ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་ཕོངས་མང་ཚོགས་གཅིག་ཀྱང་གཏན་ནས་བསྐྱུར་མི་རུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8361829125321693228.jpg

ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་དེ་ཟླ11པའི་ཚེས27ཉིན་ནས་ཚེས28ཉིན་བར་པེ་ཅིན་དུ་བསྡུས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད།གསུང་བཤད་གལ་ཆེན་གནང་།ཁོང་གིས་ནན་གྱིས་བསྟན་དོན།དབུལ་ཕོངས་མིད་པར་བཟོ་བ་དང་དམངས་འཚོ་ལེགས་སྒྱུར་བྱེད་པ།རིམ་བཞིན་ཐུན་མོང་འབྱོར་ཕྱུག་ལྡན་པ་མངོན་དུ་བསྒྱུར་བ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་།ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཞིག་ཡིན།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་ནི་ང་ཚོས་རྒྱལ་ཡོངས་མི་དམངས་ལ་བརྗིད་རྔམ་ལྡན་པའི་ངང་བཞག་པའི་དམ་བཅའ་ཡིན།དབུལ་ཐར་མཁྲེགས་གཏོར་བྱེད་པའི་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་བརྒྱབ་ཟིན་པས།ང་ཚོས་ཡུས་ཀུང་གིས་རི་བོ་སྤོས་པའི་སྙིང་སྟོབས་ལ་བརྟེན་ནས།དམིགས་འབེན་དམ་འཛིན་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་ངེས་པར་རྒྱལ་ཁ་བླངས་ཏེ།2020ལོར་ཐོན་དུས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་ཡོད་ཚད་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་གོམ་པ་སྤོ་བར་ཁག་ཐེག་བྱ་དགོས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་ལི་ཁོ་ཆང་གིས་གྲོས་ཚོགས་སྟེང་གསུང་བཤད་གནང་།

༡. ཏང་ཡོངས་དང་རྒྱལ་ཡོངས།སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ཏེ།དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་དགོས།

ཞི་ཅིན་ཕེན་གྱིས་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན།ཐེངས་འདིའི་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་རྗེས་སུ་བསྡུས་པའི་ཀྲུང་དབྱང་བྱ་བའི་གྲོས་ཚོགས་དང་པོ་ཡིན་པས།ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་བྱ་བར་མཐོང་ཆེན་བྱས་པ་མཚོན་ཡོད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་འབད་བརྩོན་དམིགས་འབེན་ནས་མགོ་བརྩམས་ཏེ། 2020ལོར་ཐོན་དུས་རང་རྒྱལ་ད་སྤྱོད་ཀྱི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་འབོར་དབུལ་ཐར་འབྱུང་བ་མངོན་འགྱུར་བྱ་རྒྱུ་དང་།དབུལ་ཕོངས་རྫོང་ཡོངས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ།མངའ་ཁོངས་རང་བཞིན་གྱི་སྤྱི་པའི་དབུལ་ཕོངས་ཐག་གཅོད་རྒྱུ་བཅས་གསལ་བོར་བྱས།གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དེ་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དུ་སླེབས་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་ད་བབ་ཀྱི་གནས་ཚུལ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ།མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཐད་ནས་བཀོད་སྒྲིག་བྱ་དགོས་པར་མ་ཟད།ཏང་ཡོངས་དང་རྒྱལ་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ།སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྒྱལ་ཁ་ལེན་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།“ལྔ་བཅུ་གསུམ”སྐབས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ནི།2020ལོར་ཐོན་དུས་ཞིང་སྡེའི་དབུལ་ཕོངས་མི་འབོར་བཟའ་འཐུང་ལ་སེམས་ཁྲལ་མིད་པ་དང་ལྟོ་རྒྱབ་ལ་སེམས་ཁྲལ་མིད་པ།ཞིང་སྡེའི་དབུལ་ཕོངས་མི་འབོར་གྱི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས།སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཡོད་པ་བརྟན་བརླིང་ངང་མངོན་འགྱུར་བྱེད་པའི་མཚུངས་སུ།དབུལ་ཕོངས་ས་ཁུལ་གྱི་ཞིང་པ་མི་རེའི་བགོ་བཤའ་རྒྱག་ཆོག་པའི་ཆ་སྙོམས་ཀྱི་ཡོང་སྒོ་འཕར་བའི་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་།གཞི་རྩའི་སྤྱི་པའི་ཞབས་ཞུའི་མངའ་ཁོངས་གཙོ་བོའི་དམིགས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཕལ་ཆེར་མཉམ་པ་མངོན་འགྱུར་བྱ་དགོས།དབུལ་ཐར་མཁྲེགས་གཏོར་བྱེད་པ་དེ་དཀའ་གནད་ཅན་དང་མཐའ་མཇུག་གི་མཆོང་སྐྱོད་དུས་རིམ་དུ་སླེབས་པས།ངེས་པར་ཆོད་སེམས་སྔར་ལས་ཆེ་བ་དང་རིགས་ལམ་སྔར་ལས་གསལ་བ།བྱེད་ཐབས་སྔར་ལས་ཡང་དག་པ།རྒྱུན་སྲོལ་ལས་བརྒལ་བ་བཅས་ཀྱི་ཤུགས་ཚད་དང་།དམངས་སེམས་གཅིག་མཐུན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་མངོན་འགྱུར་འབྱུང་བ་བྱས་ཏེ།དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་གཅིག་ཀྱང་གཏན་ནས་བསྐྱུར་མི་རུང་།

ཞི་ཅིན་ཕེན་གྱིས་བསྟན་དོན།གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་བྱེད་པ་རྒྱུན་འཁྱོངས་བྱེད་ན།དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་མཐོར་འདེགས་བྱེད་པ་གཙིགས་སུ་འཛིན་དགོས།གནད་འགག་ནི་ཡང་དག་པའི་སྒོ་ནས་ལམ་བུ་འཚོལ་བ་དང་།སྒྲིག་སྲོལ་ནང་རྐྱེན་བཟང་པོ་བཙུགས་ནས།གནད་ལ་ཁེལ་བའི་སྒོ་ནས་སྲིད་ཇུས་ལག་ལེན་བྱེད་པའི་སྟེང་ཐབས་ཤེས་དངོས་འདོན་པ་དང་།གནད་ལ་ཁེལ་བའི་སྒོ་ནས་སྐུལ་འདེད་བྱེད་པའི་ཐད་ནུས་ཤུགས་དངོས་འདོན་པ།གནད་ལ་ཁེལ་བའི་སྒོ་ནས་དངོས་འབེབས་བྱེད་པའི་ཐད་ནས་ཕན་འབྲས་དངོས་མཐོང་བ་བཅས་བྱ་དགོས།“སུ་ལ་རོགས་སྐྱོར་བྱེད་པའི”གནད་དོན་ཐག་གཅོད་ལེགས་པོ་དང་།དོན་དམ་གྱི་དབུལ་ཕོངས་མི་འབོར་གསལ་བོར་ཤེས་པར་ཁག་ཐེག་བྱས་ཏེ།དབུལ་ཕོངས་མི་འབོར་དང་དབུལ་ཕོངས་ཀྱི་ཚད།དབུལ་ཕོངས་སུ་གྱུར་པའི་རྒྱུ་རྐྱེན་སོགས་གསལ་བོར་ཤེས་སུ་བཅུག་སྟེ།ཁྱིམ་ཚང་ལྟར་སྲིད་ཇུས་ལག་ལེན་དང་མི་ལྟར་སྲིད་ཇུས་ལག་ལེན་བྱེད་པར་སྟབས་བདེ་བཟོ་དགོས།“སུས་རོགས་སྐྱོར་བྱེད་པའི”གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ།ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་།ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱིས་སྤྱིའི་འགན་འཁུར་པ།གྲོང་ཁྱེར(ཏིས)དང་རྫོང་གིས་དངོས་འབེབས་བྱེད་པའི་དབུལ་སྐྱོར་གསར་སྤེལ་བྱ་བའི་ནང་རྐྱེན་མགྱོགས་མྱུར་གྱིས་ཆགས་སུ་བཅུག་ནས། ལས་བགོ་གསལ་བོ་དང་འགན་འཁྲི་གསལ་བོ།ལས་འགན་མི་རེ་རེར་འགེལ་བ་དང་ཞིབ་དཔྱད་དམིགས་སར་འབྱོར་བ་བཅས་བྱ་དགོས།

༢. དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱི་བྱེ་བྲག་གི་གནས་ཚུལ་ལྟར།“སྐོར་ཁག་ལྔའི”བཟོ་འགོད་ལག་ཏུ་བསྟར་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།“རོགས་སྐྱོར་ཇི་ལྟར་བྱེད་པའི”གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ།དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱི་བྱེ་བྲག་གི་གནས་ཚུལ་ལྟར།“སྐོར་ཁག་ལྔའི”བཟོ་འགོད་ལག་ཏུ་བསྟར་དགོས།གཅིག་ནི་ཐོན་སྐྱེད་གོང་དུ་སྤེལ་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ།ངལ་རྩོལ་གྱི་ནུས་པ་ཡོད་པའི་མི་ཡོད་དོ་ཅོག་གིས་རང་ཉིད་ཀྱི་ལག་པ་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ།རང་སའི་ཐོན་ཁུངས་ལ་རྐང་ཚུགས་ནས།རང་ས་ནས་དབུལ་ཐར་མངོན་དུ་བསྒྱུར་དགོས།གཉིས་ནི་ཡུལ་གཞན་ལ་གནས་སྤོས་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ།དབུལ་ཕོངས་མི་འབོར་གྱིས་རང་ས་ནས་དབུལ་ཐར་བྱེད་དཀའ་ན་ཡུལ་གཞན་ལ་གནས་སྤར་ཏེ་དབུལ་ཐར་བྱེད་པ་ལག་ཏུ་བསྟར་ཏེ།འཆར་འགོད་ལྟར་དང་ལོ་འཁོར་མོ་དབྱེ་བ། འཆར་གཞི་ཡོད་པ་བཅས་ཀྱི་སྒོ་ནས་རྩ་འཛུགས་ལག་བསྟར་བྱས་ནས།གནས་སྤོ་ཐུབ་པ་དང་བརྟན་བརླིང་ཡོང་བ།ཕྱུག་སྒྱུར་བྱེད་ཐུབ་པ་བཅས་ལ་ཁག་ཐེག་བྱ་དགོས།གསུམ་ནི་སྐྱེ་ཁམས་ཁ་གསབ་ལ་བརྟེན་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ།དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ།སྲིད་ཇུས་ལག་ཏུ་བསྟར་བའི་ཁྱབ་ཁོངས་རྒྱ་སྐྱེད་པ་བཅས་བྱས་ཏེ།ངལ་རྩོལ་གྱི་ནུས་པ་ཡོད་པའི་དབུལ་ཕོངས་མི་འབོར་རང་ས་ནས་ནགས་སྲུང་པ་སོགས་སྐྱེ་ཁམས་སྲུང་སྐྱོང་མི་སྣར་འཇོག་དགོས།བཞི་ནི་སློབ་གསོ་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་བྱེད་པའི་སྐོར་ཁག་སྟེ།དབུལ་བོ་སྐྱོང་ན་སྔོན་ལ་མིངས་མུན་སེལ་བར་བྱེད་པ་དང་།དབུལ་སྐྱོར་བྱེད་ན་སྔོན་ལ་བློ་རིག་བསྐྱེད་དུ་འཇུག་དགོས།རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་དེ་མུ་མཐུད་དུ་དབུལ་ཕོངས་ས་ཁུལ་ལ་ཕྱོགས་པ་དང་།རྨང་གཞིའི་སློབ་གསོར་ཕྱོགས་པ།ལས་རིགས་སློབ་གསོར་ཕྱོགས་པ་བཅས་བྱས་ཏེ།དབུལ་ཕོངས་ས་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་རོགས་བྱས་ཏེ།ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དང་ལྷག་པར་གཞིས་སྲུང་བྱིས་པར་དམིགས་བསལ་གྱིས་གཅེས་སྐྱོང་གནང་དགོས།ལྔ་ནི་སྤྱི་ཚོགས་འགན་སྲུང་མཐིལ་རྟོལ་བའི་སྐོར་ཁག་སྟེ།དབུལ་ཕོངས་མི་འབོར་ཁྲོད་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བ་དང་ཡང་ན་ཆ་ཤས་ཤོར་བའི་མི་ལ།སྤྱི་ཚོགས་འགན་སྲུང་གིས་མཐིལ་བརྟོལ་ཏེ།ཞིང་སྡེའི་དབུལ་སྐྱོར་ཚད་གཞི་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་གཅིག་གྱུར་མཐུན་སྦྱོར་དང་།རྣམ་པ་གཞན་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས།སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལ་ཤུགས་བསྣན་ཏེ།ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བ་དང་ནད་ལྕ་མོའི་འགན་བཅོལ་སྲིད་ཇུས་དེ་དབུལ་ཕོངས་མི་འབོར་ལ་ཁ་ཕྱོགས་དགོས།གསར་བརྗེ་ཁུལ་ཪྙིང་གི་དབུལ་ཐར་མཁྲེགས་གཏོར་བྱེད་པའི་བྱ་བར་གཙིགས་མཐོང་ཆེན་པོ་བྱ་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན།གནད་ཁེལ་དབུལ་སྐྱོར་ནི་གནད་ལ་ཁེལ་བའི་སྒོ་ནས་དབུལ་ཐར་བྱེད་པའི་ཆེད་ཡིན།དུས་ཚོད་ཀྱི་རེའུ་མིག་བཟོས་ནས།གོ་རིམ་ཡོད་པའི་སྒོ་ནས་དབུལ་བོ་ལས་ཐར་བ་མངོན་འགྱུར་འབྱུང་དགོས་ན།འགོར་འགྱངས་བཟོ་བའི་ནད་གཏན་འགོག་བྱེད་དགོས་ལ།བྲེལ་འཚབ་ཆེ་བའི་ནད་ཀྱང་གཏན་འགོག་བྱ་དགོས།ཞི་ལྷོད་དུ་གཏོང་བའི་དུས་ཚོད་བསྐྱུར་ཏེ།དུས་ཚོད་ངེས་ཅན་ནང་ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་ཕུད་པ་བྱ་དགོས།དཔྱད་འཇོག་ནན་མོ་ལག་བསྟར་བྱས་ཏེ།ཞྭ་མོ་ཕུད་པའི་ཚད་གཞི་ལྟར་ཞིབ་བཤེར་རྩིས་ལེན་བྱ་དགོས།ཁྱིམ་ཚང་རེ་རེ་བཞིན་ཨང་རྟགས་བསུབ་པ་ལག་ཏུ་བསྟར་ཏེ།མི་རེ་རེ་དབུལ་ཐར་བྱེད་པ་དང་།དབུལ་ཐར་བྱུང་མ་བྱུང་དེ་མང་ཚོགས་དང་མཉམ་དུ་རྩིས་རྒྱག་པ་དང་མང་ཚོགས་ལ་ངོས་འཛིན་བྱ་རུ་འཇུག་དགོས།

༣. དབུལ་སྐྱོར་མ་དངུལ་ལ་ཀུན་གསལ་ཅན་གྱི་དོ་དམ་བྱེད་པར་ཤུགས་བསྣན་ཏེ།དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་བསགས་གཅིག་བསྡུས་སྒོས་ལེགས་བཅོས་དང་བཤེར་ཆད་གཅོད་་དགོས།

  ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།མཁྲེགས་གཏོར་དམག་འཐབ་ཇི་ལྟར་བརྒྱག་ན།ཏང་གི་མགོ་ཁྲིད་ལ་དེ་ལྟར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་ཡིད་ཆེས་བརྟན་པོ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ།དབུལ་ཐར་འགན་འཁྲི་ཕྲག་ཏུ་ལེན་དགོས་ལ།དབུལ་ཐར་འོས་འགན་དམ་དུ་འཛིན་དགོས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བྱ་བའི་སྤྱོད་ཚུལ་བཟང་པོ་དང་ནུས་ཤུགས་རྒྱུན་འཁྱོངས་བྱས་ཏེ།བརྩེ་སེམས་དྲོན་མོའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་པར་བསྒྲུབ་དགོས།དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལྗིད་པའི་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱེད་རྒྱུ་དེ“ལྔ་བཅུ་གསུམ”སྐབས་ཀྱི་དོན་ཆེན་དང་པོ་དང་དམངས་འཚོ་བཟོ་འགོད་ཨང་དང་པོ་རུ་བརྩིས་ནས་འཛིན་དགོས་ལ།དབུལ་ཐར་མཁྲེགས་གཏོར་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱ་དགོས།རིམ་པ་རེ་རེ་བཞིན་དུ་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲིའི་ཡི་གེ་བཞག་ནས།དམག་བཀའ་ཁུར་ལེན་ཞུ་ཡིག་འཇོག་དགོས།ལོ་འཁོར་མོའི་དབུལ་ཐར་མཁྲེགས་གཏོར་སྙན་ཞུ་དང་ལྟ་ཞིབ་ལམ་ལུགས་བཙུགས་ནས།ལྟ་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་པར་ཤུགས་བསྣན་དགོས།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ངོ་མ་དེ་ལས་བྱེད་པ་བཀོལ་སྤྱོད་དང་གདམ་གསེས་བྱེད་པའི་གཞི་འཛིན་ས་གཙོ་བོར་བཞག་ནས།དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་རུ་ལས་བྱེད་པར་ལྟ་ཞིབ་དང་དབྱེ་འབྱེད་བྱེད་པ་དང་།རིམ་པ་སོ་སོའི་ལས་བྱེད་པར་དབུལ་ཐར་མཁྲེགས་གཏོར་གྱི་གཡུལ་སའི་སྟེང་རྩལ་ནུས་ཡོད་ཚད་འདོན་དུ་འཇུག་དགོས།ཞིང་སྡེ་གཞི་རིམ་གྱི་ཏང་རྩ་འཛུགས་སྲ་བརྟན་དུ་གཏོང་བ་དེ་དབུལ་ཐར་མཁྲེགས་གཏོར་བྱེད་པ་དང་ནུས་ལྡན་སྒོས་ཟུང་འབྲེལ་བྱས་ཏེ།མགོ་ཁྲིད་དང་པོ་གདམ་པ་དང་མགོ་ཁྲིད་ཚན་ཁག་བཀོད་སྒྲིག་བྱ་དགོས།

  ཞི་ཅིན་ཕེན་གྱིས་བསྟན་དོན།དབུལ་སྐྱོར་གསར་སྤེལ་ཐད་མ་དངུལ་གཏོང་བའི་ཚད་དེ་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལས་རྒྱལ་བའི་བླང་བྱ་དང་ཆ་སྡེབ་ཡོང་དགོས།ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དམིགས་དབུལ་སྐྱོར་མ་དངུལ་དང་ཀྲུང་དབྱང་གཞི་རྩའི་འཛུགས་སྐྲུན་གྱི་དབུལ་སྐྱོར་ཐད་བཀོལ་བའི་མ་དངུལ་སོགས་ཀྱི་འཕར་ཚད་སྟེང་ནས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཤུགས་ཚད་མཚོན་དགོས།ཀྲུང་དབྱང་ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤོ་བསྒྱུར་གཏོང་སྤྲོད་དང་དམངས་འཚོ་དང་འབྲེལ་བའི་ཆེད་དམིགས་སྤོ་བསྒྱུར་གཏོང་སྤྲོད་སྣ་ཚོགས་སྔར་ལས་ཀྱང་དབུལ་ཕོངས་ས་ཁུལ་དུ་ཁ་ཕྱོགས་དགོས།ཞིང་ཆེན་རིམ་པའི་ནོར་སྲིད་དང་ཁ་གཏད་དབུལ་སྐྱོར་བྱེད་ཀྱིན་པའི་ཤར་རྒྱུད་ས་ཁུལ་གྱིས་དེ་བསྟུན་གྱི་དབུལ་སྐྱོར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས།དབུལ་སྐྱོར་མ་དངུལ་ཧྲག་སྡེབ་བྱེད་ཚད་ཇེ་ཆེར་གཏོང་དགོས།དངུལ་ལོར་དབུལ་སྐྱོར་གྱི་བྱ་བ་ལེགས་པར་བསྒྲུབས་ཏེ།ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་དང་གསར་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།དབུལ་སྐྱོར་མ་དངུལ་ལ་ཀུན་གསལ་ཅན་གྱི་དོ་དམ་བྱེད་པར་ཤུགས་བསྣན་ཏེ།དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལས་གནས་ཉེས་བསགས་གཅིག་བསྡུས་སྒོས་ལེགས་བཅོས་དང་བཤེར་ཆད་གཅོད་དགོས།དབུལ་སྐྱོར་མ་དངུལ་གཞན་སྤྱོད་དང་རིམ་པ་རེ་རེ་བཞིན་བཀག་ཉར།རྫུན་ཞུ་གཡོ་ལེན།ཆུད་ཟོས་སུ་གཏོང་བ་བཅས་བྱས་ན་ཆད་པ་ནན་མོ་གཅོད་དགོས།

༤. ཀྲུང་དབྱང་ནོར་སྲིད་ཀྱིས་དབུལ་ཕོངས་ས་ཁུལ་དུ་སྤོ་བསྒྱུར་གཏོང་སྤྲོད་བྱེད་པའི་ཚད་ཇེ་ཆེར་བཏང་ནས།ཆེད་དམིགས་དབུལ་སྐྱོར་མ་དངུལ་གྱི་གཞི་ཁྱོན་ཇེ་ཆེར་གཏོང་དགོས།

ལི་ཁོ་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན།དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལས་རྒྱལ་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་འབྱུང་བའི་ལས་འགན་གལ་ཆེན་ཞིག་ཡིན། རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་མཉམ་དུ།དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་སྔར་བཞིན་ལྗིད་ཅིང་ཪྙོག་དྲ་ཆེ་ལ།ཤུལ་དུ་ལུས་ཡོད་པ་ཚང་མ་ནི་དཀའ་གནད་ཅན་ཏག་ཏག་ཡིན་པ་གསལ་བོར་ཤེས་དགོས།ངེས་པར་བྱེད་ཐབས་བཟང་པོ་བཏོན་ནས།དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱ་དགོས་པ་ལས།དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་དམག་དཔུང་ཁྲོད་ནས་རྗེས་སུ་བསྐྱུར་མི་རུང་།གཅིག་བསྡུས་མི་འབྲེལ་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ནུས་པ་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་ནས།རྒྱལ་ཁབ་ཀྱི“ལྔ་བཅུ་གསུམ”འཆར་འགོད་ཁྲོད་གཏན་ལ་ཕབ་ཡོད་པའི་འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས།ཆ་འཕྲིན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་ཆེན་མོ་དང་སྐྱེ་ཁམས་བཟོ་འགོད་ཆེན་མོ་དག་ས་ཁུལ་འདི་དག་ལ་ཁ་ཕྱོགས་དགོས་པ་དང་།ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ཁ་གསབ་ཚད་གཞི་འོས་འཚམ་སྒོས་ཇེ་མཐོ་དང་།ཞིང་སྡེའི་བཏུང་ཆུ་བདེ་འཇགས་སྲ་བརྟན་དང་ཇེ་མཐོར་གཏོང་བའི་བཟོ་འགོད་ལག་བསྟར

དབུལ་སྐྱོར་སྡེ་བར་སྒུལ་བྱེད་གློག་གཏོང་བའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པ། དྲ་བས་དབུལ་ཕོངས་སྡེ་བ་ཁེབས་པར་མྱུར་དུ་སྐུལ་འདེད་གཏོང་བ།གཟར་ཚད་ཏུའུ25ཡན་གྱི་ས་རྒོད་མི་ཞིང་དག་རིམ་གྱིས་མི་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་བྱེད་པ་བཅས་བྱ་དགོས།ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་བགོ་བའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས།ས་གནས་དང་མང་ཚོགས་སྔར་ལས་མང་པོར་ཁེ་ཕན་ཐོབ་ཏུ་འཇུག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།