞི་ཐིག་དམ་པོར་སྲུང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལས་རིམ་གཉིས་པ་དང་མཚོ་སྔོན་པོའི་འབབ་ཡུལ། མདོ་ལ་རི་བོའི་ཆུ་ཁུངས་ཉར་གསོ་ཁུལ། ཚྭ་འདམ་གཞོང་། ཙོང་ཆུའི་འབབ་ཡུལ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བཟོ་འགོད་གལ་ཆེན་དག་ནུས་ཤུགས་ཡོད་རྒུས་སྤེལ་དགོས། བྱང་གསུམ་འགོག་སྲུང་ནགས་ཚལ་གྱི་ལས་རིམ་ལྔ་པ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ཀྱི་ནགས་ལས་བཟོ་འགོད་གལ་ཆེན་སྐུལ་སྤེལ་བྱེད་པ་དང་། ཟི་ལིང་དང་མཚོ་ཤར་གྱི་ལྷོ་རི་བྱང་རིར་ནགས་འཛུགས་ལྗང་བསྒྱུར་བྱ་དགོས། ནུབ་བྱང་རྒྱུད་ཀྱི་ཐན་པ་ཆེ་བའི་ས་ཁུལ་གྱི་ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་དང་རོང་འབྲོག་འདྲེས་མའི་རྒྱུད་ཀྱི་གསར་སྦོལ་བྱས་པའི་རྩྭ་ཐང་བཅོས་སྐྱོང་བྱེད་པའི་ཚོད་ལྟའི་གནས་འཛུགས་དགོས། ཆུའི་བརྫད་སྐྱོན་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དགོས། མིའི་ཐབས་ཀྱིས་ཆར་ཆུ་ཕབ་པའི་ལས་ཀ་སྤེལ་དགོས། རྨོ་བསྐྱུར་ནགས་སྐྱོང་རྩྭ་གསོ་བཟོ་འགོད་རེབ་གསར་བ་ལག་བསྟར་བྱས་ཏེ། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་རྫོང་གཙོ་གྲས་ཀྱི་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་ཐབས་བྱེད་པ་དང་། རླན་ས་སྲུང་སྐྱོང་དང་སླར་གསོ་བྱེད་པའི་བཟོ་འགོད་སྤེལ་དགོས། ཤར་རྒྱུད་ཀྱི་ས་དམར་དེའུ་འབུར་དང་ལུང་ཁུག་ས་ཁུལ་ཀྱི་འབབ་ཡུལ་ཆུང་གྲས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལག་ལེན་དུ་བསྟར་དགོས། ཕྱུགས་བསྐྱུར་རྩྭ་གསོ་དང་འབྲོག་ཁུལ་གྱི་གནོད་འཚེ་འགོག་སྙུང་བཟོ་འགོད་མྱུར་བར་སྤེལ་དགོས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་རྩོལ་ནུས་ཁུལ་གྱི་རིན་ཐང་དཔྱད་འཇོག་བྱ་བ་ལེགས་འགྲུབ་བྱ་དགོས། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གསར་གཏོད་བྱ་དགོས། མུ་རི་གཏེར་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱ་བར་སྐུལ་འདེད་བྱས་ཏེ། གཏེར་དོང་དང་སྙིགས་ཕུང་བཅོས་སྐྱོང་དང་། སྔོ་ཁེབས་དང་རླན་ས་སླར་གསོ་ཐད་དུ་གྲུབ་འབྲས་མངོན་གསལ་ཐོབ་པ་ཁག་ཐེག་བྱ་དགོས།

2.སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་ལམ་བྱ་དགའ་སྟེར་བའི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བྱ་དགོས། 

ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་དང་སྤྱོད་སྒོར་རྩིས་སྤྲོད་དོ་དམ་བྱེད་པའི་ལམ་ལུགས་ཆ་ཚང་བར་བྱ་དགོས། སྐྱེ་ཁམས་ཞབས་ཕྱིའི་རྩོལ་ནུས་རིན་ཐང་ཞིབ་རྩིས་མ་ལག་དང་ལྟ་བཤེར་སྔོན་བརྡའི་དཔྱད་འཇོག ཐོན་ཁུངས་རིན་ཡོད་བེད་སྤྱོད་སོགས་ཀྱི་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་བྱ་དགའ་སྟེར་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྐྱིན་གསབ་སྤྲོད་པ། སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་སྐྱིན་གསབ་སྤྲོད་པ་བཅས་ཀྱི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བྱ་དགོས། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གསབ་དངུལ་བྱ་དགའ་སྟེར་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། སྐྱེ་ཁམས་སྐྱིན་གསབ་སྤྲོད་པའི་རྐྱེན་སྲོལ་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། ཆུའི་སྐྱེ་ཁམས་ཀྱི་སྐྱིན་གསབ་སྤྲོད་པའི་སྲིད་ཇུས་སྔ་མོ་ནས་ལག་བསྟར་ཐུབ་པར་ཤུགས་བསྒྲིམས་ནས་སྐུལ་འདེད་བྱ་དགོས། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བཟོ་འགོད་ཀྱི་གསབ་དངུལ་དང་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་སྐྱིན་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་བར་བརྩོན་དགོས། བརླན་ས་དང་ཆུ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་སྐྱིན་གསབ་སྤྲོད་པའི་ཚོད་ལྟའི་བྱ་བ་མགོ་རྩོམ་ཅི་ཐུབ་བྱ་དགོས། རྩྭ་ཐང་དང་ནགས་ཚལ་གྱི་ཐཱན་སེལ་ཉོ་ཚོང་གི་རྐྱེན་སྲོལ་ལ་ཧུར་ཐག་སྒོས་འཚོལ་ཞིབ་བྱ་དགོས།

3.ཞིང་ཕྱུགས་ལས་ཀྱི་འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་བྱ་དགོས།

 ཆུ་དང་། ས་ཞིང་། ས་བོན། ལུད། ཞིང་སྨན་བཅས་བསྲི་བ་དང་འཁོར་སྐྱོད་ཀྱི་ཞིང་ཕྱུགས་ལས་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བ་དང་། སྡེབ་སྦྱོར་ལུད་འཇོག་བྱེད་པ་ཁྱབ་གདལ་དུ་གཏོང་དགོས། ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་བྱེད་པའི་ཞིང་ཆུ་འདྲེན་སྟངས་ལག་ལེན་དུ་བསྟར་དགོས། གཟན་རྩྭ་རྨོ་འདེབས་དང་། སོག་མ་སྔོ་ཉར། ནོར་ལུག་གསོ་སྤེལ། སྐྱེ་ལྡན་ལུད་རྫས་འཁོར་སྐྱོད་བེད་སྤྱོད་བཅས་གཙོ་ཡིན་པའི་རྩྭ་ཕྱུགས་མཉམ་འགུལ་འཁོར་སྐྱོད་ཀྱི་ཐོན་སྐྱེད་མ་དཔེ་ཁྱབ་གདལ་དུ་གཏོང་དགོས། ཞིང་ལས་ཐད་ཀྱི་ངོས་བྱུང་བརྫད་སྐྱོན་བཅོས་སྐྱོང་ཐད་ལ་ཤུགས་བསྣན་ཏེ། སོག་མ་དང་བྱ་ཕྱུགས་ཀྱི་གཅིན་སྐྱག་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་པ་དང་ཞིང་ནང་གི་འགྱིག་སྐྱི་ལྷག་རོ་ཕྱིར་བསྡུ་བྱེད་པའི་དཔེ་སྟོན་བྱེད་སྒོ་སྤེལ་དགོས་པ་མ་ཟད། གཏན་འབེབས་ལྟར་འབྲེལ་ཡོད་ནོར་ཁྲལ་སྲིད་ཇུས་ལོངས་སུ་སྤྱོད་དགོས། ཞིང་སྡེའི་རྫབ་རླངས་དང་ཉི་ནུས། སྐྱེ་དངོས་རྒྱུ་ཆའི་མེ་ཐབ་སོགས་ནུས་ཁུངས་གཙང་མ་འཕེལ་རྒྱས་སུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་དོར་སྙིགས་གནོད་མེད་ཅན་དང་ནུས་ཁུངས་ཅན། ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་པར་སྐུལ་འདེད་བྱ་དགོས། བྱ་ཕྱུགས་གཞི་ཁྱོན་ལྡན་པར་གསོ་སྤེལ་བྱས་པས་ཁོར་ཡུག་ལ་ཤུགས་རྐྱེན་གང་འདྲ་ཐེབས་པར་གདེང་འཇོག་བྱེད་པའི་ལམ་ལུགས་ལག་ལེན་དུ་བསྟར་དགོས།

4.ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འགན་ཁུར་རྐྱེན་སྲོལ་འཛུགས་དགོས།

 ས་ཞིང་གྲོན་ཆུང་ཞིབ་བསྡུས་སྒོས་སྤྱོད་པ་དང་། ཆུའི་ཐོན་ཁུངས་དོ་དམ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། ལྟ་རྟོག་དཔྱད་ཞིབ་དང་སྐུལ་སློང་གཅུན་སྡོམ་ཐད་ལ་ཤུགས་སྣོན་དགོས། ཁུངས་མགོར་སྲུང་སྐྱོང་དང་། ཁོར་ཡུག་བཅོས་སྐྱོང་། སྐྱེ་ཁམས་ཉམས་གསོ། འགན་འཁྲི་རྩད་གཅོད་བཅས་ཀྱི་ལམ་ལུགས་ཆེས་ནན་མོ་ལག་བསྟར་བྱ་དགོས། འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཆུའི་ཐོན་ཁུངས་རིགས་པས་སྒྲུབ་པའི་ལམ་ལུགས་དང་། ཆུའི་ཐོན་ཁུངས་ལ་རྟོག་ཞིབ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་དགོས། འགན་ཁུར་རྩད་གཅོད་དང་ལྟ་རྟོག་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱ་དགོས།

གཉིས། ཞིང་ཕྱུགས་ལས་ཀྱི་འཕེལ་སྟངས་མགྱོགས་མྱུར་ངང་བསྒྱུར་ཏེ། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་ཤུགས་བཏོན་ནས་མཐོར་འདེགས་བྱ་དགོས།

མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དར་རྒྱས་ཡོང་བར་བྱ་དགོས་ན། ངེས་པར་དུ་བྱེད་ཐབས་བསྒྱུར་བ་དང་སྤུས་ཚད་ཇེ་མཐོ་ཕན་འབྲས་ཇེ་ཆེར་བཏང་སྟེ། ལག་རྩལ་སྔོན་ཐོན་དང་ཐོན་རྫས་བདེ་འཇགས། གཞི་ཁྱོན་འོས་འཚམ། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་ཡིན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

5.འབྲུ་རིགས་ཐོན་སྐྱེད་ནུས་པ་བརྟན་སྲུང་བྱ་དགོས། 

རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ནན་ཏན་གྱིས་ལག་བསྟར་མཐའ་འཁྱོལ་བྱས་ནས། རྨོ་ཞིང་གི་སྲུང་སྐྱོང་དམར་ཐིག་དམ་སྲུང་བྱེད་པ་དང་། ཡུན་བརྟན་གཞི་རྩའི་ཞིང་ས་གཏན་འཁེལ་བྱེད་པ། ཞིང་སྡེའི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་དང་བསྐྱར་སྦོལ་བྱ་དགོས། སྐྱེ་དངོས་སྲུང་སྐྱོང་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་དང་། ལོ་ཏོག་གི་ནད་འབུའི་གནོད་པར་ལྟ་བཤེར་དང་ཉེན་བརྡ་སྔོན་གཏོང་བྱས་ཏེ། ཆེད་ལས་ཅན་གྱི་སྒོ་ནས་གཅིག་གྱུར་གྱིས་འགོག་བཅོས་བྱ་དགོས། འཛུགས་སྐྲུན་དུ་བཟུང་སྤྱོད་བྱས་པའི་རྨོ་ཞིང་བཤུས་ནས་རྨོ་འདེབས་རིམ་པའི་གཤིན་ས་ཡང་བསྐྱར་བེད་སྤྱོད་པ་དང་། འབྲུ་སྣུམ་གྱི་ཐོན་ཚད་མཐོན་པོ་གསར་སྐྲུན་བྱེད་པ་དང་ལྗང་མདོག་ཐོན་འཕར་མ་དཔེའི་འགག་སྒོ་སྒྲོལ་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པ་དང་། འབྲུ་རིགས་ཐོན་ཚད་འབེལ་བོའི་རྫོང་ལ་སྲིད་ཇུས་གསེག་གཞོལ་བྱེད་པར་ཤུགས་བསྣན་ཏེ། འབྲུ་རིགས་ཐོན་སྐྱེད་བརྟན་རླིང་ངང་འཕེལ་རྒྱས་སུ་འགྲོ་བ་ཁག་ཐེག་དང་། རོང་འབྲོག་པའི་བཟའ་འབྲུ་དེ་རང་མཁོ་རང་འདོན་ཐུབ་པ་ཁག་ལེན་བྱ་དགོས།

6.ཚོད་སླེ་བཟོ་འགོད་ཀྱི་མཁོ་འདོན་ཆུ་ཚད་ཇེ་མཐོར་གཏོང་དགོས། 

ཚོད་སླེ་བཟོ་འགོད་འཛུགས་སྐྲུན་མུ་མཐུད་དུ་སྐུལ་སྤེལ་བྱེད་པ་དང་། སྔོ་ཚལ་དང་ཕག ནོར་ལུག འོ་མའི་ལས་རིགས། ཆུའི་ཐོན་རྫས། སིལ་ཏོག་ལས་རིགས་སོགས་ཀྱི་ཐོན་སྐྱེད་ལ་ཤུགས་བཏོན་ནས་དམ་འཛིན་བྱ་དགོས་ཤིང་། སྔོ་ཚལ་རྟེན་གཞི་དེ་རྨ་ཆུའི་རོང་ཁུལ་ཏུ་སྤོ་བ་དང་ཚྭ་འདམ་ས་ཁུལ་དུ་རྒྱ་སྐྱེད་པར་མུ་མཐུད་དུ་སྐུལ་འདེད་བྱ་དགོས། ཚོད་སླེ་བཟོ་འགོད་ལ་གྲོང་ཁྱེར་གྱི་ཧྲི་ཀྲང་ངམ་ཁུལ་གྱི་ཁུལ་དཔོན་གྱིས་འགན་ཁུར་བའི་ལམ་ལུགས་དང་དམིགས་འབེན་དཔྱད་ཞིབ་གདེང་འཇོག་སྐུལ་སློང་རྐྱེན་སྲོལ་ནན་ཏན་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། གཞི་རྩའི་ཚལ་ཞིང་གི་དམར་ཐིག་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་མཐོངས་ཡངས་སྔོ་ཚལ་འདེབས་འཛུགས་ལ་གསབ་དངུལ་སྟེར་བའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྔོ་ཚལ་གྱི་འདེབས་རྒྱ་བརྟན་སྲུང་བྱེད་པ་དང་། རང་ས་གནས་ཀྱི་དུས་ཚིགས་ལ་བསྟུན་པའི་སྔོ་ཚལ་རང་མཁོ་རང་འདོན་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། གཅིག་བསྡུས་ཡུག་འབྲེལ་གྱི་དྲོད་ཁང་བསྒྱུར་བཀོད་མཐོར་འདེགས་ལས་གཞི་ལག་བསྟར་བྱ་དགོས། སྐམས་ཤ་ལུག་ཤའི་ཐོན་ལས་འཕེལ་རྒྱས་འཆར་གཞི་སྐུལ་སྤེལ་བྱེད་པ་དང་། ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ་གཞི་ཁྱོན་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། བཞོན་མ་ཁ་ཐོར་དུ་གསོ་སྤེལ་བྱས་པ"ཁྱིམ་དུ་མི་འཇུག་པར་ཕྱུགས་གསོ་ར་བར་བཅོལ་བའི"འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཏེ། ཁ་ཐོར་དུ་གསོ་སྤེལ་བྱེད་མཁན་ཚོ་གསོ་སྤེལ་ར་བར་གཅིག་འདུས་བྱེད་པར་སྐུལ་འདེད་བྱ་དགོས། ཆུ་གྲང་མོའི་ཉ་རིགས་གསོ་སྤེལ་དེ་དར་ཞིང་རྒྱས་པར་གཏོང་དགོས།

7.རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་དོན་དམ་པར་བསྒྲུབ་དགོས། 

རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་གྱི་འཆར་འགོད་གཏན་ལ་དབབ་དགོས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཚད་ལྡན་ཅན་འཛུགས་སྐྲུན་དང་སྡེ་དཔོན་སློབ་ཆེན་སློབ་མས་ལས་ཀར་སྣེ་ཁྲིད་དང་གསར་གཏོད་བྱེད་པ་དེ་གཏིང་ཟབ་ཏུ་སྤེལ་དགོས། སྐྱེ་ཁམས་ཕྱུགས་ལས་མཉམ་འབྲེལ་ཁང་འཛུགས་པའི་ཚོད་ལྟའི་མགོ་རྩོམ་པ་དང་། རོང་འབྲོག་འདྲེས་མའི་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སྒྲིག་འཛུགས་ལ་སྐུལ་འདེད་བྱ་དགོས། ནོར་ནག་དང་བོད་ལུག་གི་ཕན་མཐོའི་ཆ་འགྲིག་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། བཀག་གསོ་དང་བཀག་གསོའི་ཞོར་ལ་འཚོ་བའི་གསོ་སྤེལ་འཕེལ་རྒྱས་སུ་གཏོང་དགོས། བྱ་ཕྱུགས་ཀྱི་རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བྱ་ཕྱུགས་ཀྱི་རྒྱུད་བཟང་སྐྱིན་གསབ་སྟེར་རྒྱ་ཇེ་ཆེར་གཏོང་བ་དང་། སོན་ཕྱུགས་ར་བ་སྣ་ཚོགས་འཛུགས་པར་རོགས་འདེགས་བྱ་དགོས། ཕྱུགས་རའི་སྤྱིལ་བུ་དང་རྩྭ་ཉར་སྤྱིལ་བུ། མི་ཟོག་གི་འཐུང་ཆུ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ལེགས་པོར་བསྒྲུབ་དགོས་པ་དང་། རྩྭ་འདེབས་པ་དང་འགོག་སྨན་བརྒྱག་པ། ཚན་རྩལ་ཁྱབ་གདལ་བྱེད་པ་སོགས་རྨང་གཞིའི་བྱ་བ་ཤུགས་ཆེར་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས།

8.གཟན་རྩྭ་དང་གཟན་ཆས་ཀྱི་ཐོན་ལས་རྒྱ་ཆེན་པོར་སྤེལ་དགོས། 

རྩྭའི་ཐོན་ལས་མགྱོགས་མྱུར་གྱིས་གོང་དུ་སྤེལ་བ་དང་། སྔོ་ཉར་མ་རྨོས་ལོ་ཏོག་དང་འབུ་སུ་ཧང་སོགས་གཟན་རྩྭ་དང་གཟན་ཆས་འདེབས་འཛུགས་དང་ལས་སྣོན་ལ་རྒྱབ་སྐྱོར་བྱ་དགོས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་འདེབས་གསོ་ཟུང་འབྲེལ་བྱེད་པའི་མ་དཔེའི་ཚོད་ལྟའི་གནས་སྤེལ་བ་དང་། མཐོ་སའི་རི་མ་ས་ཁུལ་དང་རོང་འབྲོག་འདྲེས་མའི་ས་རྒྱུད་དུ་གཟན་རྩྭ་འདེབས་རྒྱ་ཇེ་ཆེར་བཏང་ནས། གཟན་རྩྭ་དང་གཟན་ཆས་ཀྱིས་ཕྱུགས་འཚོ་བའི་ཁ་གསབ་བྱེད་པར་སྐུལ་འདེད་བྱ་དགོས། སྔོ་ཉར་དང་ཨེམ་འགྱུར་གྱི་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བ་དང་། མ་རྨོས་ལོ་ཏོག་སོགས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱ་དགོས། གཟན་རྩྭ་སྤུས་ལེགས་འདེབས་པའི་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་དགོས། གཟན་རྩྭ་དང་གཟན་ཆས་རྟེན་གཞིའི་སོན་རྒྱུད་ལེགས་བསྒྱུར་དང་། ཆུ་བེད་འཛུགས་སྐྲུན། བྱི་འབུའི་གནོད་འཚེ་འགོག་བཅོས་བཅས་ལ་རྒྱབ་སྐྱོར་བྱ་དགོས། མངའ་ཁོངས་སམ་ལས་རིགས་བརྒལ་བའི་གཟན་རྩྭ་གཟན་ཆས་ཐོན་སྐྱེད་དང་། ལས་སྣོན། གསོག་གྲབས་བཅས་ཀྱི་མ་ལག་དང་གནོད་སེལ་ཕྱུགས་སྐྱོབ་ཀྱི་འགན་སྲུང་རྐྱེན་སྲོལ་ཧུར་ཐག་གིས་འཛུགས་དགོས།

9.ནགས་ལས་ཐོན་ལས་སྤུས་ཀ་ལེགས་པོར་སྤེལ་དགོས། 

"ཤར་རྒྱུད་ཀྱི་སྟར་བུ་དང་ནུབ་རྒྱུད་ཀྱི་འཕང་འབྲས"ཀྱི་ཐོན་སྐྱེད་རྟེན་གཞི་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། སྟར་བུ་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་གོང་དུ་སྤེལ་བར་འདེགས་སྐྱོར་བྱ་དགོས། གཏེར་ལེན་ཁ་དང་ནུབ་མུ་ཧོང་གི་འཕང་འབྲས་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་བྱས་ཏེ། འཕང་འབྲས་ཀྱི་ཐོན་ལས་དར་ཞིང་རྒྱས་པར་གཏོང་དགོས། "ལྷོ་རྒྱུད་ཀྱི་བོད་ཇ་དང་ཙོང་ཆུའི་རྒྱུད་ཀྱི་སིལ་ཏོག"གི་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། པདྨ་རྫོང་གི་བོད་ཇ་འདེབས་འཛུགས་དང་ལས་སྣོན་དཔེ་སྟོན་རྟེན་གཞི་བཙུགས་ཏེ། འདེབས་འཛུགས་གཞི་ཁྱོན་རིམ་གྱིས་རྒྱ་བསྐྱེད་དགོས། སྟར་ཀ་དང་སྲེའུ་རྡོག་ཆེན། ཀན་ད་ཀ་རི་སོགས་ཀྱི་རྟེན་གཞི་ཧུར་ཐག་གིས་གསར་སྐྲུན་དང་སྒྱུར་བཀོད་བྱ་དགོས། སོན་བཟང་འདེབས་འཛུགས་བྱས་ཏེ་སྡོང་ཕྲུག་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་དགོས། ནགས་འོག་དཔལ་འབྱོར་གསོ་སྐྱོང་དང་འདེགས་སྐྱོར་དང་གོང་སྤེལ་བཅས་བྱ་དགོས། ནགས་ཚལ་དང་བརླན་ས། བྱེ་ཐང་སོགས་སྐྱེ་ཁམས་མཛེས་ལྗོངས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་ཧུར་ཐག་གིས་གོང་དུ་སྤེལ་དགོས།

10.ཐོན་རྫས་གྲགས་ཅན་མཐོར་འདེགས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། 

ཞིང་ཕྱུགས་ཐོན་རྫས་མིང་གྲགས་ཅན་དང་ཁྱད་པར་ཅན། སྤུས་ལེགས་ཅན། གསར་བྱུང་ཅན་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། མཚན་སྙན་ལྡན་པའི་ཐོན་རྫས་གྲགས་ཅན་གསོ་སྤེལ་བྱ་དགོས། "ནོར་ནག་གི་ཕ་ས་དང་། བོད་ལུག་གི་གཡང་ཁྱིམ"དང"སྐྱེ་ལྡན་འཕང་འབྲས་ཀྱི་ཕ་ཡུལ"ཞེས་པ་སྟོབས་ཤུགས་ཡོད་རྒུས་བསྐྲུན་དགོས། ཞིང་ཕྱུགས་ནགས་གསུམ་གྱི་ཐོན་རྫས་ལ"རྫས་གསུམ་རྟགས་གཅིག"གི་དཔང་དཔྱད་བྱེད་པར་ཤུགས་སྣོན་པ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་ཧུར་ཐག་གིས་སྐུལ་འདེད་བྱ་དགོས། ཁུངས་འདེད་ཆོག་པའི་མ་ལག་མགྱོགས་པོར་བསྐྲུན་ཏེ། ཁུངས་མགོ་ནས་སྤུས་ཚད་བདེ་འཇགས་ལ་ཚོད་འཛིན་བྱ་དགོས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དགའ་བདེ་དང་མདོ་ལ། ཐེམ་ཆེན་བཅས་རྫོང3གྱི་སྐྱེ་ལྡན་ཐོན་ཡུལ་དཔང་དཔྱད་ངོས་ལེན་བྱ་བ་ལེགས་འགྲུབ་ཡོང་བར་བརྩོན་དགོས། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་བྱེད་པའི་སྣེ་ཁྲིད་ཁེ་ལས་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་གྲགས་ཅན་བསྐྲུན་པར་སྐུལ་འདེད་བྱ་དགོས། མཐོ་སྒང་གི་ཞིང་ཕྱུགས་ལས་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས། རྫོང་དང་ཞང་གི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། དྲིལ་སྒྲོག་མཚམས་སྦྱོར་དང་ཁྲོམ་རའི་གཉེར་འཚོང་ལ་ཤུགས་སྣོན་པ་དང་། ཁ་ཆེའི་ཟས་རིགས་དུས་ཆེན་དང་མཚོ་སྔོན་ཚོང་གཏམ་ཚོགས་འདུ་སོགས་དུས་སྟོན་འགྲེམ་ཚོགས་དང་ཞིང་ཆེན་ཕྱིའི་བཤམས་སྟོན་འགྲེམ་འཚོང་སྒེའུ་ཁུང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་མཚན་སྙན་རྒྱ་ཁྱབ་ཏུ་གཏོང་དགོས།

11.ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དགོས། 

ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་སྐུལ་སློང་རྐྱེན་སྲོལ་ཆ་ཚང་བར་བྱས་ཏེ། ཚན་རིག་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་པ། ཁེ་ལས་ཀྱི་འཇོན་མི་བཅས་ཀྱིས་ཞིང་སྡེའི་ཚན་རིག་ཅན་གྱི་ཁེ་ལས་དང་གཉེར་གཞིའི་ལས་ཀར་སྣེ་ཁྲིད་དང་གསར་གཏོད་བྱེད་པར་སྣེ་སྟོན་དང་སྐུལ་བསྟོད་བྱ་དགོས། ཚན་རིག་ཞིབ་འཇུག་གི་འབྲས་བུ་བེད་སྤྱོད་དང་། ཐག་གཅོད། ཁེ་ཕན་དོ་དམ་དང་ཚན་རྩལ་མི་སྣའི་མ་རྐང་དབང་ཆ་སྐུལ་སློང་བྱེད་པའི་བཅོས་སྒྱུར་གྱི་ཚོད་ལྟ་བྱས་ནས། ཚན་རྩལ་མི་སྣའི་གསར་གཏོད་དང་ལས་སྤེལ་གྱི་བརྩོན་སེམས་སྐུལ་སློང་བྱ་དགོས། ཚན་རྩལ་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་སྤེལ་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་འཆར་འགོད་དམ་འཆར་གཞི་དང་ཚན་རྩལ་ཐོན་ཁུངས་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། ཁེ་ལས་ཀྱི་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་སྣེ་སྟོན་དང་འདེགས་སྐྱོར་བྱེད་པར་ཤུགས་བསྣན་ཏེ། ཁེ་ལས་ནི་ལག་རྩལ་གསར་གཏོད་དང་བེད་སྤྱོད་བྱེད་མཁན་གཙོ་བོར་འགྱུར་བར་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་ཇེ་མགྱོགས་སུ་བཏང་སྟེ། ཐོན་ལས་ཆེན་པོ9ཡི་ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་སྐྲུན་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་མཉམ་སྒྲུབ་གསར་གཏོད་མནའ་འབྲེལ་འཛུགས་པ་དང་། ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཚན་རྩལ་ར་བའི་ཁུལ་ལ་བརྟེན་ནས་ཞིང་ཕྱུགས་ལས་ཚན་རྩལ་མ་དངུལ་བསྡུ་རུབ་དང་། ཆ་འཕྲིན། ཐོན་རྫས་གྲགས་ཅན་བཅས་ཀྱི་ཞབས་ཕྱིའི་ལས་སྟེགས་དང་ཚན་རྩལ་ལས་སྤེལ་རྟེན་གཞི་འཛུགས་སྐྱོང་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཉོ་ཚོང་ལྟེ་གནས་འཛུགས་པར་འཚོལ་ཞིབ་བྱ་དགོས། ཉེར་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། ཞིང་ཕྱུགས་ལས་སུ་ཚན་རྩལ་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིབ་འཇུག་གྲུབ་འབྲས་གཞན་བསྒྱུར་བྱེད་པའི་ཁྲོད་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། སློབ་གྲྭ་ཆེན་མོའམ་ལས་རིགས་སློབ་གླིང་། ཚན་རྩལ་ཆེད་མངགས་པའི་དཔུང་སྡེ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དེང་རབས་སོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། "གསོ་སྐྱོང་རྒྱུད་སྤེལ་ཁྱབ་གདལ"གཞི་གཅིག་ཅན་གྱི་སོན་ལས་ཁེ་ལས་གསོ་སྐྱོང་བྱས་ཏེ། སོན་གསོ་གསར་གཏོད་དང་སོན་བཟང་མཁོ་འདོན་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། ས་བོན་བཟོ་འགོད་མུ་མཐུད་དུ་ལག་ཏུ་བསྟར་ནས། དུག་དབྱུང་ཞོག་ཁོག་དང་ནས། དཔྱིད་དུས་སྐེ་ཚེ་སོགས་ཀྱི་ས་བོན་གསོ་སྐྱོང་དང་གསར་བཟོ་བྱེད་སའི་རྟེན་གཞི་བསྐྲུན་དགོས། དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་གྱི་རྒྱ་སྐྱེད་པ་དང་སྤུས་ཚད་ཇེ་མཐོར་བཏང་ནས། ཚན་རྩལ་དཔེ་སྟོན་ཁུལ་ཕུལ་དུ་བྱུང་བ་བསྐྲུན་དགོས། རྨོན་ཆས་དང་སྐྱེ་ལྡན་ལུད་རྫས་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱ་དགོས།

12.ཞིང་ཕྱུགས་ལས་ཐོན་རྫས་འཁོར་རྒྱུག་བྱེད་སྟངས་གསར་གཏོད་བྱ་དགོས། 

ཞིང་ཕྱུགས་ལས་ཐོན་རྫས་ཁྲོམ་རའི་མ་ལག་གི་རྣམ་པ་བསྒྱུར་བ་དང་རིམ་པ་བསྟོད་པའི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ། ཤུགས་བསྒྲིམས་ནས་སྒྲིག་ཆས་འཛུགས་སྐྲུན་དང་ཆ་འགྲིག་ཞབས་ཕྱི་ཇེ་ལེགས་སུ་གཏོང་བ་དང་། ཉོ་ཚོང་ལམ་ལུགས་ཚད་ལྡན་དང་ཆ་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་ཐོན་རྫས་འཁོར་རྒྱུག་དྲ་བ་གཙོ་གྲས་འཐུས་ཚང་དུ་བཏང་སྟེ། སྔོ་ཚལ་སོས་ཉར་དང་ཞོག་ཁོག་གསོག་ཉར་གྱི་ནུས་པ་མཐོར་འདེགས་བྱ་དགོས། ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་དང་། ཞིང་ཁའི་ཁྲོམ་ར་དང་ཆ་འགྲིག་ཟོང་སྐྱེལ་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ས་ཁོངས་བརྒལ་བའི་གྲང་ཕྲེང་ཟོང་སྐྱེལ་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་ཞིང་ཕྱུགས་ཐོན་རྫས་སྡེབ་འཚོང་ཁྲོམ་རའི་ཚོད་ལྟའི་གནས་མུ་མཐུད་དུ་སྤེལ་དགོས། རོང་འབྲོག་ཁུལ་གྱི་བར་ཁེ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། རོང་འབྲོག་པའི་མཉམ་ལས་ཁང་དང་རང་འདེམས་ཚོང་ཁང་། སློབ་གྲྭ། ཁེ་ལས། སྡེ་ཁུལ་ཁ་འཕྲོད་པར་བྱ་དགོས། གློག་རྡུལ་ཚོང་དོན་དང་ཟོང་སྐྱེལ། ཉོ་ཚོང་། དངུལ་རྩ་སོགས་སྐོར་གྱི་ཁེ་ལས་དེ་ཞིང་ལས་དང་འབྲེལ་བའི་གློག་རྡུལ་ཚོང་དོན་ལས་སྟེགས་འཛུགས་སྐྲུན་ལ་ཞུགས་པར་རྒྱབ་སྐྱོར་བྱ་དགོས།

གསུམ། ཞིང་སྐྱེད་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རོང་འབྲོག་པའི་ཡོང་འབབ་བསྟུད་མུར་འཕར་བར་སྐུལ་དགོས།

རོང་འབྲོག་མང་ཚོགས་ཕྱུག་པོར་བསྒྱུར་དགོས་ན། ངེས་པར་དུ་ཞིང་ཕྱུགས་ལས་ནང་ཁུལ་གྱི་ཡོང་འབབ་འཕར་བར་བྱེད་པའི་བག་ཞའི་ནུས་པ་སྔོག་འདོན་གང་ལེགས་དང་། རོང་འབྲོག་ཁུལ་གྱི་ཐོན་ལས་གཉིས་པ་དང་གསུམ་པའི་ཡོང་འབབ་འཕར་སའི་བར་སྟོང་གསར་སྤེལ་དང་། རོང་འབྲོག་ཁུལ་གྱི་ཕྱི་ཕྱོགས་ཀྱི་ཡོང་འབབ་འཕར་བར་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་པ་དང་། སྲིད་ཇུས་ཐད་ནས་རོང་འབྲོག་པའི་ཡོང་འབབ་འཕར་བར་རོགས་རམ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རོང་ཁུལ་དུ་ཤུགས་བསྒྲིམས་ནས་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་ལེགས་པོར་སྤེལ་བ་དང་། རོང་འབྲོག་པའི་ལས་ཞུགས་དང་ལས་སྤེལ་ནུས་པ་ཇེ་མཐོར་བཏང་ནས། རྒྱུན་མཐུད་བརྟན་བརླིང་ངང་ལས་རྩོལ་ཡོང་འབབ་ཇེ་མང་དུ་གཏོང་དགོས། འབྲོག་ཁུལ་དུ་ཤུགས་བསྒྲིམས་ནས་སྐྱེ་ཁམས་གསབ་དངུལ་དང་བྱ་དགའ་སྟེར་བའི་སྲིད་ཇུས་དང་། སྐྱེ་ཁམས་བཟོ་འགོད་ལག་བསྟར། སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཅས་བརྒྱུད་ནས་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་བར་གྱི་ཡོང་འབབ་ཧེ་བག་བསྐྱུང་བར་འབད་དགོས།

13."ཞིང་གསུམ་འབྲོག་གསུམ"ཐད་ཀྱི་མ་དངུལ་གཏོང་འཇོག་བརྟན་རླིང་ངང་འཕར་བའི་རྐྱེན་སྲོལ་ཆ་ཚང་བར་བྱ་དགོས། 

ཞིང་ཕྱུགས་ལས་སམ་རོང་འབྲོག་ཁུལ་ནི་ནོར་སྲིད་འགྲོ་སོང་གིས་དམིགས་སུ་བཀར་ནས་འགན་སྲུང་བྱེད་པའི་ཁྱབ་ཁོངས་སུ་འཛིན་པ་རྒྱུན་བསྐྱངས་ནས། ནོར་སྲིད་ཀྱིས"ཞིང་གསུམ་འབྲོག་གསུམ"ཐད་ལ་འགྲོ་སོང་གཏོང་ཚད་མུ་མཐུད་ཁ་སྣོན་བྱེད་པ་དང་། ཞིང་ཆེན་ནོར་སྲིད་ཀྱི་སྔོན་རྩིས་འཕར་དངུལ་དེ"ཞིང་གསུམ་འབྲོག་གསུམ"ཐད་དུ་གསེག་གཞོལ་བྱ་དགོས། ནོར་སྲིད་ཀྱི་ཞིང་སྐྱོར་འགྲོ་སོང་གི་སྒྲིག་གཞི་ལེགས་བསྒྱུར་བྱས་ཏེ། གཙོ་བོར་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གལ་ཆེན། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ཕྱུགས་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག ཞིང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས། རོང་འབྲོག་ཁུལ་གྱི་དམངས་འཚོ་ལེགས་བཅོས་བཅས་ལ་རྒྱབ་སྐྱོར་བྱ་དགོས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་སྡེབ་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་སྐྱོར་མ་དངུལ་གྱི་རོགས་སྐྱོར་དང་དོ་དམ་མ་དཔེ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་། ཞིང་སྐྱོར་མ་དངུལ་དུམ་བུར་བགོས་ནས་གཤམ་དུ་སྤྲོད་པའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས་ཤིང་། དངུལ་བུན་ལ་སྐྱེད་ཀ་སྤྲོད་པ་དང་། ཉེན་ཁར་སྐྱིན་གསབ་སྟེར་བ། གསབ་དངུལ་གྱི་ཚབ་ཏུ་བྱ་དགའ་སྟེར་བ་བཅས་ཟུང་འབྲེལ་བྱས་ནས། ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་དེ་ཐད་ཀར་གཏོང་འཇོག་གཙོ་བོ་ཡིན་པ་ནས་གཞན་བརྒྱུད་སྒོས་རོགས་སྐྱོར་བྱེད་པར་བསྒྱུར་དགོས། ཞིང་འབྲེལ་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་དོན་དམ་པས་ཤུགས་སྣོན་པ་དང་། མངོན་གསལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དང་ཚད་ལྡན་དུ་བཏང་སྟེ། བཙན་འཛིན་གཞན་སྤྱོད་དང་རིམ་པ་རེ་རེས་བཀག་ཉར་བྱེད་པ་གཏན་འགོག་བྱས་ནས། མ་དངུལ་ཚད་ལྡན་བདེ་འཇགས་ཕན་ཡོད་སྒོས་སྤྱོད་པ་ཁག་ཐེག་བྱ་དགོས། ཞིང་སྐྱོར་མ་དངུལ་གྱི་གྲུབ་འབྲས་དཔྱད་ཞིབ་བྱེད་པར་ཤུགས་བསྣན་ཏེ། མ་དངུལ་སྤྱད་པའི་ཕན་ནུས་ཇེ་མཐོར་གཏོང་དགོས

14.ཞིང་ཕྱུགས་ལས་སུ་གསབ་དངུལ་སྟེར་བའི་སྲིད་ཇུས་ཀྱི་ནུས་ཕྱོད་ཇེ་མཐོར་གཏོང་དགོས། 

ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་ཇེ་ལེགས་སུ་གཏོང་དགོས། ཞིང་ཕྱུགས་ལས་སུ་གསབ་དངུལ་སྟེར་བའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་རླིང་རང་བཞིན་རྒྱུན་བསྐྱངས་ནས། ཞིང་ཕྱུགས་ལས་སུ་གསབ་དངུལ་སྟེར་བའི་སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་ནུས་ཕྱོད་ཇེ་མཐོར་གཏོང་དགོས། འབྲུ་སོན་ཐད་ཀར་ཁ་གསབ་དང་། སོན་བཟང་གི་གསབ་དངུལ། རྨོན་ཆས་ཉོ་སྒྲུག་གི་གསབ་དངུལ། ཞིང་ལས་རྒྱུ་ཆས་ཀྱི་ཕྱོགས་བསྡུས་གསབ་དངུལ་སོགས་ཀྱི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས། ཞིང་ཕྱུགས་ལས་ཀྱི་གནོད་འཚེ་འགོག་འཕྲི་དང་ཐོན་སྐྱེད་བརྟན་འཕར་བྱེད་པའི་གནད་འགག་ལག་རྩལ་གྱི་གསབ་དངུལ་ཇེ་ལེགས་སུ་བཏང་ནས། མུའུ་ཁྲི130ལ་འགྱིག་སྐྱི་ཡོངས་སུ་ཁེབས་པར་རྣང་མ་ཉིས་གཤིབ་ཀྱི་རྨོ་འདེབས་ལག་རྩལ་གྱི་གསབ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།

15.ཞིང་ཕྱུགས་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་ཤུགས་དྲག་ཏུ་གཏོང་དགོས། 

ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་བོར་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་སྒྲུབ་པའི་རྐྱེན་སྲོལ་གསར་གཏོད་ཀྱི་ཚོད་ལྟའི་བྱ་བ་ལེགས་འཛིན་བྱས་ཏེ། རོང་འབྲོག་དུད་ཁྱིམ་ལ་ཞིང་རྨོ་བའམ་ཕྱུགས་འཚོ་བ་དང་། གཅིག་གྱུར་གྱིས་འགོག་བཅོས་བྱེད་པ། གསོག་ཉར་རམ་འཁོར་རྒྱུག་བྱེད་པ་སོགས་ཞབས་ཕྱི་མཁོ་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། གཞི་རིམ་དུ་ཞིང་ལས་ལག་རྩལ་ཁྱབ་གདལ་བྱེད་པ་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱི་ལས་ཁུངས་བརྟན་སྲུང་དང་ཤུགས་དྲག་ཏུ་གཏོང་བ་དང་། གྲོན་དངུལ་འགན་སྲུང་དང་སྐུལ་སློང་བྱེད་པའི་རྐྱེན་སྲོལ་ཆ་ཚང་བར་བྱེད་པ་དང་། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། ཞིང་ཕྱུགས་ཐོན་ལས་ཚན་རྩལ་གསར་གཏོད་ཀྱི་རིམ་གསུམ་ལས་སྟེགས་ཁྱོན་ཡོངས་ནས་འཁོར་སྐྱོད་དང་ཕན་ཡོད་སྒོས་འབྲེལ་མཐུད་བྱེད་པ་ཇེ་ལེགས་སུ་གཏོང་བ་དང་། ཞིང་ལས་ལག་རྩལ་གྱི་དམིགས་བཙུགས་ལས་གནས་ཀྱི་ཞབས་ཕྱི་པའི་དོ་དམ་ལ་ཤུགས་བསྣན་ཏེ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་གྱིས་གཞན་སྒྱུར་བྱེད་པར་སྐུལ་འདེད་བྱ་དགོས། ལོ་ཏོག་གི་ནད་དང་འབུའི་གནོད་འཚེ་ཚབས་ཆེན་ལ་འཕྲལ་བསྟུན་དང་འགོག་བཅོས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། གཞི་རིམ་གྱི་ཞང་དང་གྲོང་རྡལ་གྱི་ཕྱུགས་སྨན་ཁང་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཁུངས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་སྤྱི་པའི་ལས་ཁུངས་ཀྱི་ཆ་རྐྱེན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེའི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ཕྱུགས་ལས་ཀྱི་འགན་བཅོལ་གྲོན་དངུལ་ལ་སྐྱིན་གསབ་སྤྲོད་ཚད་ཇེ་ཆེར་བཏང་ནས། སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་འགན་བཅོལ་ཁེབས་རྒྱ་ཇེ་ཆེར་གཏོང་དགོས། འབྲོག་ཁུལ་གྱི་བོད་ལུག་དང་ནོར་ནག་གི་འགན་བཅོལ་གྲོན་དངུལ་གྱི་སྐྱིན་གསབ་སྤྲོད་རྒྱ་བསྐྱེད་པའི་བྱ་བ་གོམ་ཁ་བརྟན་པོའི་ངང་སྤེལ་བ་དང་། འདེབས་འཛུགས་ལས་རིགས་དང་ནགས་ལས། སྒྲིག་ཆས་ཞིང་ཕྱུགས་ལས་བཅས་ཀྱི་འགན་བཅོལ་གྱི་འགན་ལེན་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཚོང་ལས་འགན་བཅོལ་ལ་བརྟེན་ནས"ཞིང་གསུམ་འབྲོག་གསུམ"གྱི་ཉེན་ཁ་འགན་སྲུང་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་བྱ་དགོས། གནོད་འཚེ་ཧ་ཅང་ཆེན་པོའི་འགན་བཅོལ་འཛུགས་པར་སྐུལ་འདེད་བྱ་དགོས། སྦྲག་སྲིད་མ་ལག་གིས"ཞིང་གསུམ་འབྲོག་གསུམ"ལ་བླ་ལྷག་གིས་ཞབས་ཕྱི་བསྒྲུབ་པར་རྒྱབ་སྐྱོར་བྱ་དགོས། གནམ་གཤིས་བརྟག་དཔྱད་ཀྱིས་ཞིང་ལས་སུ་ཞབས་ཕྱི་སྒྲུབ་པའི་རྐྱེན་སྲོལ་གསར་བསྐྲུན་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་མ་ལག་ཏུ་འདྲེས་པར་སྐུལ་འདེད་བྱ་དགོས། ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་རའི་མ་ལག་ཆ་ཚང་བར་བྱེད་པ་དང་། ཐོན་ཡུལ་དུ་སྡེབ་ཚོང་ཁང་བསྐྲུན་པར་རོགས་སྐྱོར་བྱ་དགོས། རྒྱལ་ཁབ་རིམ་པའི་ཞིང་སྡེ་བརྡ་འཕྲིན་ཅན་གྱི་དཔེ་སྟོན་ཞིང་ཆེན་ཤུགས་ཆེན་པོས་འཛུགས་སྐྲུན་བྱ་དགོས།

16.རོང་འབྲོག་ཁུལ་གྱི་ཐོན་ལས་དང་བོ་གཉིས་པ་གསུམ་པ་མཉམ་དུ་འདྲེས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་དགོས།

 ཐོན་ཁུངས་ཀྱི་གནས་བབ་ལེགས་པོར་རྐང་འཛུགས་པ་དང་། ཁྲོམ་རའི་དགོས་མཁོ་ཡིས་ལམ་སྣ་ཁྲིད་དེ། ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་དང་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན་ལས་རིགས། རོང་འབྲོག་ཁུལ་གྱི་ཞབས་ཕྱིའི་ལས་རིགས་བཅས་ཤུགས་ཆེན་པོ་གོང་དུ་སྤེལ་བ་དང་། རྨོ་འདེབས་གསོ་སྤེལ་ལས་སྣོན་དང་ཐོན་སྐྱེད་མཁོ་འདོན་ཕྱིར་འཚོང་བཅས་ཐོན་ལས་སྦྲེལ་རྡང་ཧྲིལ་བོ་མཉམ་འདྲེས་ངང་རྒྱས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་དགོས། ཧུར་ཐག་གིས་ཞིང་ཕྱུགས་ལས་ཀྱི་རྩོལ་ནུས་སྣ་ཚོགས་གསར་སྤེལ་བྱེད་པ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་སྤྲོ་གསེང་། ཡུལ་སྐོར་ལྟད་མོ། རིག་གནས་སློབ་གསོ་བཅས་ཀྱི་རིན་ཐང་སྔོག་འདོན་བྱ་དགོས། ལོ་རྒྱུས་དང་ས་ཁོངས། མི་རིགས་བཅས་ཀྱི་ཁྱད་ཆོས་འཛོམས་པའི་ཁྱད་ལྡན་མཛེས་ལྗོངས་ཡུལ་སྐོར་གྱི་ཞིང་སྡེ་དང་གྲོང་རྡལ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱས་ཏེ། རྣམ་པ་མང་ཞིང་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་སྤྲོ་གསེང་གི་ཐོན་རྫས་བསྐྲུན་དགོས། གྲོང་གསེབ་ཡུལ་སྐོར་སྤྲོ་གསེང་གི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པར་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་སྟེ། ལམ་ཐིག་ཕྱི་ནང་གི་ཚོང་གཉེར་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། དོ་དམ་གྱི་ཆུ་ཚད་དང་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་དགོས། གྲོང་གསེབ་ཡུལ་སྐོར་སྤྲོ་གསེང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ས་ཞིང་དང་། ནོར་སྲིད། དངུལ་རྩ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་། ཁྲལ་བསྡུ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། རོང་འབྲོག་ཁུལ་གྱི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ལ་གསོན་ཤུགས་བསྩལ་ཏེ། རོང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་འབྱུང་བར་བྱ་དགོས།

17.རོང་འབྲོག་ཁུལ་གྱི་ཕྱི་ཕྱོགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱ་བསྐྱེད་དགོས། 

གླ་རྒྱག་ཞིང་པའི་ལས་རིགས་ནུས་རྩལ་མཐོར་འདེགས་བྱེད་པའི་འཆར་གཞི་ལག་ལེན་ཏུ་བསྟར་དགོས། བྱེད་ལས་གཅིག་འདྲ་ལ་གླ་ཕོགས་གཅིག་འདྲ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། གླ་རྒྱག་ཞིང་པའི་ངལ་རྩོལ་གླ་ཕོགས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས་ཏེ། གླ་རྒྱག་ཞིང་པའི་གླ་ཕོགས་རྒྱུན་ལྡན་ངང་སྟེར་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས། གྲོང་ཁྱེར་དུ་ཡོང་བའི་གླ་རྒྱག་ཞིང་པ་དང་དེའི་ཁྱིམ་མིས་འདྲ་མཉམ་སྒོས་མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ལོངས་སུ་སྤྱོད་ཐུབ་པ་འགན་སྲུང་བྱེད་པ་དང་། མཁར་གྲོང་གི་སྤྱི་ཚོགས་འགན་བཅོལ་དེ་གླ་རྒྱག་ཞིང་པའི་རིགས་ལ་ཁེབས་ཚད་རྒྱ་བསྐྱེད་དགོས། གླ་རྒྱག་ཞིང་པའི་ལས་རིགས་ནད་རིགས་སྔོན་འགོག་དང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་དང་། གླ་རྒྱག་ཞིང་པས་ཁྲིད་པའི་བུ་ཕྲུག་གིས་ས་དེ་ག་ནས་འོས་འགན་སློབ་གསོ་མྱོང་བ་དང་འབྲིང་རྒྱུགས་སམ་མཐོ་རྒྱུགས་ལ་ཞུགས་པའི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། གླ་རྒྱག་ཞིང་པས་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལོངས་སུ་སྤྱོད་པའི་བྱེ་བྲག་གི་བྱེད་ཐབས་འཚོལ་ཞིབ་བྱ་དགོས། ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་མགྱོགས་མྱུར་ངང་སྤེལ་ཏེ། རིགས་བཀར་ནས་རོང་འབྲོག་ཁུལ་གྱི་གནས་སྤོ་པ་ཚོ་མཁར་གྲོང་དུ་གཞིས་ཆགས་སུ་འཇུག་དགོས་པ་མ་ཟད་ས་དེ་གའི་སྡོད་དམངས་དང་འདྲ་མཉམ་གྱི་ཐོབ་ཐང་ལྡན་པར་བྱ་དགོས། ད་ལྟའི་དུས་རིམ་འདིར། རོང་འབྲོག་པ་མཁར་གྲོང་དུ་གཞིས་ཆགས་སུ་འཇུག་པ་དེ། ས་ཞིང་དང་རྩྭ་སའི་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་། གཞིས་ས་བེད་སྤྱོད་དབང་ཆ། ཐུན་མོང་གི་ཁེ་སྤོགས་བགོ་བཤའ་དབང་ཆ་སོགས་ཕྱིར་འཐེན་བྱེད་པར་སྦྲེལ་མི་རུང་། ནུས་རྩལ་དང་མ་དངུལ་དང་དོ་དམ་ཉམས་མྱོང་བཅས་འཛོམས་པའི་གླ་རྒྱག་ཞིང་པ་ཕྱིར་གྲོང་གསེབ་ཏུ་ལོག་ནས་ལས་རིགས་སྤེལ་བར་ཁྲིད་སྟོན་བྱེད་པ་དང་། ཕྱོགས་ངེས་གཏན་གྱི་ཁྲལ་སྙུང་དང་ཡོངས་ཁྱབ་རང་བཞིན་གྱི་གླ་རིན་འཕྲི་ཆག་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལས་སྤེལ་གྱི་མ་རྩ་དང་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།

18.རོང་འབྲོག་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ལེགས་པོར་བསྒྲུབ་དགོས། 

"སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་ཐུབ་པ་གསུམ"གྱི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། དབུལ་སྐྱོར་ཐོན་ཁུངས་ལ་གཅིག་གྱུར་བཀོད་འདོམས་དང་སྡེབ་སྒྲིག་བྱེད་པ་དང་། གནད་ལ་འཁེལ་བའི་དབུལ་སྐྱོར་བཟོ་འགོད་ལག་བསྟར་བྱེད་པ། ས་ཁོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྐུལ་འདེད་དང་། རྐྱེན་སྲོལ་གསར་གཏོད་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས། ཆེས་དབུལ་བའི་ས་ཁུལ་དང་ཆེས་དབུལ་བའི་མང་ཚོགས་ལ་གཟས་ནས། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་འགོད་པའི་དབུལ་སྐྱོར་བྱེད་ཐབས་གཏན་ལ་ཕབ་ནས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། དབུལ་སྐྱོར་ཐོན་ལས་ཀྱི་ཚོད་ལྟའི་དཔེ་སྟོན་ར་བ་དར་ཞིང་རྒྱས་བར་གཏོང་དགོས། སྐྱེ་ཁམས་དབུལ་སྐྱོར་བཟོ་འགོད་ལེགས་པོར་སྒྲུབ་པ་དང་། འོད་ཝོལ་དབུལ་སྐྱོར་དང་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་གནས་ལག་བསྟར་བྱེད་མགོ་བརྩམ་དགོས་པ་དང་། གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཚོད་ལྟའི་གནས་སྤེལ་དགོས། དངུལ་རྩའི་དབུལ་སྐྱོར་ལ་སྐུལ་འདེད་བྱ་དགོས། གནས་སྤོས་དབུལ་སྐྱོར་བྱ་བ་ཧུར་ཐག་གིས་བརྟན་པོར་སྤེལ་དགོས། སློབ་གསོ་དབུལ་སྐྱོར་ལ་ཤུགས་སྣོན་པ་དང་། གསོ་སྦྱོང་དང་ལས་ཞུགས་ཕན་ཚུན་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ངལ་རྩོལ་པ་དབུལ་བོའི་ནུས་རྩལ་གསོ་སྦྱོང་དང་ཕྱིར་ཕ་ཡུལ་དུ་ལོག་པའི"རྗེས་ཀྱི་གཉིས་སློབ་མའི"ལས་རིགས་སློབ་གསོའི་གསོ་སྦྱོང་ལ་ཤུགས་བསྣན་ཏེ། ལས་ཞུགས་བརྟན་སྲུང་ཐུབ་པ་མངོན་འགྱུར་བྱ་དགོས། ཕྱུག་སྒྱུར་སྣེ་ཁྲིད་པའི་ལས་སྐྲུན་གསོ་སྦྱོང་གི་བཟོ་འགོད་ལག་ལེན་བྱ་དགོས། དབུལ་སྐྱོར་ལས་གཞིའི་མཆན་འགོད་དབང་ཆ་གཤམ་གྱི་རྫོང་ཁག་ཏུ་སྤྲོད་པ་དང་། མ་དངུལ་རྫོང་ཁག་ཏུ་ཁག་བགོ་བའི་དོ་དམ་རྐྱེན་སྲོལ་མུ་མཐུད་དུ་ལག་ལེན་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་དབུལ་སྐྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། དམིགས་འཛུགས་དབུལ་སྐྱོར་དང་སྡེ་ཁེ་མཉམ་འཛུགས། ཤོག་སྒྲིག་རོགས་སྐྱོར། ཁ་གཏད་རོགས་ལས་བཅས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། དབུལ་ཕོངས་རྫོང་དཔྱད་ཞིབ་དང་ཚོད་འཛིན། ཕྱིར་འབུད། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་དེས་བྱས་རྗེས་དང་ལས་ཆོད་དཔྱད་ཞིབ་བྱེད་པ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་སྒོ་ཚང་དུ་བཙུགས་ཏེ། སྤྱི་ཡོངས་ནས་དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་ཇེ་ལེགས་སུ་གཏོང་དགོས། ལོ་འདིའི་ནང་དུ་མི་ཁྲི20དབུལ་ཕོངས་ལས་ཐར་བར་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།