ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གཞུང་གི་ལས་ཀའི་སྙིང་བསྡུས།

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།     སྤེལ་དུས། : 2016-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ལྔའི་ཚན་བཅུ་གསུམ་པའི་སྐབས་སུ་རྔ་བ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྒྲིག་གཞི་ལེགས་བསྒྱུར་གྱི་འགོམ་བརྒལ་གསར་བར་མངོན་འགྱུར་བྱ་དགོས། འཛད་སྤྱོད་སྐུལ་འདེད་དང་དངུལ་གཏོང་དགེ་མཚན་གཉིས་མཉམ་འགུལ་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་བ། གསར་གཏོད་སྐུལ་འདེད་དང་དཔལ་འབྱོར་རིགས་སྒྱུར་ནུས་པ་ལྡན་པའི་སྒོས་འབྲེལ་མཐུད་བྱ་དགོས་པ་དང་། སྐྱེ་ཁམས་ཁྱད་ལྡན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ལ། དཔལ་འབྱོར་གྱི་གྲུབ་ཚུལ་མྱུར་དུ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ནས། དཔལ་འབྱོར་འཕར་ཚད་དེ་རྒྱལ་ཡོངས་ལས་མཐོ་བ་དང་ཞིང་ཆེན་ཡོངས་ལས་མགྱོགས་པོ་ཡིན་པར་སྲུང་འཛིན་བྱ་དགོས། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་ཤོང་ཡངས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་གཏོང་དགོས། 2020ལོར་བསླེབ་དུས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ2010ལོ་ལས་ལྡབ་གཅིག་གི་ཡན་དུ་འཕར་དགོས་པ་དང་། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བར་ལ་ཡོད་པའི་བར་ཁྱད་སྔར་ལས་ཆུང་དུ་གཏོང་རྒྱུ། ཐོན་ལས་གསུམ་པས་བཟུང་བའི་བསྡུར་ཚད་སྔར་ལས་མཐོ་རུ་གཏོང་དགོས།  

ལོ་ལྔའི་ཚན་བཅུ་གསུམ་པའི་སྐབས་སུ་རྔ་བ་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས་ཐད་ཀྱི་འགོམ་བརྒལ་གསར་བར་མངོན་འགྱུར་བྱ་དགོས། དབུལ་སྐྱོར་གནད་འཁེལ་ལ་སྐུལ་འདེད་ཏན་ཏིག་དང་། དམངས་འཚོའི་ཞན་ཆ་ནུས་པ་གང་ཡོད་སྒོས་སེལ་ནས། སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་མགྱོགས་པོར་གཏོང་དགོས། 2020ལོར་བསླེབ་དུས། ད་ལྟ་སྤྱོད་བཞིན་པའི་ཚད་གཞི་འོག དབུལ་བོ་མི་ཁྲི8.1དབུལ་ཕོངས་ཀྱི་གནས་ལས་སེལ་དགོས་པ་དང་། དབུལ་ཕོངས་རྫོང(གྲོང་ཁྱེར)13དང་དབུལ་ཕོངས་གྲོང་ཚོ606གི་དབུལ་བོའི་ཞྭ་མོ་དེ་ཕུད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་མི་རེར་ལོ་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་སྒོ་སོ་སོར་བརྒྱ་ཆ8དང་བརྒྱ་ཆ10རུ་འཕར་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཕལ་ཆེར་བསླེབ་པ་བྱ་དགོས། ཕྱོགས་ཡོངས་ཁྱབ་པ་དང་ཆུ་ཚད་མཐོ་བ། རིམ་པ་མང་བོ་བཅས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་ཆགས་པ་བྱས་ནས། སྔར་ལས་དྲང་གཞག་དང་རྒྱུན་མཐུད་བཅས་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་དེ་ཤུགས་ཇེ་ཆེར་གཏོང་དགོས། 

ལོ་ལྔའི་ཚན་བཅུ་གསུམ་པའི་སྐབས་སུ་རྔ་བ་ཁུལ་གྱི་སྤྱི་ཚོགས་འཛུགས་སྐྲུན་དང་ཁྲིམས་སྐྱོང་འགན་སྲུང་ཐད་ཀྱི་འགོམ་བརྒལ་གསར་བར་མངོན་འགྱུར་བྱ་དགོས། ཁྲིམས་ལྟར་ཁུལ་སྐྱོང་བར་སྐུལ་འདེད་ཟབ་མོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འདིང་དགོས། 2020ལོར་བསླེབ་དུས། ཁྲིམས་སྐྱོང་རྔ་ཁུལ་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་དགོས་པ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་ནུས་པ་ལྡན་པའི་སྲུང་སྐྱོང་ཐོབ་པ་བྱ་རྒྱུ། སྤྱི་ཚོགས་ཁྲིམས་སྐྱོང་གི་ཆུ་ཚད་སྔར་ལས་ལྷག་པར་མཐོ་རུ་གཏོང་དགོས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པ་དང་། མི་རིགས་ཀྱི་འབྲེལ་བ་སྔར་ལས་མཛའ་མཐུན་དང་སྤྱི་ཚོགས་སྔར་ལས་འཆམ་མཐུན་ཡོང་བར་བྱ་དགོས།
ལོ་ལྔའི་ཚན་བཅུ་གསུམ་པའི་སྐབས་སུ་རྔ་བ་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་དང་སྒོ་རྒྱ་ཆེར་འབྱེད་པའི་ཐད་ཀྱི་འགོམ་བརྒལ་གསར་བ་མངོན་འགྱུར་བྱ་དགོས། ཁྱབ་ཁོངས་གལ་ཆེ་དང་གནད་འགག་ལྷུ་ཚིགས་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་ཆ་ཧུར་བརྩོན་གྱིས་སེལ་དགོས། སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་གསར་གཏོད་བྱ་དགོས་ལ། འཕེལ་རྒྱས་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། སྒོ་འབྱེད་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་བྱ་དགོས། 2020ལོར་བསླེབ་དུས། བསྒྱུར་བཅོས་བྱེད་རྒྱུར་འགག་སྒྲོལ་ཆེན་པོ་བྱས་ནས། སྲིད་གཞུང་གི་འགན་ནུས་སྔར་ལས་ལྷག་པར་ལེགས་སྒྱུར་དང་། སྲིད་འཛིན་ཕན་ནུས་སྔར་ལས་ལྷག་པར་མཐོར་འདེགས་གཏོང་བ། གོང་འཕེལ་གྱི་ཁོར་ཡུག་སྔར་ལས་ལྷག་པར་ལེགས་སྒྱུར་བྱ་དགོས། ཕྱི་ཕྱོགས་དང་ནང་ཁུལ་གྱི་སྒོ་འབྱེད་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་འགུལ་ཤུགས་དང་གསོན་ཤུགས་ཀྱང་ཇེ་ཆེར་གཏོང་དགོས། 

ལོ་ལྔའི་ཚན་བཅུ་གསུམ་པའི་སྐབས་སུ་རྔ་བ་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་འགོམ་བརྒལ་གསར་བར་མངོན་འགྱུར་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་བཟུང་ནས། ཐོན་ཁུངས་གསར་སྤེལ་བྱེད་པའི་དོ་དམ་ཚད་ལྡན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ། གནོད་འགོག་གནོད་སྐྱུང་གི་ཕྱོགས་བསྡུས་མ་ལག་འཐུས་ཚང་དུ་བཏང་ནས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་དགོས། 2020ལོར་བསླེབ་དུས། ཐོན་སྐྱེད་འཚོ་བ་རོལ་སྟངས་དེ་མགྱོགས་མྱུར་གྱི་སྒོ་ནས་ལྗང་མདོག་དང་ཐཱན་ཉུང་བའི་ཕྱོགས་སུ་འགྱུར་རྒྱུ་དང་། ནུས་ཁུངས་ གསར་སྤེལ་དང་བེད་སྤྱོད་ཀྱི་ལས་ཕྱོད་མཐོར་འདེགས་མངོན་གསལ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་སུ་གཏོང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་ཆེན་པོ་འབྱུང་བ་བྱ་དགོས།

སྲིད་གཞུང་གི་ལས་ཀ་སྙིང་བསྡུས། 

༡ ད་ལོར་རྔ་བ་ཁུལ་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱ་འཐུས་ཚང་དུ་གཏོང་དགོས། འབར་ཁམས་ནས་སྒོ་ཡག་ཐང་བར་གྱི་གཞུང་ལམ་དང་ཡིང་ཞིའུ་ནས་ཝོ་ལང་བར་གྱི་གཞུང་ལམ། སྦྲ་ཆེན་ནས་མཛོད་དགེ་བར་གྱི་གཞུང་ལམ། སྤེན་ལ་རི་བོའི་ཕུག་ལམ། ཏར་ཟེབ་ཕུག་ལམ་བཅས་ཀྱི་རྣམ་གྲངས་ཕྱོགས་ཡོངས་ནས་འཛུགས་ཚར་དགོས། ཁྲེང་ཏུའུ་ནས་ལན་ཀྲུའུ་བར་གྱི་ལྕགས་ལམ་(རྔ་བའི་ནང་ཚན)དང་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ། མའོ་རྫོང་ནས་མེན་དབྱང་བར་གྱི་གཞུང་ལམ། གོང་མ་ཁེས་ཕུག་ལམ་བཅས་ཀྱི་ལས་གྲྭ་འཛུགས་སྐྲུན་མགྱོགས་པོ་བྱ་དགོས། གཟི་རྩ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་དེ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་པ་དང་། རྔ་བ་ནས་འཛམ་ཐང་བར་གྱི་གཞུང་ལམ་དང་ཐང་སྐོར་ནས་བཞག་སྡོམ་བར་གྱི་གཞུང་ལམ། ཧྲོང་ཅང་ཁོའུ་དང་ཆུ་ཆེན་གྱི་གློག་འདོན་ས་ཚིགས་ཀྱི་སྐྱིན་སྐྲུན་གཞུང་ལམ་བཅས་སྐྲུན་འགོ་བརྩམ་དགོས། ཁྲེང་ཏུའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་དང་། འབར་ཁམས་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ། རྒྱལ་ལམ347གྱི་ཁྲོ་ཆུའི་ནང་ཚན། རྒྱལ་ལམ345ཡི་མཛོད་དགེའི་ནང་ཚན། ཟུང་ཆུའི་མཁར་སྐོར་གཞུང་ལམ། གཙང་རྩ་གྲོང་རྡལ་གྱི་འགྲིམ་འགྲུལ་འཁོར་ལམ་བཅས་ཀྱི་རྣམ་གྲངས་ཀྱི་དུས་འགོའི་ལས་ཀར་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་རྒྱུ་བརྩོན་ལེན་བྱ་དགོས། རྒྱལ་ཁབ་ལམ213གྱི་མའོ་རྫོང་ནན་ཞིན་ནང་ཚན་གྱི་གཞུང་ལམ་ས་གཤིས་གནོད་སྐྱོན་ཐེབས་པར་འཚུབ་བསྟུན་བཅོས་སྐྱོང་བྱེད་ཚར་དགོས། ཧུང་ཡོན་དང་འཛམ་ཐང་རྫོང་ཡོངས་ཀྱི་གྲོང་གསེབ་ཤར་སྐྱོད་གཞུང་ལམ་ལས་གྲྭར་སྐུལ་འདེད་གཏོང་དགོས། 

༢ ད་ལོར་རྔ་བ་ཁུལ་གྱིས་ནུས་ཁུངས་གཙང་མ་གསར་སྤེལ་མགྱོགས་པོར་བྱ་དགོས། ཆུ་ཆེན་དང་པ་ལ་སོགས་ཆུ་གློག་ས་ཚིགས་ཞིབ་བཤེར་ཆོག་མཆན་དང་ལས་འགོ་འཛུགས་རྒྱུ་བརྩོན་ལེན་བྱ་དགོས་པ་དང་། ཧྲོང་ཅང་ཁོའུ་དང་ཕན་ལུང་ཆུ་བོ་སོགས་ཆུ་གློག་ས་ཚིགས་ཀྱི་འཛུགས་སྐྲུན་མགྱོགས་པོ་བྱ་དགོས་པ། ཁྲུན་ཐང་པ་དང་གཞུང་བ། ཡུང་མ་བཅས་ཀྱི་ཆུ་གློག་ས་ཚིགས་ཀྱི་འཛུགས་སྐྲུན་འགྲུབ་ནས་ཐོན་འགོ་འཛུགས་རྒྱུར་ཁག་ཐེག་ཏན་ཏིག་བྱ་དགོས། མཛོ་མོ་ལུང་བའི་མདོ་དང་རིན་སྤུངས་སོགས་ཀྱི་འོད་ཤུགས་གློག་འདོན་ས་ཚིགས་འཛུགས་སྐྲུན་མགྱོགས་པོ་བྱ་དགོས་པ་དང་། ཨ་སྐྱིད་དང་ར་སྐོར་སོགས་ཀྱི་རླུང་ཤུགས་གློག་འདོན་རྣམ་གྲངས་ཀྱི་དུས་འགོའི་ལས་ཀ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་དགོས། འབར་ཁམས་གྱི་ཆན་ཧྥུ500དང་། ལུའུ་ཕིན་དང་ཧྥུ་ལེའི་བར་གྱི་ཆན་ཧྥུ500ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་སྐྲུན་འགོ་འཛུགས་རྒྱུ་དང་། ཧེ་ཧོ་ཐང་གི་ཆན་ཧྥུ220དང་གྱོང་འཁྱག་ལུང་བའི་ཆན་ཧྥུ110ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭར་སྐྲུན་ཚར་དགོས། གྲོང་གསེབ་ཀྱི་གློག་དྲའི་རིམ་འཕར་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ནུས་ཁུངས་གཙང་མ་འཛུགས་སྐྲུན་སྐུལ་འདེད་བཏང་ནས། ཧུར་བརྩོན་གྱིས་ལྗང་མདོག་ནུས་ཁུངས་དཔེ་སྟོན་རྫོང་(གྲོང་ཁྱེར)གསར་གཏོད་བྱ་དགོས། 

༣ ད་ལོར་རྔ་བ་ཁུལ་གྱིས་ཆུ་བེད་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། རྔ་བའི་མཛོ་ཁོག་ནང་གི་ཆུ་བེད་ལས་གྲྭར་སྐྲུན་འགོ་འཛུགས་དགོས་པ་དང་། བཙན་ལྷའི་ཧྥུ་སྤེན་དང་མེ་ཝོ། ཏ་ལུང་། བཞི་ལུང་བཅས་ཀྱི་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཆུ་ཆེན་ཁྲུང་ཧྭའི་ཆུ་བེད་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་ཚར་དགོས། ས་ཞིང་ཆུ་བེད་ལས་གྲྭ་ཆུང་གྲས་གནད་ཆེན་རྫོང་(གྲོང་ཁྱེར)དང་ས་ཞིང་ཆུ་བེད་ཆུང་གྲས་དང་དེ་མིན་ཆུ་རྐ་ཆེ་འབྲིང་གི་ཆ་འགྲིག་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། ཆུ་འདྲེན་ཐུབ་པའི་ས་ཞིང་མུའུ་ཁྲི1.3གསར་སྣོན་དང་སླར་གསོ། ལེགས་བཅོས་བཅས་བྱ་རྒྱུ། གྲོང་གསེབ་ཀྱི་ཉེན་མེད་འཐུང་ཆུ་སྲ་བརྟན་མཐོར་འདེགས་གཏོང་བའི་ལས་གྲྭར་སྤེལ་འགོ་ཚུགས་ནས། འཐུང་ཆུའི་སྤུས་ཚད་མཐོ་རུ་གཏོང་དགོས། 

༤ ད་ལོར་རྔ་བ་ཁུལ་གྱིས་འཕྲིན་སྐྱེལ་ཁྱབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས། འོད་སྐུད་རྒྱུ་ལམ་འཛུགས་སྐྲུན་དང་དྲ་རྒྱ་ཤོང་སྐྱེད་ལས་གྲྭར་སྐུལ་འདེད་བཏང་སྟེ། “དྲ་གསུམ”མཉམ་འདྲེས་ལ་སྐུལ་སྤེལ་གཏོང་རྒྱུ་དང་། 4Gདྲ་རྒྱའི་ཁྱབ་རྒྱ་ཇེ་ཆེར་གཏོང་རྒྱུ། རྨང་གཞི་དྲ་རྒྱའི་འཐུས་ཚང་ལས་གྲྭ་དང་གཤོང་ཆེ་དྲ་རྒྱ་གྲོང་གསེབ་ཚོད་ལྟའི་ལས་གྲྭ་དག་ལག་ཏུ་བསྟར་དགོས། གཤོང་ཆེ་དྲ་རྒྱ་ཁྱབ་དགོས་པའི་སྲིད་འཛིན་གྲོང་ཚོ50དང་དྲ་བ་སྤྱོད་མཁན་ཁྱིམ་ཚང་ཁྲི1.8གསར་དུ་སྣོན་དགོས། “འཕྲིན་སྦྲེལ་དྲ་བ+”སྤྱོད་པར་སྐུལ་འདེད་གཏོང་རྒྱུ། ཆེད་ལས་ཉེར་སྤྱོད་མ་ལག་གསར་སྤེལ་བྱེད་པར་ཤུགས་སྣོན་བཏང་སྟེ། ཆ་འཕྲིན་འཛད་སྤྱོད་ཤུགས་ཆེན་གྱིས་སྐྱེད་སྲིང་བྱ་དགོས། 

༥ ད་ལོར་རྔ་བ་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་མ་ལག་འཐུས་ཚང་དུ་བཏང་སྟེ། དོ་དམ་ཚོད་འཛིན་ལམ་སྲོལ་གྱི་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། གྲོང་ཁྱེར་གྱི་ཆ་འགྲིག་འཛུགས་སྐྲུན་ཤུགས་ཆེར་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་ཕྱོགས་བསྡུས་ནུས་པར་འཐུས་ཚང་དུ་གཏོང་རྒྱུ། མཐོ་གྲང་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དྲོད་གཏོང་ལས་གྲྭ་ལག་ཏུ་བསྟར་རྒྱུ། རྫོང་མཁར་དང་ཚོད་ལྟའི་གྲོང་རྡལ་གྱི་ས་འོག་གི་མདོང་ལམ་ཡོངས་བཤེར་བྱེད་ཚར་དགོས། འབར་ཁམས་དང་བཙན་ལྷ། ཧུང་ཡོན་བཅས་ཀྱི་གྲོང་ཁྱེར་གྱི་ས་ཁུལ་གསར་བ་འཛུགས་སྐྲུན་མགྱོགས་པོར་བྱ་དགོས་པ་དང་། མའོ་རྫོང་གི་ཆིང་ཕོ་མོན་དང་ཆུ་ཆེན་གྱི་ལའོ་ཅེ་སོགས་མཁར་རྙིང་སྒྱུར་བཀོད་བྱེད་པར་དམ་འཛིན་བྱ་དགོས། གྲོང་རྡལ་བརྒྱའི་འཛུགས་སྐྲུན་བྱ་འགུལ་དེ་གཏིང་ཟབ་ཏུ་སྤེལ་ནས། ཁུལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི0.8ཇེ་མཐོར་གཏོང་དགོས། དངོས་མིན་རིག་གནས་ཤུལ་བཞག་དང་རང་བྱུང་ཤུལ་བཞག དེ་མིན་སྲོལ་རྒྱུན་གནའ་བོའི་གྲོང་སྡེའི་སྲུང་སྐྱོང་ལས་གྲྭ་ཤུགས་ཆེན་གྱིས་ལག་ཏུ་བསྟར་དགོས་པ་དང་། གྲོང་གསེབ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲའི་བྱ་འགུལ་སྤེལ་ནས། ཞིང་ཆེན་རིམ་པའི་ཁོར་ཡུག་ལེགས་མཛེས་དཔེ་སྟོན་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་བཅས་གསར་གཏོད་ཧུར་བརྩོན་བྱ་དགོས། 

༦ ད་ལོར་རྔ་བ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། ཧུར་བརྩོན་གྱིས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་གྱི་སྙན་ཞུ་འབུལ་དགོས། རྒྱལ་ཁབ་ཀྱི་གནད་ཆེའི་སྐྱེ་ཁམས་ཕན་ནུས་ས་ཁུལ་གྱི་སྤོ་སྒྱུར་སྤྲོད་དངུལ་དང་ཁྲོན་ནུབ་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་རིམ་གཉིས་པ། རློན་སའི་སྲུང་སྐྱོང་། རྨོ་སྐྱུར་ནགས་གསོ་བཅས་ཀྱི་སྐྱེ་ཁམས་ལས་གྲྭ་སྐུལ་འདེད་ཏན་ཏིག་བྱ་དགོས་ཤིང་། ནགས་ཚལ་བདག་སྲུང་མུའུ་ཁྲི25.8དང་། ཕྱུགས་སྐྱུར་རྩྭ་གསོ་མུའུ་ཁྲི263བྱ་དགོས། བྱེ་འགྱུར་མུའུ་ཁྲི2.1དང་། ཆུ་བོ་འབྲིང་ཆུང་སྤྱི་ལེ10། ས་ཆུ་ཤོར་ས་སྤྱི་ལེ་གྲུ་བཞི་མ100བཅས་བཅོས་སྐྱོང་བྱ་དགོས། དུས་འཁོར་གསར་བའི་རྩྭ་ཐང་སྐྱེ་ཁམས་ཀྱི་བྱ་དགའི་གསབ་དངུལ་སྲིད་ཇུས་ལག་བསྟར་བྱེད་འགོ་བརྩམ་དགོས། ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་བཅོས་སྐྱོང་ཤུགས་སྣོན་གཏོང་རྒྱུ། ཆུའི་སྐྱེ་ཁམས་ཁོར་ཡུག་དང་ཆུའི་འབྱུང་ཁུངས་སྲུང་སྐྱོང་གཟབ་ནན་བྱ་རྒྱུ། ཟུང་ཆུ་རྨིན་ཅང་འབྱུང་ཁུངས་སོགས་རྒྱལ་ཁབ་རིམ་པའི་རློན་སའི་སྤྱི་གླིང་དང་བཙན་ལྷ་གྱ་གྱུ་རི་བོ་སོགས་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཧུར་བརྩོན་གྱིས་འཛམ་ཐང་ན་མོ་ཆེ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་བསྐྲུན་རྒྱུ་སྙན་ཞུ་འབུལ་དགོས།

༧ ད་ལོར་རྔ་བ་ཁུལ་གྱིས་ཁྱད་ལྡན་ཕན་ཁེའི་ཞིང་ལས་བརྟན་པོའི་ངང་སྤེལ་དགོས། དེང་རབས་ཞིང་ཕྱུགས་ལས་རིགས་ཀྱི་གནད་ཆེའི་རྫོང་དང་དཔེ་སྟོན་རྫོང་གི་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་བྱ་དགོས། “རི་ཆུ་ཞིང་ནགས་ལམ”བཅས་ཀྱི་ཕྱོགས་བསྡུས་ལེགས་སྒྲིག་གཅིག་གྱུར་དམ་འཛིན་བྱ་དགོས་པ་དང་། ཁྱད་ལྡན་གྱི་ཐོན་ལས་གནས་གཞི་གཅིག་བསྡུས་ཡུག་འབྲེལ་ངང་གོང་འཕེལ་བཏང་ནས། མུའུ1000ཡན་ཆད་ཀྱི་གཞི་ཁྱོན་གནས་གཞི་4འཛུགས་ཚར་དགོས་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་ཚད་ཏུན་ཁྲི160 ཡན་ཆད་ཐོན་རྒྱུ་སྲུང་དགོས། ཕྱུགས་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་བྱེད་སྟངས་མགྱོགས་པོ་བསྒྱུར་ནས། ཕྱུགས་ཟོག་གི་དྲོད་ལྡན་ལྷས་ཁང1590དང་ཚད་ལྡན་ཅན་གྱི་གསོ་སྤེལ་ས་ཁུལ་ཆུང་བ5འཛུགས་སྐྲུན་བྱ་དགོས་པ། ཤ་དང་འོ་མའི་ཐོན་ཚད་སོ་སོར་བརྒྱ་ཆ3.5དང་བརྒྱ་ཆ2འཕར་ཐུབ་པ་བྱ་དགོས། གྲོང་གསེབ་ཀྱི་ས་ཞིང་དབང་ཆ་གཏན་ཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་རྒྱུ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་དགོས་ཤིང་། རྣམ་པ་སྣ་ཚོགས་ཀྱི་འོས་འཚམ་གཞི་ཁྱོན་གཉེར་སྐྱོང་བྱེད་རྒྱུ་གོང་འཕེལ་ཧུར་བརྩོན་བྱས་ཏེ། ཤུགས་ཆེན་གྱིས་ཁྱིམ་གཉེར་ཞིང་(ཕྱུགས)ར་དང་སྣེ་ཁྲིད་ཁེ་ལས། དཔེ་སྟོན་མཉམ་ལས་ཁང་བཅས་སྐྱེད་སྲིང་བྱ་དགོས། རྫོང་རིམ་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཁུངས་འདེད་བྱེད་པའི་དྲ་མིག་ཅན་གྱི་དོ་དམ་ཚོད་ལྟ་ལ་གོང་སྤེལ་ཧུར་བརྩོན་བྱ་དགོས། “དག་ཞིང་གི་རྔ་ཁུལ”ཞེས་པའི་ཐོན་རྫས་གྲགས་ཅན་ཤུགས་ཆེན་གྱིས་སྐྱེད་སྲིང་བྱ་རྒྱུ། “ཐོན་རྟགས་གསུམ་དང་ཚོང་རྟགས་གཅིག”ཅན9དང་ཚོང་རྟགས་གྲགས་ཅན3གསར་སྣོན་བྱ་དགོས། ཞིང་ལས་ཐོན་རྫས་དེ་ཚོང་རྫས་ཅན་དུ་གྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་དང་། གཉེར་འཚོང་ཆེད་ལས་ཀྱི་དུད་ཚང་ཆེན་པོ་གོང་འཕེལ་གཏོང་བར་སྐུལ་མ་གཏོང་དགོས།

༨ ད་ལོར་རྔ་བ་ཁུལ་གྱིས་ལྗང་མདོག་གི་འཁོར་རྒྱུག་བཟོ་ལས་གོང་འཕེལ་ཤུགས་ཆེན་གཏོང་དགོས། ཁེ་ལས་ཀྱི་འཁོར་རྒྱུག་རྣམ་པའི་ཐོན་སྐྱེད་དང་ཐོན་ལས་ཀྱི་འཁོར་རྒྱུག་རྣམ་པའི་སྡེབ་སྒྲིག སྤེལ་ཁུལ་གྱི་འཁོར་རྒྱུག་རྣམ་པའི་བསྒྱུར་བཀོད་བཅས་ཇེ་མགྱོགས་སུ་གཏོང་སྟེ། རྔ་ཁུལ་ཧ་ཡང་བཟོ་གྲྭ་དང་ཞེ་ཞིན་སྭེལ་ལས་སོགས་ཀྱི་ཁེ་ལས་དག་ཐོན་ལས་ཕྲེང་བའི་ཕྱོགས་སུ་སྲིང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཆའོ་ཡོན་རླངས་གཟུགས་དང་ཧའོ་ཕུའུ་རུའེ་ལིས་ལས་རིགས་སོགས་འཁོར་རྒྱུག་གི་ལག་རྩལ་བསྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རེ་བ་གསར་བའི་འབྲི་འོ་ལས་རིགས་དང་ཧུང་ཀོང་ཚྭའི་རྫས་འགྱུར་བཟོ་ལས་སོགས་ཀྱི་རྣམ་གྲངས་ཐོན་སྐྱེད་ཆེན་པོ་བྱེད་པར་སྐུལ་མ་ཤུགས་ཆེན་གཏོང་དགོས། ཞིང་ལས་ཐོན་རྫས་ལས་སྣོན་གཏིང་ཟབ་དང་བོད་ཆའང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད། ལིས་གློག་རྒྱུ་ཆ་བཟོ་སྐྲུན། མི་རིགས་བཟོ་རྩལ་གྱི་ཐོན་རྫས་ཐོན་སྐྱེད། རང་བྱུང་གཏེར་ཆུ་གསར་སྤེལ་སོགས་གསར་དར་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། ཁུལ་ནང་དུ་ཉར་རྒྱུའི་གློག་ཚད་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས་པ་དང་། ཆུ་རྒྱས་པའི་དུས་སུ་ཆུ་གློག་ས་ཚིགས་ཀྱི་ཆུ་བེད་སྤྱོད་བྱེད་མ་ཐུབ་པའི་གནད་དོན་དེ་ཐག་གཅོད་ཧུར་བརྩོན་བྱ་དགོས། ཁྲེང་ཏུའུ་དང་རྔ་བའི་བཟོ་ལས་སྤེལ་ཁུལ་ཆེ་སྐྱེད་སྟོབས་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཏའེ་དབྱང་དང་རྔ་བའི་ཐོན་ལས་སྤེལ་ཁུལ་གྱི་འཆར་འགོད་འཐུས་ཚང་དུ་གཏོང་རྒྱུ་དང་། ཕྱོགས་བསྡུས་ཀྱི་ཐེག་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ། ནང་ཞུགས་ཁེ་ལས་ཀྱིས་ཐོན་སྐྱེད་ཐོན་འབོར་ལ་སྐུལ་སྤེལ་གཏོང་དགོས། ཁུལ་ཡོངས་གཞི་ཁྱོན་ཡན་ཆད་ཀྱི་བཟོ་ལས་འཕར་ཐང་བརྒྱ་ཆ8.5ཡས་མས་འཕར་དགོས།

༩ ད་ལོར་རྔ་བ་ཁུལ་གྱིས་སྐྱེ་ཁམས་རིག་གནས་ཀྱི་ལྗོངས་སྐོར་དར་རྒྱས་གོང་འཕེལ་གཏོང་དགོས། རྒྱལ་ཁབ་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ས་ཁུལ་དང་ཞིང་ཆེན་རིམ་པའི་སྤྲོ་གསེང་ལྗོངས་སྐོར་ས་ཁུལ་དུ་གཏོད་རྒྱུ་ཧུར་བརྩོན་གྱིས་སྙན་ཞུ་འབུལ་དགོས། གྱོང་འཁྱམ་ལུང་བ་དང་རྩེ་དགུའི་རི་བོ་སོགས་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བྱ་དགོས་པ་དང་། གཉན་པོ་གཡུ་རྩེ་སོགས་མཛེས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ། སྐུ་བླ་རི་བོ་དང་ཏ་ཁོག་འཁྱགས་རི་གཉིས5Aརིམ་པའི་མཛེས་ཁུལ་དང་མཚམས་གནས་རི་བོ་དང་མཚོ་ཁྲ་གཉིས4Aརིམ་པའི་མཛེས་ཁུལ་གསར་གཏོད་མགྱོགས་པོར་བྱ་དགོས། ལྗོངས་སྐོར་ཆབ་ཁང་གི་འཛུགས་སྐྲུན་དང་དོ་དམ་བྱེད་པའི་འཆར་གཞི་ལག་བསྟར་ཟབ་མོ་བྱ་དགོས་པ་དང་། རྩྭ་ཐང་མཛེས་ཁུལ་གྱི་ཁང་འཁོར་གནས་སྒར་འཛུགས་སྐྲུན་ཚད་ལྡན་དུ་གཏོང་དགོས། ཧུར་བརྩོན་གྱིས་ལུས་སྦྱོང་ལུས་གསོ་ལྗོངས་སྐོར་དང་གྲོང་གསེབ་ཉམས་ཞིབ་ལྗོངས་སྐོར། ཁྱད་ལྡན་རིག་གནས་ལྗོངས་སྐོར་བཅས་ཀྱི་རྣམ་པ་གསར་བའི་ལས་རིགས་སྐྱེད་སྲིང་བྱ་དགོས། གཉེར་འཚོང་བྱེད་སྟངས་གསར་གཏོད་དང་། དུས་ཚིགས་ཀྱི་བརྗོད་བྱ་གཙོ་བོར་མངོན་དོད་བྱས་ནས། གནད་འཁེལ་གཉེར་འཚོང་ཤུགས་ཆེར་གཏོང་དགོས། ལྗོངས་སྐོར་ཕྱི་འབྲེལ་གྱི་ལམ་ཆེན་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། འབད་བརྩོན་གྱིས་གནམ་གྲུ་ཐང་གི་མཁའ་ལམ་རྒྱ་ཆེར་གཏོང་དགོས། མངའ་ཁོངས་ཕྱིའི་ལྗོངས་སྐོར་ཡོང་ཁུངས་ཀྱི་ཁྲོམ་ར་ཧུར་བརྩོན་གྱིས་གསར་དུ་གཏོད་རྒྱུ་དང་། ལྗོངས་སྐོར་བའི་སྒྲིག་གཞི་ལེགས་སྒྱུར་བྱ་རྒྱུ། ལྗོངས་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྐྱོང་ཤུགས་སྣོན་གཏོང་རྒྱུ། ལྗོངས་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ལོ་ཧྲིལ་བོར་ལྗོངས་སྐོར་བ་སྣེ་ལེན་བྱེད་ཚད་བརྒྱ་ཆ10ཡས་མས་འཕར་དགོས་པ་དང་། ལྗོངས་སྐོར་ཡོང་སྒོ་བརྒྱ་ཆ7.5ཡས་མས་འཕར་དགོས།

༡༠ ད་ལོར་རྔ་བ་ཁུལ་གྱིས་གསར་གཏོད་སྐུལ་ཁྲིད་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོར་བྱ་དགོས། ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཞིང་། ཚན་རྩལ་གསར་གཏོད་ཀྱི་དངུལ་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། ཐོན་ལས་ཚན་རྩལ་གྱི་གསར་གཏོད་མཉམ་ལས་སྟེགས་བུ་འཛུགས་དགོས་པ། སྲིད་ཐོན་སློབ་ཞིབ་སྤྱོད་བཅས་མཉམ་ལས་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་དགོས། ཁྱད་ཆོས་ལྡན་པའི་ཁྱད་ཡོན་ཐོན་ལས་མངའ་ཁོངས་ཀྱི་ཐོག་མའི་གསར་གཏོད་དང་ཕྱོགས་བསྡུས་གསར་གཏོད་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འགག་རྩའི་རང་བཞིན་ལྡན་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་ལ་ཚད་ལས་བརྒལ་བར་ཐོབ་རྒྱུ་བརྩོན་ལེན་བྱ་དགོས། གྲོང་གསེབ་ཀྱི་དངོས་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་བེད་སྤྱོད་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། ཚན་རྩལ་གྱི་དམངས་ཕྱུག་རྫོང་སྟོབས2ཡིག་ཐོག་གི་སྙན་ཞུ་འབུལ་དགོས་པ། མཐོ་གསར་ལག་རྩལ་གྱི་ཁེ་ལས1དང་ཚན་རྩལ་ཅན་ཁེ་ལས་འབྲིང་ཆུང8སྐྱེད་སྲིང་བྱ་དགོས། ཤེས་ཡོན་ཐོན་དབང་སྲུང་སྐྱོང་བྱེད་པ་ཤུགས་ཆེར་བཏང་སྟེ། ཆེད་ཁེའི་བདག་དབང་སྣ་ཁ50ཐོབ་འདུན་ཞུ་དགོས།

༡༡ ད་ལོར་རྔ་བ་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་དང་དངུལ་འདེམས་ལ་ཤུགས་སྣོན་གཏོང་དགོས། དངུལ་གཏོང་སྐུལ་སྤེལ་ལམ་སྲོལ་ལེགས་སུ་གཏོང་བ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་གཉིས་མཉམ་ལས་ཀྱི་རྣམ་པ་གསར་གཏོད་བྱ་དགོས། རང་འགུལ་གྱིས་“རྒྱུད་གཅིག་ལམ་གཅིག”སོགས་འཐབ་ཇུས་གལ་ཆེན་འབྲེལ་མཐུད་བྱ་དགོས་ལ། ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་གན་མཛོད་འཐུས་ཚང་དུ་གཏོང་རྒྱུ། དགེ་མཚན་ཁྱད་ཆོས་ལྡན་པའི་རྣམ་གྲངས་ཀྱི་ཐུམ་རྒྱག་ཇུས་འགོད་དང་འོས་སྦྱོར་གཏིང་ཟབ། ཚོང་འགུག་གནད་འཁེལ་བཅས་ཤུགས་སྣོན་གཏོང་དགོས། རྩ་འཛུགས་ཚོགས་པ་ནུབ་རྒྱུད་ཀྱི་དངོས་མང་བཤམས་ཚོང་ཚོགས་འདུ་སོགས་ཀྱི་དངུལ་གཏོང་ངོ་འཕྲད་གྲོས་བསྡུར་ནང་དུ་ཞུགས་ཏེ། ཆེད་དོན་ངོ་སྤྲོད་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་དགོས། ཚོང་འགུག་རྣམ་གྲངས་དང་འགལ་བའི་གཙང་བཤེར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། རྣམ་གྲངས་ཀྱི་གན་རྒྱ་ལག་བསྟར་བྱེད་ཚད་དང་མ་དངུལ་དམིགས་སར་འབྱོར་ཚད་མཐོར་འདེགས་གཏོང་དགོས། ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར78དམིགས་སར་འབྱོར་དགོས།

༡༢ ད་ལོར་རྔ་བ་ཁུལ་གྱིས་ཕྱི་ཕྱོགས་ལ་སྤེལ་རེས་མཉམ་ལས་བྱེད་པ་གཏིང་ཟབ་ཏུ་གཏོང་དགོས། རོགས་སྐྱོར་མཐུད་འབྲེལ་དང་ས་ཁོངས་མཉམ་སྒྲུབ། ཕྱི་ནང་མཉམ་འདྲེས་བཅས་ཀྱི་སྒོ་འབྱེད་མཉམ་ལས་མ་ལག་འཐུས་ཚང་དུ་གཏོང་དགོས། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཐོན་ལས་མཉམ་འགུལ་མཉམ་རོགས་བྱེད་པ་དང་འགྲིམ་འགྲུལ་ཕན་ཚུན་སྦྲེལ་མཐུད་བྱེད་པ། མི་རིགས་ཀྱི་རིག་གནས་སྤེལ་རེས་བྱེད་པ་བཅས་སྐུལ་འདེད་བཏང་སྟེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། མཐའ་སྐོར་གྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་དག་དང་མཉམ་ལས་གོང་འཕེལ་བྱེད་པར་ཤུགས་སྣོན་གཏོང་དགོས་པ་དང་། རང་འགུལ་གྱིས་ཐན་ཧྥུའུ་གསར་ཁུལ་གྱི་རྣམ་གྲངས་ནང་དུ་ཞུགས་དགོས། ཚན་རྩལ་ཐིང་དང་ཞིང་ཆེན་གློག་ཤུགས་ཀུང་སི་སོགས་ཀྱི་སྡེ་ཁག་དང་མཉམ་ལས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་རྒྱུ། རིག་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གཞུག་ཤེད་ཇེ་ཆེར་གཏོང་དགོས། རིགས་མཐུན་རོགས་སྐྱོར་གྱི་ཞིང་ཆེན་གྲོང་ཁྱེར་དང་ཐོན་ལས་མཉམ་འགུལ་མཉམ་ལས་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་རིགས་སྒྱུར་རིམ་སྤར་ལ་འདེད་སྐྱོར་བྱ་དགོས།  

༡༣ ད་ལོར་རྔ་བ་ཁུལ་གྱིས་རྫོང་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཁུལ་ཁོངས་དོ་མཉམ་འཕེལ་རྒྱས་ཡོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་ནས། སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་བཀག་རྒྱ་གཏོར་རྒྱུ་དང་། གཞི་རྩའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་འཇགས་སུ་གཏོང་རྒྱུ། ཐུན་མོང་མཉམ་འགུལ་དང་སྣེ་མང་འདེགས་སྐྱོར། འགྲན་རྩོད་འགོམ་བརྒལ། དུས་མཉམ་འབྱོར་འབྲིང་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཏུ་ཆགས་དགོས། ས་ཁོངས་མཉམ་ལས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཧུར་བརྩོན་གྱིས་“ཡུག་སྦྲེལ་ས་ཁུལ་ཆེན་པོ་བཞི”མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྫོང་སོ་སོས་ཁྱད་ལྡན་ཐོན་ལས་སྤེལ་ཁུལ་གོང་འཕེལ་མགྱོགས་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། སྤྱི་དབང་མིན་པའི་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར། ཐུན་མོང་དཔལ་འབྱོར་བཅས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་པ་དང་། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཞིང་ལས་དཔལ་འབྱོར་གྱི་དཔེ་སྟོན་རྫོང་﹙གྲོང་ཁྱེར﹚དང་ལྗང་མདོག་འཁོར་རྒྱུག་བཟོ་ལས་དཔལ་འབྱོར་གྱི་སྟོབས་རྫོང་﹙གྲོང་ཁྱེར﹚། རིག་གནས་ལྗོངས་སྐོར་ཉོ་ཚོང་དཔལ་འབྱོར་གྱི་ཕྱུག་རྫོང་﹙གྲོང་ཁྱེར﹚བཅས་འཛུགས་སྐྱོང་བྱ་དགོས། 

༡༤ ད་ལོར་རྔ་བ་ཁུལ་གྱིས་དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་མགྱོགས་པོར་བྱ་དགོས། “གནད་འཁེལ་སྣ་དྲུག”མངོན་དུ་དོད་ནས། “འཆར་གཞི་སྣ་ལྔ”དང་“བྱ་འགུལ་ཆེན་པོ་ལྔ”ལག་ཏུ་བསྟར་དགོས། དབུལ་བོའི་ཆ་འཕྲིན་མ་ལག་འཛུགས་དགོས་པ་དང་། འགུལ་ཚུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དབུལ་ཕོངས་གྲོང་སྡེའི་ཐོན་ལས་སྐྱེད་སྲིང་གི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ལམ་སྲོལ་འཛུགས་པར་འཚོལ་ཞིབ་བྱ་དགོས། དབུལ་སྐྱོར་མ་དངུལ་སྡེབ་སྒྲིག་བེད་སྤྱོད་དང་། ཡུག་སྦྲེལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། དབུལ་ཕོངས་མི་གྲངས་ཁྲི2དབུལ་བོའི་ཚད་ལས་ཐར་ཐུབ་པ་བྱ་དགོས་པ་དང་། དབུལ་ཕོངས་གྲོང་ཚོ125ཡི་དབུལ་བོའི་ཞྭ་མོ་འབུད་ཐུབ་པ་བྱ་དགོས། སྤྱི་ཚོགས་དབུལ་སྐྱོར་གྱི་ནང་ཞུགས་པའི་ལམ་སྲོལ་གསར་དུ་གཏོད་པ་དང་། རིགས་མཐུན་རོགས་སྐྱོར་གྱི་ལས་སྒྲུབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འགྲིམ་འགྲུལ་དབུལ་སྐྱོར་དང་རིགས་མཐུན་རོགས་སྐྱོར་གྱི་རྣམ་གྲངས་ལག་བསྟར་ཟབ་མོ་བྱ་དགོས། ཚིགས་ཝའི་ནད་རིགས་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་དགོས་པ་དང་། སྤྱི་ཚོགས་འགན་སྲུང་གི་ཡུན་ཕན་ལམ་སྲོལ་འཛུགས་དགོས། ཧྲོང་ཅང་ཁོའུ་སོགས་ལས་གྲྭ་གལ་ཆེན་གྱི་ཡུལ་མི་གནས་སྤོའི་བཀོད་སྒྲིག་དང་ཕྱི་རྗེས་ཀྱི་རོགས་སྐྱོར་ལས་ཀ་མུ་མཐུད་དུ་དམ་འཛིན་བྱ་དགོས། 

༡༥ ད་ལོར་རྔ་བ་ཁུལ་གྱིས་སྤྱི་ཚོགས་ཀྱི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་དགོས། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་གྱི་རྙིང་ཞིང་ཉེན་པའི་ཁང་བ་ཐབས་ཆག གྲོང་གསེབ་ཀྱི་ཁང་བ་ཉེན་ཅན་བསྒྱུར་བཀོད་བཅས་ཀྱི་ལས་གྲྭ་ལག་བསྟར་ཟབ་མོ་བྱ་དགོས་པ་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་བགོ་འགྲེམ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལས་ཁུངས་དང་ལས་དོན་སྡེ་ཚན་གྱི་རྒན་གསོའི་ཉེན་འགོག་འགན་ལེན་གྱི་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཏན་ཏིག་བྱས་ནས། མི་སྒེར་གྱི་རྩིས་ཁྲའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གླ་ཕོགས་ལམ་ལུགས་བསྒྱུར་བཅོས་བྱེད་པ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་མ་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་ཡུལ་ཚོའི་སྡོད་དམངས་ཀྱི་སྨན་བཅོས་ཉེན་འགོག་འགན་ལེན་གྱི་ལམ་ལུགས་སྡེབ་སྒྲིག་བྱས་ཏེ་གཅིག་གྱུར་གྱི་སྒོ་ནས་གཉེར་སྒྲུབ་དོ་དམ་བྱེད་པར་ཁྱབ་སྤེལ་གཏོང་དགོས། ནད་ལྕི་མོའི་སྨན་བཅོས་ཉེན་འགོག་འགན་ལེན་གྱི་ལམ་ལུགས་དང་སྨན་བཅོས་རོགས་སྐྱོབ་འཆར་གཞི་ཕྱོགས་ཡོངས་ནས་ལག་ཏུ་བསྟར་དགོས། ཚོང་ལས་ཀྱི་རྒན་གསོའི་ཉེན་འགོག་འགན་ལེན་ཧུར་བརྩོན་གྱིས་གོང་འཕེལ་བཏང་སྟེ། ཚོང་ལས་ཀྱི་ཉེན་འགོག་འགན་ལེན་སྒྲིག་གཞི་དེ་སྨན་བཅོས་ཀྱི་ཉེན་འགོག་འགན་ལེན་སྒྲུབ་གཉེར་བྱེད་པའི་ནང་དུ་ཞུགས་པར་སྐུལ་མ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ལྔ་སྐྱོང་བྱ་ཡུལ་ཁ་གསོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་སྐྱོབ་རོགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། གནས་སྐབས་ཀྱི་སྐྱོབ་རོགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་ཧུར་བརྩོན་བྱ་དགོས། 

༡༦ ད་ལོར་རྔ་བ་ཁུལ་གྱིས་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས། ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་། རང་དབང་གི་སྒོ་ནས་ལས་ཀ་རང་འདེམ་བྱེད་པར་སྐུལ་མ་གཏོང་རྒྱུ། ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་བྱེད་པར་རྒྱབ་སྐྱོར་བྱ་དགོས་ལ། ཐབས་ལམ་མང་བོའི་སྒོ་ནས་ཡོང་སྒོ་དམའ་བའི་ཁྱིམ་ཚང་དང་ས་ཤོར་ཞིང་བ། ལས་ཤོར་བཟོ་བ་སོགས་གནད་ཆེའི་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་སྤེལ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ7000དང་ལས་ཀ་ཤོར་ནས་ཡང་བསྐྱར་ལས་ཞུགས་མི་སྣ500གསར་དུ་སྣོན་དགོས། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་དང་། སློབ་ཆེན་སློབ་མས་ལས་གཏོད་སྣེ་ཁྲིད་འཆར་གཞི་ལག་ཏུ་བསྟར་དགོས་པ། གསོ་སྤེལ་གནས་གཞི་དང་ལས་གཏོད་གནས་གཞིར་འཛུགས་སྐྲུན་མགྱོགས་པོ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འདྲ་མཉམ་གྱི་ལས་ཞུགས་ལས་གཏོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་ལེགས་སྒྲིག་ལམ་སྲོལ་དང་ཁེ་ལས་ཀྱི་ཟླ་ཕོགས་ཁྲིད་སྟོནཚད་གཞི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཁྱད་ལྡན་གྱི་ལག་རྩལ་གསོ་སྦྱོང་ཤུགས་སྣོན་བཏང་སྟེ། ལས་ཞུགས་ནུས་པ་དང་ཆུ་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་དགོས། གྲོང་གསེབ་ཀྱི་ངལ་རྩོལ་བ་མི་ཁྲི13གཞན་དུ་ལས་ཞུགས་བྱེད་པ། ངལ་ལས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར28ལེགས་འགྲུབ་བྱ་དགོས། 

༡༧ ད་ལོར་རྔ་བ་ཁུལ་གྱིས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་འཛུགས་དགོས་པ་དང་། ཕྱོགས་ཡོངས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས། ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་ཟབ་མོ་བྱས་ནས། སློབ་ན་མ་སོན་པའི་ལོ་གསུམ་གྱི་བྱ་འགུལ་འཆར་གཞི་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ལོ་དགུའི་འོས་འགན་སློབ་གསོ་དོ་མཉམ་ངང་གོང་འཕེལ་གཏོང་དགོས་པ། སྐད་གཉིས་སློབ་ཁྲིད་བྱེད་སྟངས་ལེགས་ཏུ་གཏོང་དགོས། དཔེ་སྟོན་སློབ་འབྲིང་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གསར་འཛུགས་མགྱོགས་པོར་བྱས་ནས། ཁྱད་ཆོས་ལྡན་པའི་ཆེད་ལས་ལེགས་པོ་གོང་འཕེལ་ཧུར་བརྩོན་བྱ་དགོས། མུ་མཐུད་དུ“9+3”སློབ་རིན་མི་དགོས་པའི་ལས་རིགས་སློབ་གསོའི་འཆར་གཞི་ལག་ཏུ་བསྟར་དགོས་ལ། རྔ་ཁུལ་དགེ་འོས་སློབ་གྲྭ་ཆེན་མོ་མྱུར་དུ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་དགོས་ཤིང་། སློབ་གྲྭ་ཚད་ལྡན་ཅན་དང་སློབ་གསོ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས།

༡༨ ད་ལོར་རྔ་བ་ཁུལ་གྱིས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་དགོས། གཞུང་གཉེར་སྨན་ཁང་བསྒྱུར་བཅོས་ཟབ་མོར་བྱ་དགོས་པ་དང་། གཞི་རྩའི་སྨན་རིགས་ལམ་ལུགས་སྲ་བརྟན་གཏོང་རྒྱུ། རིམ་བགོ་ནད་བརྟག་སྨན་བཅོས་ཧུར་བརྩོན་གྱིས་ཁྱབ་གདལ་དུ་བཏང་སྟེ། སྨན་བཅོས་དང་སྨན་རྫས། སྨན་བཅོས་ཉེན་འགོག་འགན་ལེན་བཅས་མཉམ་འགུལ་ལམ་སྲོལ་འཛུགས་དགོས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་སྐུལ་འདེད་གཏོང་རྒྱུ་དང་། སྨན་ཁང་རིམ་པ་གསར་གཏོད་ཀྱི་ཚད་གཞི་ཇེ་མགྱོགས་སུ་གཏོང་དགོས་པ་དང། “དུས་ཚོད1གི་སྨན་བཅོས་ཞབས་ཞུའི་མུ་ཁྱུད”འཐུས་ཚང་དུ་གཏོང་དགོས། ཁྱད་ལྡན་སྨན་བཅོས་ཚན་ཁག་འཛུགས་སྐྲུན་དང་བོད་ཆའང་སྨན་རྫས་ནད་ཐོག་བཀོལ་སྤྱོད་ལ་ཤུགས་སྣོན་བྱ་རྒྱུ་དང་། ལུས་གསོ་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཡུལ་ནད་དང་གཅོང་ནད། མོ་ནད། མཐོ་སྒང་གི་ནད་སོགས་ནད་རིགས་ཕྱོགས་བསྡུས་འགོག་བཅོས་བྱེད་པར་དམ་འཛིན་བྱ་དགོས། འཆར་ལྡན་བུ་བཙའི་སྲིད་ཇུས་དོན་དུ་འཁྱོལ་ཏེ། སྐྱེ་གནས་བདེ་ཐང་དང་མ་བུ་བདེ་སྲུང་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

༡༩ ད་ལོར་རྔ་བ་ཁུལ་གྱིས་མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་འཚོ་བ་ཕུན་སུམ་ཚོགས་པར་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་རིག་གནས་སྡེ་ཚན་བསྒྱུར་བཅོས་ཟབ་མོ་བྱ་དགོས་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ལས་ཕྱོད་དཔྱད་དཔོག་བྱེད་པའི་ལམ་སྲོལ་འཐུལ་ཚང་དུ་གཏོང་དགོས། རིག་གནས་དམངས་ཕན་གྱི་ལས་གྲྭ་ལག་བསྟར་ཟབ་མོ་བྱས་ནས། “དཔེ་མཛོད་ཁང་དང་རིག་གནས་ཁང་གཉིས”ཚད་ལྡན་ཅན་དང་གྲོང་ཁྱེར་ཡུལ་ཚོ་སྡེ་ཁུལ་བཅས་ཀྱི་“སྒོ་རའི་རིག་གནས”འཛུགས་སྐྲུན་ཤུགས་སྣོན་གཏོང་དགོས་པ། རིག་རྩལ་གཞི་རིམ་དུ་ཐེངས260སྐྱེལ་དགོས། སྤྱི་པའི་རིག་གནས་དང་ལུས་རྩལ་གྱི་སྒྲིག་བཀོད་ལ་རིན་པ་མི་དགོས་པ་སྒོ་འབྱེད་བྱ་བ་དང་། མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་གྱི་འགྲེམ་སྟོན་གནས་གཞི་དང་བཤམས་མཛོད་ཁང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱ་དགོས་ཤིང་། ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྲགས་ཅན་དང་གནའ་བོའི་གྲོང་སྡེ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་གཏོང་དགོས། འཛམ་ཐང་གི་ཇོ་ནང་རིག་གནས་ལྟེ་གནས་སོགས་རིག་གནས་སྤེལ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཤིང་། འབྲིང་ཆུང་དང་ཆེས་ཆུང་བའི་རིག་གནས་ཁེ་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱ་དགོས། ཤུགས་ཆེན་གྱིས་ཁྱད་ལྡན་ལུས་རྩལ་གྱི་ཐོན་ལས་སྐྱེད་སྲིང་བྱ་དགོས། 

༢༠ ད་ལོར་རྔ་བ་ཁུལ་གྱིས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། གྲོང་(སྡོད་དམངས)དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བའི་སྐབས་བརྗེ་འདེམ་བསྐོའི་ལས་ཀ་དམ་འཛིན་བྱ་དགོས་ལ། སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་དགོས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས། གྲོང་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏོང་རྒྱུ་དང་། གྲོང་དོན་གསལ་བསྒྲགས་ཚད་ལྡན་དུ་གཏོང་དགོས་ཤིང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། དམངས་ཁྲོད་ཀྱི་རྩ་འཛུགས་དོ་དམ་ཚད་ལྡན་དུ་གཏོང་དགོས་པ་དང་། ལས་རིགས་མཐུན་ཚོགས་དང་སྲིད་འཛིན་ལས་ཁུངས་བར་འབྲེལ་ཐག་མི་ཆད་པར་སྐུལ་འདེད་གཏོང་དགོས། ལྔ་བདུན་ཁྲིམས་གདལ་འཆར་གཞིར་བཟོ་འགོད་ལག་བསྟར་བྱས་ནས། “བཅའ་ཁྲིམས་ཡུལ་བདུན་དུ་སྐྱེལ་བའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། ཁྲིམས་སྐྱོང་དཔེ་སྟོན་སྡེ་ཚན་གསར་གཏོད་ཧུར་བརྩོན་བྱ་དགོས། འགལ་བ་རྩོད་གཞི་སྣ་མང་འདུམ་འགྲིག་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲིམས་འཛིན་སྐྱོབ་རོགས་དང་བཅའ་ཁྲིམས་རོགས་སྐྱོར། བཅའ་ཁྲིམས་ཞབས་ཞུའི་བློ་འདྲི། མི་དམངས་འདུམ་འགྲིག་ལམ་ལུགས་བཅས་ཚད་ལྡན་དུ་གཏོང་དགོས།

༢༡ ད་ལོར་རྔ་བ་ཁུལ་གྱིས་མི་རིགས་དང་ཆོས་ལུགས་ལས་ཀར་ཤུགས་སྣོན་གཏོང་དགོས། ཕྱོགས་ཡོངས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གོང་འཕེལ་སྲ་བརྟན་དུ་གཏོང་དགོས་ཤིང་། མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། ཁྲིམས་ལྟར་དོ་དམ་དང་སྤྱི་ཚོགས་དོ་དམ། དམངས་གཙོ་དོ་དམ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་དགོན་པའི་དོ་དམ་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ཧུར་བརྩོན་གྱིས་ཚུལ་ལྡན་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་གསར་འཛུགས་བྱ་རྒྱུ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་པའི་བྱ་བ་སྐུལ་སྤེལ་གཏོང་དགོས། མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་རྒྱུད་འཛིན། གོང་འཕེལ་གཏོང་བ་བཅས་ཚད་ལྡན་དུ་གཏོང་དགོས་ལ། གནའ་གཞུང་སྲུང་སྐྱོང་དང་འཕྲལ་སྐྱོབ། ལེགས་སྒྲིག དཔེ་སྐྲུན། ཞིབ་འཇུག་བཅས་ཀྱི་ལས་ཀ་ལེགས་བསྒྲུབ་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།