ཀྲུང་གོ་བོད་ཀྱི་དྲ་བ།

འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་ཐད་རྨང་གཞི་བརྟན་པོ་བཏིངས་པ། ༡

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ལྔ·བཅུ་གཉིས”སྐབས་ཀྱི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཔྱད་གཏམ།

“ལྔ·བཅུ་གཉིས”དུས་སྐབས་ནི་རང་རྒྱལ་འཕེལ་རྒྱས་ཐད་ཀྱི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེ་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ལམ་རྟགས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ལྔའང་རེད།

ཪྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཁོར་ཡུག་དང་།འཕེལ་རྒྱས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་ལེན་དགོས་པར་ཁ་གཏད་དེ།ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་དུས་དཔགས་བབ་བསྟུན་བྱས་པ་དང་།མཐུན་སྒྲིལ་གྱིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་གསར་སྤེལ་གསར་སྐྲུན་བྱས་པས།དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་མངོན་འགྱུར་བྱུང་ཞིང་།ལས་དོན་སྣ་ཚོགས་འཕེལ་རྒྱས་ཡོང་བའི་རྣམ་པ་གསར་བ་བཏོད།

དེང་སྐབས་ཀྱི་དོན་དངོས་གནས་ཚུལ་ལ་རྐང་འཛུགས་པ་དང་མ་འོངས་པའི་འཕེལ་རྒྱས་ལ་ཁ་གཏད་དེ།བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ཀྱི་མཐོང་རྒྱ་ཆེན་མོ་དང་རྒྱང་རིང་བའི་འཐབ་ཇུས་དམིགས་འབེན་ལ་བརྟེན་ནས།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བ་དང་།“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གཏན་ཁེལ་བྱས་ཏེ།“ལྔ·བཅུ་གསུམ”གྱི་མཇུག་ཏུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་པའི་དམིགས་འབེན་བཏོན།

དཔལ་འབྱོར་འཕེལ་རྒྱས་བརྟན་ཞིང་མགྱོགས་ལ།དམངས་འཚོའི་བདེ་སྐྱིད་བསྟུད་མར་འཕར་བ།རྒྱལ་སྤྱིའི་ཤུགས་རྐྱེན་ཚད་མཐོན་པོས་འཕར་བ་སྟེ།“ཀྲུང་གོ་རྟགས་ཅན་གྱི་མི་འཁོར”གྱིས་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་བརྟན་བརླིང་གིས་མདུན་སྐྱོད་བྱས་ཏེ།ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་མདུན་མ་མངོན་དུ་བསྒྱུར་བའི་རྒྱང་སྐྱོད་བགྲོད་ལམ་སྟེང་གོམ་པ་ཆེན་པོ་ཞིག་སྤོས།

མིག་སྔར།ཀྲུང་གོ་མི་དམངས་དངུལ་ཁང་གིས་ལོན་ཏོན་ནས་བདེ་བླག་ངང་མི་དམངས་ཤོག་སྒོར་དུང་ཕྱུར50ཡི་ཀྲུང་དབྱང་དངུལ་ཁང་གི་དངུལ་འཛིན་འགྲེམ་སྤེལ་བྱས་པས།“མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་འཐབ་ལམ་ཐད་གོམ་པ་ཆེན་པོ་སྤོས”ཞེས་ཕྱི་རྒྱལ་སྨྱན་བྱེད་ཀྱིས་དཔྱད་གཏམ་སྤེལ།

ཐོག་དང་པོར་སའི་གོ་ལ་ཡོངས་ཀྱི་དངུལ་ལོར་གཏོང་སྤྲོད་རྒྱལ་ཁབ་ཆེན་མོ་ཨང་བཞི་པར་གྱུར་པ་ནས། རྒྱལ་མཚམས་བརྒལ་ཏེ་མི་དམངས་ཤོག་སྒོར་གཏོང་སྤྲོད་བྱེད་པའི་མ་ལག་དྲ་ལམ་དུ་ཞུགས་པ་དང་།དེ་ནསIMFཡི་ལོ་ཚོགས་སྟེང་མི་དམངས་ཤོག་སྒོར་དེ་དམིགས་བསལ་སྒོར་ལེན་དབང་ཆ་ཡོད་པའི་གྲས་སུ་འཇོག་དགོས་མིན་གྱི་གླེང་མོལ་བྱས་པ་སོགས།ཉེ་བའི་ལོ་འདི་འགར།མི་དམངས་ཤོག་སྒོར་རྒྱལ་སྤྱིའི་སྟེང་དུ་བསྐྱོད་པར་གོམ་པ་རེ་རེ་བཞིན་སྐུལ་འདེད་བཏང་བས།ཟུར་ངོས་ནས་ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་པ་མཚོན་ཐུབ།

འདས་ཟིན་པའི་ལོ་ལྔ་ལ་ཕྱིར་ལྟ་བྱས་ན།ཀྲུང་གོའི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བཞིན་པའི་གདངས་དབྱངས་གཅིག་རྗེས་གཉིས་མཐུད་དུ་བྱུང་ཞིང་།“བཙན་གྱིས་ས་ཐོག་ལ་འབབ་ཏུ་བཅུག་པ”དང“རྩ་ཐོར་གླེང་བ”སོགས་གཅིག་འཇགས་གཅིག་ལངས་བྱས་མོད།འོན་ཀྱང་ཀྲུང་གོས་ཕུལ་དུ་བྱུང་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡིག་བྱང་ཞིག་སྤྲད།

དཔལ་འབྱོར་གྱི་འཕར་ཚད་འཛམ་གླིང་གི་སྔོན་གྲས་སུ་བསྐྱོད་པ།“ལྔ·བཅུ་གཉིས”སྐབས་སུ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ནའང་མྱུར་ཚད་ཇེ་དལ་དུ་སོང་མིད་ལ།ལོ་རེའི་ཆ་སྙོམས་ཀྱི་སྔོན་དཔག་འཕར་ཚད7.8%ལ་བསླེབས་པ་དེ།དུས་མཉམ་གྱི་འཛམ་གླིང་ཡོངས་ཀྱི2.5%ཡི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་ལས་མཐོ་བས།དཔལ་འབྱོར་གཙོ་གཞིའི་ཁྲོད་དུ་སྔོན་གྲས་སུ་ཚུད་ཡོད།“འཕར་ཚད་སྔར་བཞིན་འབྱོར་ལྡན་རྒྱལ་ཁབ་ཡོངས་ཀྱི་ཡིད་སྨོན་འཆོར་ས་རུ་གྱུར་ཡོད”ཅེས་ཨ་མི་རི་ཁའི《དུས་རབས》དུས་དེབ་ཀྱི་དྲ་ཚིགས་སུ་དེ་ལྟར་དཔྱད་གཏམ་སྤེལ་ཡོད།

དཔལ་འབྱོར་སྤྱི་གྲངས“སྟོབས་ཆེན”གྱི་གྲས་སུ་བརྟན་བརླིང་ངང་གནས་ཡོད།“ལྔ·བཅུ་གཉིས”སྐབས་སུ།ཀྲུང་གོའི་ཕྱོགས་བསྡུས་རྒྱལ་སྟོབས་འཛམ་གླིང་གི་གཡུལ་ས་ཨང་དང་པོ་རུ་གནས་ཡོད་པར་མ་ཟད།འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྤྱི་གྲངས“མི་སྒོར་དུང་ཕྱུར་ཁྲི10”ལས་བརྒལ་བའི་དཔལ་འབྱོར་གཙོ་གཞི་ཨང་གཉིས་པ་ཡིན་པ་དང་།འཛམ་གླིང་གི་དཔལ་འབྱོར་འཕེལ་བའི་ཐད་བྱས་རྗེས་བཞག་པའི་ཚད་བཞི་ཆའི་གཅིག་ལས་བརྒལ་ཡོད་པས།འཛམ་གླིང་ཡོངས་ཀྱི་མིང་དོན་མཚུངས་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད།

དཔལ་འབྱོར་འཕེལ་རྒྱས་ཐད་ཁྱད་དུ་མངའ་བའི་མཉེན་ཆ་དང་ཡིབ་ཤུགས། བསམ་བློ་གཏོང་ས་བཅས་མངོན་པ།“ལྔ·བཅུ་གཉིས”སྐབས་སུ།ཀྲུང་གོས་འཛམ་གླིང་གི་བཟོ་སྐྲུན་རྒྱལ་ཁབ་ཆེན་མོ་ཨང་དང་པོ་དང་ཆེས་ཆེ་བའི་ཉོ་ཚོང་རྒྱལ་ཁབ་མུ་མཐུད་དུ་བཟུང་བ་དང་མཉམ་དུ།མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་འབྲིང་རིམ་ནས་ཡར་འཕར་བའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་དང་།མཁར་གྲོང་ཅན་དུ་གྱུར་པའི་ཚད50%ལ་སླེབས་ཤིང་།ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་འཛམ་གླིང་གི་ཨང་གཉིས་པ་དང་།མགྱོགས་བགྲོད་ལྕགས་ལམ་གྱི་རྡོ་རིང་བཞག་པའི་ཚད་འཛམ་གླིང་གི་ཨང་དང་པོ་ཡིན།

འཛམ་གླིང་དངུལ་ཁང་གིས་སྤེལ་བའི་སྙན་ཞུ་ལྟར་ན།“ཀྲུང་གོ་ད་ལྟ་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་ནའང་དོ་མཉམ་དང་བསྟུད་མར་འཕེལ་འཐུས་པའི་གོང་འཕེལ་གྱི་ལམ་དུ་ཞུགས་ཡོད་པས། འདི་ནི་འཛམ་གླིང་གི་དཔལ་འབྱོར་གཙོ་གཞི་ཨང་གཉིས་པར་གྱུར་པའི་རྒྱུན་ཚུལ་གསར་བ་རེད།”

གཟི་བརྗིད་མཚན་སྙན་རེ་རེའི་རྒྱབ་ཏུ་འོད་སྟོང་འབར་བའི་གཟི་བརྗིད་གསར་བ་རེ་རེ་འདུས་ཡོད་པས།ཀྲུང་གོས་དུས་ཡུན་རིང་པོར་ཧུར་ཐག་འབད་འཐབ་བྱེད་ཀྱིན་པའི“གྲུབ་ཚུལ་ལེགས་སྒྲིག་དང་རྣམ་པ་བསྒྱུར་བར”མཆོངས་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་།མ་འོངས་པའི་འཕེལ་རྒྱས་ཐད་སྒུལ་ཤུགས་མི་དམན་པ་ཞིག་གསོག་འཇོག་བྱེད་ཀྱིན་ཡོད།

ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྔོན་དུ།ཕྱི་རྒྱལ་དུ་བསྒྲགས་འོངས་པའི་ཆ་འཕྲིན་ཞིག་ལ་མི་རྣམས་ཀྱིས་དོ་ཁུར་བྱེད་དགོས་བྱུང་།ཨ་མི་རི་ཁའི་ཅ་ལིས་ཧྥུའུ་ཉི་ཡ་ཀྲིག་གི་མགྱོགས་བགྲོད་ལྕགས་ལམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པ་སྟེ།ཀྲུང་གོའི་མགྱོགས་བགྲོད་ལྕགས་ལམ་ཁེ་ལས་ནང་དུ་འདུས་པའི་ཨ་མི་རི་ཁ་དང་རྒྱལ་ཁབ་གཞན་པའི་ཁེ་ལས་དང་ཚོགས་ཁག35ཡིས་ཟླ9པའི་ཚེས28ཉིན་གྱི་ཆེས་མཇུག་མཐའི་དུས་ཡུན་གྱི་སྔོན་དུ་ཅ་ཀྲུག་མགྱོགས་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུའི་འདོད་བློ་ཡི་གེ་སྤྲད།

སྔོན་ཆད་འབྱོར་ལྡན་རྒྱལ་ཁབ་ལ་གྱོན་ཆས་སོགས་ཕྱིར་གཏོང་བྱས་པ་ནས།ད་ལྟའི་འཛམ་གླིང་ཡོངས་ཀྱི་མངའ་ཁོངས་སུ“མགྱོགས་བགྲོད་ལྕགས་ལམ་རྒྱ་མཚོར་བརྒལ་བའི”བར་གྱི་ཀྲུང་གོའི་དཔལ་འབྱོར་ཐད་ཀྱི་འགྱུར་ལྡོག་ཡོད་ཚད་དེའི་ནང་དུ་འདུས་ཡོད།

“ལྔ·བཅུ་གཉིས”ཀྱི་སྐབས་སུ།ཞབས་ཞུའི་ལས་རིགས་ཐོག་མར་ལས་རིགས་གཉིས་པ་ལས་བརྒལ་ཏེ།རྒྱལ་དམངས་དཔལ་འབྱོར་གྱི་ཐོན་ལས་ཆེས་ཆེན་པོ་རུ་གྱུར་པ་དང་།དཔལ་འབྱོར་གྱི་འཕར་ཚུལ་དེ་བཟོ་ལས་ཀྱིས་གཙོ་ཁྲིད་བྱས་པ་ནས་ཞབས་ཞུ་ལས་རིགས་ཀྱིས་གཙོ་ཁྲིད་བྱེད་པར་མྱུར་དུ་བསྒྱུར།འཛད་སྤྱོད་ཀྱི་ཚད་མ་དངུལ་གཏོང་བ་ལས་བརྒལ་བ་དང་ཕྱིར་གཏོང་བྱེད་པ་དེ་དཔལ་འབྱོར་འཕར་བར་སྐུལ་བའི་སྒུལ་ཤུགས་གཙོ་བོར་གྱུར།“ཤིང་རྟ་འཁོར་ལོ་གསུམ”གྱི་སྒུལ་ཤུགས་རྣམ་པ་སྔར་ལས་མཐུན་སྦྱོར་ཡོང་བ།བཟོ་ལས་ཅན་དང་ཆ་འཕྲིན་ཅན་གཏིང་ཟབ་སྒོས་མཉམ་བསྲེས་དང་འཐབ་ཇུས་རང་བཞིན་གྱི་རྣམ་པ་གསར་བའི་ཐོན་ལས་གཞི་ཁྱོན་ཆེན་མོ་བསྟུད་མར་རྒྱ་བསྐྱེད་དེ།དྲ་འབྲེལ་དེ་ཁྱབ་ཁོངས་ཡོངས་སུ་མྱུར་དུ་སིམ་པ་བྱ་དགོས།གསར་སྐྲུན་སྒུལ་ཤུགས་ཀྱི་ནུས་པ་ཉིན་རེ་བཞིན་མངོན་པར་བྱས་ཏེ།ཚན་རྩལ་གྲུབ་འབྲས་ཐོན་པའི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ་དང་།ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་ཚད53%ལ་སླེབས།

“ལག་ལེན་གྱི་གྲུབ་འབྲས་འདི་དག་ནི་གྲུབ་འབྲས་ཆུང་ཆུང་ཡིན་ནའང་།ཇེ་ཆེར་འགྲོ་བའི་རྣམ་པ་ཡོངས་སུ་མངོན་འདུག”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ཚན་ཁག་གི་ཨུ་ཡོན་ལིས་དབྱང་གིས་དེ་ལྟར་འདོད་པ་དང་།དཔལ་འབྱོར་མྱུར་ཚད་མགྱོགས་འབྲིང་སྒོས་འཕར་ཏེ།ཆུ་ཚད་མཐོ་འབྲིང་དུ་སླེབས་པའི་གོ་རིམ་ཁྲོད།ཀྲུང་གོའི་དཔལ་འབྱོར་འཕར་བའི་སྤུས་ཚད་སྔར་ལས་མཐོ་བ་རེད།

དེང་སྐབས་ཀྱི་འཇིག་རྟེན་འདི་རུ།དཔལ་འབྱོར་སའི་གོ་ལ་ཡོངས་སུ་གཅིག་འགྲིལ་ཡོང་བ་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བའི་དར་སྲོལ་དེས།རྒྱལ་ཁབ་སོ་སོའི་ཁེ་ཕན་དང་ལས་དབང་སྔར་ལས་དམ་དུ་སྦྲེལ་ཡོད།ཀྲུང་གོ་ནི་དཔལ་འབྱོར་གཙོ་གཞི་གཙོ་བོ་ཞིག་ཡིན་པའི་ཆ་ནས།སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད།འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་འབུར་ཐོན་འཇོག་ཐུབ་པར་མ་ཟད།རང་སྟེང་གི་འཕེལ་རྒྱས་ཐད་ལའང་སྔར་ལས་རྒྱ་ཆེ་བའི་བར་གསེང་བསྐྲུན་ཐུབ།

“ལྔ·བཅུ་གཉིས”ཀྱི་སྐབས་སུ།ཀྲུང་གོའི་དངོས་སུ་བཀོལ་སྤྱོད་བྱེད་ཀྱིན་པའི་ཕྱི་དངུལ་འཛམ་གླིང་ཡོངས་ཀྱི་ཨང་དང་པོ་ཡིན་པས།སྔར་བཞིན་འཛམ་གླིང་སྟེང་གི་ཆེས་འགུག་ཤུགས་ལྡན་ཞིང་མ་དངུལ་གཏོང་ཡུལ་གྱི་གྲས་ཡིན།དེ་དང་མཉམ་དུ་ད་རུང་། ཀྲུང་གོའི་མ་དངུལ་འཛམ་གླིང་ཡོངས་སུ་བཀོད་སྒྲིག་བྱེད་པའི་ཚད་ཇེ་མགྱོགས་སུ་སོང་བས།ཕྱི་རོལ་ཏུ་ཐད་ཀར་བཏང་བའི་མ་དངུལ་རིམ་བསགས་ཀྱིས་མི་སྒོར་དུང་ཕྱུར4000ལ་སླེབས་པ་དེས།རྒྱལ་ནང་གི་ཐོན་ཁུངས་དཀོན་པའི་གནད་དོན་ནུས་ལྡན་སྒོས་ཁ་གསབ་བྱས་པ་དང་།ཀྲུང་གོའི་སྒྲིག་ཆས་གོམ་པ་ཆེན་པོས་འཛམ་གླིང་དུ་སྐྱོད་དུ་བཅུག

“ཀྲུང་གོའི་ཚོང་རྫས་དང་མ་དངུལ་འཛམ་གླིང་ཡོངས་སུ་ཁྱབ་ན།ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་ཐད་ཐེབས་པའི་ཤུགས་རྐྱེན་མུ་མཐུད་དུ་ཇེ་མཐོར་འགྲོ་ངེས་རེད”ཅེས་ཧ་ས་ཁུ་སི་ཐན་ཨ་ལ་མུའུ་ཐུའུ་དོ་དམ་སློབ་ཆེན་གྱི་ཀྲུང་གོའི་གནད་དོན་ཆེད་མཁས་པ་ཐུའུ་ལི་ཧྲོ་ཧྥུའུ་ཡིས་དེ་ལྟར་བཤད།

གལ་ཏེ་དཔལ་འབྱོར་གཞི་གྲངས་ཀྱིས་དོ་མཉམ་འཕེལ་རྒྱས་ཁྲོད་ཀྱི“གྲངས”ཀྱི་ཚད་གཞི་མངོན་ཐུབ་ན།དམངས་འཚོ་ལེགས་བཅོས་དེ་དོ་མཉམ་འཕེལ་རྒྱས་ཁྲོད་ཀྱི“སྤུས་ཀའི”ཚད་གཞི་རུ་བཟུང་ཆོག

“མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པ་དེ་ནི་ང་ཚོས་འབད་བརྩོན་ལྷོད་མིད་བྱེད་པའི་དམིགས་འབེན་ཡིན།”འདི་ནི་ཏང་ཀྲུང་དབྱང་གི་བསྒྲགས་གཏམ་ཡིན་ལ།“ལྔ·བཅུ་གཉིས”ནང་བསྟར་ལ་བརྒྱུས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིན་ཐང་ཁྲིད་སྟོན་པའང་ཡིན།

དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་ནའང་།དམངས་འཚོ་ལ་འགན་སྲུང་བྱེད་པའི་ཚད་ཇེ་མཐོར་འགྲོ་བ་དང་།དམངས་འཚོའི་ཐད་མ་དངུལ་གཏོང་བའི་ཚད་ཇེ་མཐོར་འགྲོ་བཞིན་ཡོད།“ལྔ·བཅུ་གཉིས”ཀྱི་སྐབས་སུ།ཀྲུང་དབྱང་ནོར་སྲིད་ཀྱིས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་ཐད་བཀོད་སྒྲིག་བྱས་པའི་མ་དངུལ་སྒོར་དུང་ཕྱུར4800ལས་བརྒལ།ནོར་སྲིད་ཡོང་སྒོ་དམངས་འཚོའི་ཐད་བཀོལ་བའི་བསྡུར་ཚད

70%ཡན་ལ་སླེབས།2011ལོ་ནས2014ལོའི་བར།རྒྱལ་ཡོངས་སུ་བསྡོམས་པས་འགན་སྲུང་སྡོད་ཁང་ཁྲི3230ལས་མགོ་བརྩམས་པས།གཞི་རྩར་འགན་སྲུང་དང་གསང་ཐིག་དམ་འཛིན། ཁེབས་ཚད་རྒྱ་སྐྱེད་པ་བཅས་བྱས་པ་དང་།དམངས་འཚོར་འགན་སྲུང་བྱེད་པའི་དྲ་བ་སྔར་ལས་ཇེ་བརྟན་དུ་བཏང་།

ལོ་གསུམ་གྱི་སྔོན་ལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་ཡིས།འདུན་མའི་འོད་ཟེར་ཀྲུང་གོ་པ་རེ་རེའི་སེམས་སུ་འཕྲོ་རུ་བཅུག་པ་དང་།ལོ་གསུམ་གྱི་རྗེས་སུ།འདུན་མ་འདི་ཀྲུང་གོ་པ་སྔར་ལས་མང་པོ་ཞིག་གི་མཐོང་རེག་ཐུབ་པའི་སྐྱིད་སྣང་དུ་གྱུར།

“ལྔ·བཅུ་གཉིས”ཀྱི་སྐབས་སུ།ཀྲུང་གོའི་མཁར་གྲོང་གི་གསར་དུ་ལས་ཀར་ཚུད་པའི་ཚད་བསྟུད་མར་གྲངས་ཚད་ལས་བརྒལ་བའི་སྒོ་ནས་ལོ་འཁོར་མོའི་ལས་འགན་གྲུབ་པ་དང་།གཞིས་དམངས་ཀྱི་ཡོང་སྒོ་འཕར་ཚད་བསྟུད་མར་དཔལ་འབྱོར་འཕར་ཚད་ལས་བརྒལ།གཞི་རྩའི་སྨན་བཅོས་ཉེན་སྲུང་གསུམ་ལ་ཞུགས་པའི་མི་གྲངས་དུང་ཕྱུར13ལས་བརྒལ་བས།འཛམ་གླིང་སྟེང་གི་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་དྲ་བ་རུ་གྱུར།ཞིང་སྡེའི་དབུལ་ཕོངས་མི་གྲངས་རིམ་བསགས་ཀྱིས་ཕལ་ཆེར་མི་དུང་ཕྱུར་གཅིག་ཇེ་ཉུང་དུ་སོང་བ་དང་།མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་གཅིག་གིས་ཇེ་མཐོར་སོང་།བཙོག་དངོས་ཕྱིར་ཕུད་བྱེད་པའི་སྤྱི་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་ལ།མཐོ་རྒྱུགས་དང་ཁྱིམ་ཐོ།ཁྲིམས་འཛིན་སོགས་ཀྱི་དྲང་བདེན་དང་དྲང་གཞག་ལ་འབྲེལ་བ་ཡོད་པའི་དོན་བྱ་བཅོས་བསྒྱུར་བྱེད་པའི་ཐབས་ལམ་གཅིག་རྗེས་གཉིས་མཐུད་དུ་བྱུང་།

སྔར་ལས་འགན་སྲུང་ཡོད་པ་དང་སྔར་ལས་དྲང་གཞག་ཡིན་པའི་འཚོ་བ་དང་།སྔར་ལས་རིན་ཐང་ལྡན་ཞིང་སྔར་ལས་འོད་སྟོང་འབར་བའི་མི་ཚེ་སོགས།ད་ལྟའི་ཀྲུང་གོར་ཁ་དོག་རྣམ་པར་བཀྲ་བའི་དམངས་འཚོའི་རྣམ་པ་མངོན་འདུག

སྲིད་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་དང་།བཅོས་བསྒྱུར་གསར་སྐྲུན་གང་ཐུབ་བྱས་ཏེ།རང་འགུལ་གྱིས་རྣམ་པ་བསྒྱུར་ཅིང་རིམ་པ་སྤར་ཏེ།རྒྱལ་ཡོངས་ཀྱི་གོང་འོག་ཀུན་གྱིས་བརྟན་བརླིང་ཁྲོད་ཡར་རྒྱས་ལ་བསྙེགས་པ་དང་ཧུར་བརྩོན་གྱིས་ལས་ཀར་བརྩོན་པ་དང་།སེམས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་དང་དཀའ་གནད་འགག་སྒྲོལ་བྱས་ཏེ།ལས་དོན་སྐྲུན་པ་དང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བཏོད།

ཕྱི་རོལ་ནས་བལྟས་ན།ཀྲུང་གོའི་དཔལ་འབྱོར་བསྟུད་མར་ལོ་མང་པོ་ཞིག་ལ་གྲངས་འབོར་གཉིས་ཀྱིས་ཇེ་མཐོར་སོང་བ་དེ་ནི་ཡ་མཚན་པ་ཞིག་རེད་མོད།འོན་ཀྱང་འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི“ལྔ·བཅུ་གཉིས”སྐབས་སུ་བདེ་བླག་གིས་མྱུར་ཚད་བསྒྱུར་ཏེ།བརྟན་བརླིང་གིས་མདུན་སྐྱོད་བྱེད་པ་དེ་ནི་དེ་ལས་ཀྱང་བསམ་ཡིད་ལས་འདས་པ་ཞིག་རེད།

“འདས་པའི་ལོ་ལྔ་འགའ་དང་བསྡུར་ན།“ལྔ·བཅུ་གཉིས”ནི་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་ལོ་ལྔ་ཡིན་ལ།ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་ཪྙིང་གཉིས་ཀྱི་མྱུར་ཚད་མར་བབས་པའི་ལོ་ལྔ་དང་།རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་ཚུལ་གསར་བ་རུ་ཞུགས་མགོ་བརྩམས་པའི་ལོ་ལྔ་བཅས་ཡིན་པས།དུས་གནས་ཉམས་ཞན་དང་དུས་རིམ་གཙོ་གནད་ཀྱི་སྐབས་ཡིན”ཞེས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་པ་ཀྲིག་ཐེན་ཡུན་གྱིས་དེ་ལྟར་བཤད།

རྒྱལ་སྤྱིའི་སྟེང་ནས་བལྟས་ན།འཛམ་གླིང་གི་དཔལ་འབྱོར་དེ་དངུལ་རྩ་ཉམས་ཉེན་རྗེས་ཀྱི་ལེགས་སྒྲིག་ཆེན་པོ་བྱེད་ཀྱིན་པའི་སྐབས་སུ་གནས་པས།འཛམ་གླིང་གི་དཔལ་འབྱོར་ཉམས་ཞན་གྱི་གནས་སུ་ལྷུང་ཡོད་ལ།སླར་གསོ་འབྱུང་བར་ད་རུང་དུས་ཡུན་ངེས་ཅན་ཞིག་དགོས།རྒྱལ་ནང་ནས་བལྟས་ན།ཀྲུང་གོའི་དཔལ་འབྱོར་ལོ་ངོ30རིང་གི་མྱུར་ཚད་ཧ་ཅང་མགྱོགས་པའི་དུས་ཡུན་དང་ཁ་བྲལ་བས།“དུས་གསུམ་རིམ་བརྩེགས”ཀྱི་ཟུག་རྔུ་མུ་མཐུད་དུ་ཇེ་ཆེར་འགྲོ་བ་དང་།དཀའ་ཁག་དང་འགྲན་རྩོད་མང་པོ་ཞིག་ཕན་ཚུན་མཉམ་དུ་འདྲེས་ཡོད།

ཪྙོག་འཛིང་ཆེ་བའི་འགྱུར་ལྡོག་འདིར་ཏང་ཀྲུང་དབྱང་གིས་མཐིལ་གསལ་བོར་རྟོགས་ཡོད།

2014ལོའི་ལོ་མཇུག་ཏུ་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་།རང་རྒྱལ་གྱི་དཔལ་འབྱོར་ནི་རྣམ་པ་སྔར་བས་མཐོ་རིམ་དང་ལས་བགོས་སྔར་བས་ཪྙོག་འཛིང་ཆེ་བ།གྲུབ་ཚུལ་སྔར་བས་ལུགས་མཐུན་ཅན་གྱི་དུས་རིམ་དུ་འགྱུར་བཞིན་ཡོད་པས།དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་ཚུལ་གསར་བར་ཞུགས་ཡོད་ཅེས་གསལ་བོར་བསྟན།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཁྲིན་ཏུང་ཆི་ཡིས་བཤད་རྒྱུར།“རྒྱུན་ཚུལ་གསར་བ་ནི‘ལྔ·བཅུ་གཉིས’ཀྱི་གནད་འགག་གི་ཚིག་ཅིག་ཡིན་པས།ཐད་མཐོང་གི་མངོན་ཚུལ་ནི་དཔལ་འབྱོར་འཕེལ་ཚད་དེ་མྱུར་ཚད་ཇེ་དལ་དུ་བཏང་ཡོད་མོད།ཡིན་ནའང་རྒྱུན་ཚུལ་གསར་བའི་འོག་གི་འཕེལ་རྒྱས་ཀྱི་དཔེ་དབྱིབས་མགྱོགས་མྱུར་ངང་བསྒྱུར་བ་དང་།ཀྲུང་གོའི་དཔལ་འབྱོར་དེ་ཕྱིར་གཏོང་དངུལ་གཏོང་གི་འཐེན་ཤུགས་ལ་མི་བརྟེན་པར།སྤུས་ཚད་ལ་བརྟེན་ནས་གསར་སྐྲུན་བྱེད་པའི་དུས་རིམ་གསར་བར་ཞུགས་པ་མཐོང་དགོས”ཟེར།

འདི་ནི་སྤྱི་ཁོག་སྙོམ་སྒྲིག་གི་སྲིད་ཇུས་རིགས་ལམ་རྒྱུན་ཆད་མིད་པར་གསར་སྐྲུན་བྱས་ཏེ།འགྱུར་ལྡོག་ཅུང་ཙམ་བྱུང་བར་ཧ་མི་ལས་པར་གཏན་ཤུགས་སྲུང་འཛིན་བྱས་པའི་ལོ་ལྔ་ཡིན།

“ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དགོས།མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ནས་མགོ་བརྩམས་ཏེ།རྒྱུན་ཚུལ་གསར་བར་མཐུན་པ་དང་འཐབ་ཇུས་སྟེང་གི་རྒྱུན་ལྡན་གྱི་སེམས་ཁམས་སྲུང་འཛིན་བྱ་དགོས།”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ན་ནིང་ཧི་ནན་ནས་རྟོག་ཞིབ་མཛད་སྐབས་ཐོག་དང་པོར་རྒྱུན་ཚུལ་གསར་བའི་འཕེལ་རྒྱས་འཐབ་ཇུས་གླེང་།

འཐབ་ཇུས་ཀྱི་རྒྱུན་ལྡན་གྱི་སེམས་ཁམས་ཞེས་པ་ཅི་ཡིན་ཞེ་ན།དེ་ནི་བསམ་བཞིན་དུ་ནུས་པ་ཡོད་ཚད་རྒྱ་ཁྱབ་ཏུ་མི་འདོན་པ་དང་།ཚད་ལས་བརྒལ་བའི་སྐུལ་འདེད་ཡང་མི་བྱེད་པར།མར་འགྲིབ་པའི་གནོན་ཤུགས་དེ་འགོག་ཐབས་བྱེད་པ་དང་།གྲུབ་ཚུལ་ལེགས་སྒྲིག་དང་བཅོས་བསྒྱུར་ལ་ཡར་སྐུལ།དམངས་འཚོར་ཕན་པ་བཅས་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཁོག་སྲིད་ཇུས་ལོ་མང་པོའི་རིང་སྤྱི་ཁོག་ནས་བརྟན་བརླིང་ཡོང་བར་སྲུང་འཛིན་བྱས་པ་ཡིན་ནོ།།

དངུལ་ལོར་སྲིད་ཇུས་ནི་སྤྱི་ཁོག་སྙོམ་སྒྲིག་གི་ཟོར་འབིགས་ལྟ་བུ་ཡིན།ད་ལོར་དངུལ་ཁང་གིས་གྲ་སྒྲིག་དངུལ་གྱི་སྐྱེད་ཀའི་ཚད་ཐེངས་འགར་མར་ཕབ་པའི་སྲིད་ཇུས་ལ་རྩིས་བཤེར་བྱས་ན།“ཁ་ཕྱོགས་གཏན་ཁེལ་བྱས་པའི”ཚོན་མདངས་གསལ་བོ་ཡིན།དེའི་ནང་ཐེངས་མང་པོར་ཞིང་གསུམ་དང་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩ་སྡེ་ཁག་གིས་ཁྱད་པར་དུ“གཟིགས་སྐྱོང”བྱས་པས།བརྟན་བརླིང་སྐྱོན་བྲལ་དང་ཉིང་བསྡུས་ཡང་དག་ཡིན་པའི་སྙོམ་སྒྲིག་ཁྱད་ཆོས་གསལ་བོར་མངོན་ཡོད།   །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།