ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས། ༢

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲོམ་ར་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་ནས།ཐེབས་རྩ་དེ་དག་ས་ཁུལ་དབུལ་པོར་ཐོན་ཁུངས་གསར་སྤེལ་དང་།ཐོན་ལས་གླིང་ཁུལ་འཛུགས་སྐྱོང་།གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཕེལ་རྒྱས་སོགས་ནང་དུ་ཁེ་ལས་འགུག་པའི་ཐད་སྤྱོད་དགོས།

(དྲུག)ངལ་རྩོལ་པ་ཕྱིར་གཏོང་ལ་ཁྲིད་སྟོན་བྱས་ནས་དབུལ་ཐར་ཐུབ་པ་བྱེད་དགོས།

ངལ་རྩོལ་པ་ཕྱིར་གཏོང་གི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གསོ་སྦྱོང་ཐོན་ཁུངས་རིགས་སོ་སོ་སྤྱི་འདོམས་བེད་སྤྱོད་བྱེད་པ།ལས་ཞུགས་ཀྱིས་ཁྲིད་སྟོན་བྱས་ནས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས།ལས་རིགས་ནུས་རྩལ་གྱི་མཐོར་གཏོང་འཆར་གཞི་དང་དུད་ཚང་དབུལ་པོའི་སློབ་གསོའི་གསོ་སྦྱོང་བཟོ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁེ་ལས་ཀྱིས་དབུལ་སྐྱོར་དང་ལས་རིགས་སློབ་གསོ་ཟུང་འབྲེལ་བྱ་རྒྱུར་ཁྲིད་སྟོན་བྱས་ནས།ལས་རིགས་སློབ་གླིང་དང་སློབ་གྲྭ་དང་ལག་རྩལ་བཟོ་པའི་སློབ་གྲྭས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་བསྡུ་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱས་ནས།ཁྱིམ་ཚང་དབུལ་པོའི་ངལ་རྩོལ་པས་ཉུང་མཐའ་ཡང་ཕྱུག་འགྱུར་རྩལ་ནུས་གཅིག་ཁོང་དུ་ཆུད་པ་བྱས་ནས་ནུས་རྩལ་ལ་བརྟེན་ནས་དབུལ་ཐར་ཐུབ་རྒྱུ་འགན་ལེན་བྱེད་དགོས།ལས་ཞུགས་ཆེད་དངུལ་ས་ཁུལ་དབུལ་པོར་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱིས་རྫོང་དང་ཞང་གི་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྟེགས་བུ་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།མི་སྤྱོད་ཁེ་ལས་ཀྱིས་དབུལ་ཕོངས་ས་ཁུལ་དུ་ངལ་ནུས་གསོ་སྦྱོང་རྟེན་གཞི་བསྐྲུན་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ།མངགས་ཐོ་དང་ཁ་ཕྱོགས་གཏན་ཁེལ་གྱི་གསོ་སྦྱོང་ལས་དོན་སྤེལ་བ།ཕྱིར་གཏོང་ཁུལ་དང་ནང་འདྲེན་ཁུལ་གྱི་ངལ་རྩོལ་པ་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།ས་གནས་ཀྱིས་ཞིང་ཆེན་ལས་བརྒལ་ནས་ལས་མི་བྱེད་པར་འགྲོ་མཁན་གྱི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་འགྲིམ་འགྲུལ་ཁ་གསབ་སྤྲོད་རྒྱུའི་སྐུལ་ལྕག་གཏོང་དགོས།ཁྱིམ་ལས་ཞབས་ཞུ་དང་།ཟོག་འགྲེམ་སྡེབ་སྐྱེལ།རྒན་གསོའི་ཞབས་ཞུ་སོགས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དབུལ་ཕོངས་གྱི་ས་ཁུལ་ངལ་རྩོལ་པ་ཕྱིར་གཏོང་ལས་ཞུགས་བར་སྟོང་རྒྱ་ཆེར་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་ཞིང་པ་ལས་མིར་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།གྲོང་རྡལ་དུ་ལས་ཀ་བྱེད་པ་དང་འཚོ་བ་བསྐྱལ་ནས་ལོ་གཅིག་ཡན་སོང་བའི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་ནང་འདྲེན་ཁུལ་སྲིད་གཞུང་གིས་དེ་མཚུངས་ཀྱི་རོགས་སྐྱོར་འགན་འཁྲི་འཁུར་དགོས་པ་དང་འབྲེལ།གཞི་རྩའི་སྤྱི་པའི་ཞབས་ཞུ་སྔོན་ལ་མཁོ་འདོན་བྱས་ནས་གྲོང་རྡལ་དུ་བརྟན་པོའི་ངང་ལས་ཞུགས་དང་འཚོ་བ་སྐྱེལ་ཐུབ་པའི་འཇོན་ཐང་ཡོད་པའི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་གོ་རིམ་ལྡན་པའི་ངང་གྲོང་མི་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

(བདུན།)གནས་སྤོ་ལག་བསྟར་བྱས་ནས་དབུལ་ཐར་ཐུབ་པ་བྱེད་དགོས།

འཚོ་གནས་ཆ་རྐྱེན་ཞན་པ་དང་།སྐྱེ་ཁམས་ཁོར་ཡུག་ཞན་པ།རང་བྱུང་གནོད་འཚེ་ཡང་ཡང་ཐོན་པ་སོགས་ས་ཁུལ་གྱི་གྲོང་གསེབ་ཀྱི་དབུལ་པོར་དབུལ་སྐྱོར་གནས་སྤོ་བཟོ་འགོད་མགྱོགས་མྱུར་སྒོས་ལག་བསྟར་བྱེད་དགོས།མང་ཚོགས་རང་མོས་ཡིན་པ་དང་།དགེ་མཚན་ལྡན་པ།བརྟན་པོ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་།ཡུལ་བབ་དང་བསྟུན་ནས་གནས་སྤོ་བཀོད་སྒྲིག་བྱེད་སྟངས་ལག་བསྟར།སྡོད་ཁང་འཛུགས་སྐྲུན་གྱི་ཚད་གཞི་ལུགས་མཐུན་ངང་གཏན་ཁེལ་བྱེད་པ།གནས་སྤོ་རྗེས་མཐུད་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གནས་སྤོ་བྱ་ཡུལ་དུ་ལས་ཞུགས་བྱེད་ས་ཡོད་པ་དང་བརྟན་པོའི་ངང་དབུལ་ཐར་ཐུབ་རྒྱུ་འགན་ལེན་བྱེད་པ།གནས་སྤོ་ཐུབ་པ་དང་།གཞིས་ཆགས་ཐུབ་པ།ཕྱུག་པོར་འགྱུར་ཐུབ་པ་བཅས་ཡོང་བ་བྱེད་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་།དབུལ་སྐྱོར་གནས་སྤོའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ།ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་དང་བཟོ་ལས་གླིང་ཁུལ་ལ་བརྟེན་ནས་གནས་སྤོའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས།ཁོང་ཚོར་མགྱོགས་མྱུར་ངང་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུ་མངོན་འགྱུར་ཡོང་རོགས་བྱེད་པ།ས་གནས་དེ་གའི་མང་ཚོགས་དང་འདྲ་མཉམ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་དགོས།ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་འཇོག་པ་དང་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གི་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་།མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་བྱེད་པ།མ་དངུལ་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ།ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱེད་དགོས།འགྲིམ་འགྲུལ་འཛུགས་སྐྲུན་དང་།ཞིང་ཁའི་ཆུ་བེད།ས་ཞིང་བཅོས་སྒྲིགས་གཤིས་གནོད་འཚེ་འགོག་བཅོས།ནགས་ལས་སྐྱེ་ཁམས་སོགས་ཞིང་སྐྱོར་མ་དངུལ་དང་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་ཧུར་ཐག་བྱས་ནས་བཀོད་སྒྲིག་ཁུལ་གྱི་མ་ལག་ཚང་བའི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་དང་གནས་སྤོས་ཁུལ་གྱི་སྐྱེ་ཁམས་ཉམས་གསོར་རྒྱབ་སྐྱོར་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ས་སྤྱོད་འཐེན་སྣོན་ཟུང་འབྲེལ་སྲིད་ཇུས་སྤྱད་ནས་དབུལ་སྐྱོར་གནས་སྤོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།ཆ་རྐྱེན་དང་མཐུན་པའི་གནས་སྤོས་དུད་ཚང་ལ་སྡོད་ཁང་འཛུགས་སྐྲུན་དང་།ཐོན་སྐྱེད།ལས་གཏོད་སྐྱེད་སྤྲོད་དངུལ་བུན་བཅས་ཀྱི་རྒྱབ་སྐྱོར་བྱེད་དགོས།གནས་སྤོ་བཀོད་སྒྲིག་ས་ཚིགས་ལ་གཞིས་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱས་ཏེ་གནས་སྤོས་དུད་ཚང་གི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས།ཞིང་པ་གྲོང་ཁྱེར་དུ་བསྐྱོད་ནས་གཞིས་ཆགས་རྗེས་རང་མོས་ངང་སྐྱིན་ཚབ་ཡོད་པའི་ཕྱིར་ལོག་བྱས་པའི་གྲོང་གསེབ་ཀྱི་བེད་མིད་དུ་བཞག་པའི་ཁང་པ་དང་ས་ཞིང་སྤྱད་དེ་གནས་སྤོས་ཞིང་དུད་བཀོད་སྒྲིག་བྱ་ཐབས་འཚོལ་ཞིབ་བྱེད་དགོས།

(བརྒྱད།)སྐྱེ་ཁམས་སྲུང་སྐྱོང་དང་ཟུང་འབྲེལ་བྱས་ནས་དབུལ་ཐར་བྱེད་དགོས།

རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་མི་བསྐྱུར་ནགས་གསོ་རྩྭ་གསོ་དང་།རང་བྱུང་ནགས་ཚལ་སྲུང་སྐྱོང་།འགོག་སྲུང་ནགས་ཚལ་འཛུགས་སྐྲུན།བྱེ་རྡོ་ཅན་ལེགས་བཅོས།བྱེ་འགོག་བྱེ་བཅོས།བརླན་ས་སྲུང་སྐྱོང་དང་སླར་གསོ།རི་ཞིང་དང་མི་ཞིང་ཕྱོགས་བསྡུས་བཅོས་སྐྱོང་།ཕྱུགས་བསྐྱུར་རྩྭ་གསོ།ཆུའི་སྐྱེ་ཁམས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་འགོད་གལ་ཆེན་དག་གི་རྣམ་གྲངས་དང་མ་དངུལ་བཀོད་སྒྲིག་ཐད་དབུལ་ཕོངས་ས་ཁུལ་གྱི་མི་འབོར་ལ་སྔར་བས་གཟིགས་སྐྱོང་བྱས་ནས་དབུལ་པོའི་ཞུགས་ཚད་དང་ཕན་འབྲས་ཐོབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་ལ་ཤུགས་སྣོན་རྒྱག་དགོས།རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་འཛུགས་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་སྐྱེ་ཁམས་མ་དངུལ་བེད་སྤྱོད་བྱེད་སྟངས་གསར་གཏོད་བྱས་ནས།སྐྱེ་ཁམས་ཁ་གསབ་དང་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་མ་དངུལ་སྤྱད་ནས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་པོའི་མི་འབོར་ཁག་ཅིག་ནགས་སྲུང་པ་སོགས་སྐྱེ་ཁམས་སྲུང་སྐྱོང་མི་སྣར་བསྒྱུར་དགོས།དབུལ་ཕོངས་ས་ཁུལ་གྱི་གཞི་རྩའི་ཞིང་ཁ་ཡོད་པའི་དམིགས་ཚད་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ་དང་དབུལ་ཕོངས་ས་ཁུལ་གྱི་རེས་སྐོར་གསར་པའི་མི་བསྐྱུར་ནགས་གསོ་རྩྭ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས།

  དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཀྱི་ཚོད་ལྟ་བྱེད་པ་དང་།སྤྱི་ཕན་ནགས་ཚལ་ཁ་གསབ་ཀྱི་ཚད་གཞི་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ།ས་ཁུལ་དབར་འདྲ་མཚུངས་ཀྱི་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས

(དགུ)སློབ་གསོའི་དབུལ་ཐར་ལ་ཤུགས་སྣོན་དགོས།

སློབ་གསོའི་དབུལ་སྐྱོར་བཟོ་འགོད་ལག་བསྟར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་དུད་ཚང་དབུལ་པོའི་བུ་ཕྲུག་ཚང་མས་དྲང་གཞག་དང་སྤུས་ཚད་ལོན་པའི་སློབ་གསོ་དང་ལེན་བྱེད་ཐུབ་པ་བྱས་ནས་དབུལ་པོ་མི་རབས་བར་བརྒྱུད་པར་འགོག་དགོས།རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་གྱིས་དབུལ་ཕོངས་ས་ཁུལ་གྱི་དང་རྨང་གཞིའི་སློབ་གསོར་གཟིགས་སྐྱོང་བྱེད་དགོས།སློབ་ཞུགས་གོང་གི་སློབ་གསོའི་མ་དངུལ་རོགས་རམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་དུད་ཚང་དབུལ་པོའི་བྱིས་པར་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱ་རྒྱུར་རོགས་རམ་བྱེད་དགོས་པ་དང་།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་དམིགས་བསལ་ལས་གནས་འཆར་གཞི་དང་།རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི་དེ་ས་ཁུལ་དབུལ་པོའི་གཞི་རིམ་ལ་ཕྱོགས་ནས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་གྲྭར་ཡུན་རིང་དུ་གཞིས་ཆགས་པའི་གཅིག་མཁས་མང་འཇོན་དགེ་རྒན་དམིགས་བཀར་གསོ་སྐྱོང་བྱེད་པ་དང་།གཞི་རིམ་གྱི་དངོས་ཡོད་དང་འཚམ་པའི་དགེ་རྒན་གདན་ཞུ་ནང་འདྲེན་བྱེད་ཐབས་བཟོ་བ།ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་གྲོང་གསེབ་དགེ་རྒན་གྱི་ཁ་གསབ་ལམ་སྲོལ་འཛུགས་པ་བཅས་བྱས་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བར་འགྲོ་འོང་ལུགས་མཐུན་དང་ཁ་གཏད་རོགས་སྐྱོར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཡུག་འབྲེལ་བའི་ཆེས་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་ཁར་གྲོང་གསེབ་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ལམ་ལུགས་འཛུགས་དགོས།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་སློབ་གྲྭ་ཆུང་འབྲིང་བཀོད་སྒྲིག་ལུགས་མཐུན་བྱས་ཐོག་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ།ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས་འོས་འགན་སློབ་གསོ་ཇེ་བརྟན་དུ་གཏོང་དགོས།

མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བར་ཡིག་ཚགས་དང་ཡིག་བྱང་བཟོས་ཚར་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་མཐོ་འབྲིང་དཀྱུས་མའི་སློབ་གྲོན་ཙག་ཙིག་དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲོན་ཙག་ཙིག་རྩ་ཆག་གཏོང་རྒྱུ་སྔོན་ལ་ལག་བསྟར་བྱས་ཏེ།མཐོ་འབྲིང་དཀྱུས་མར་རྒྱུགས་མ་འཕྲོད་པའི་དམའ་འབྲིང་སློབ་ཐོན་སློབ་མ་ཚང་མས་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་ཐུབ་པ་བྱེད་དགོས།ཆེད་ལས་ཀྱི་ཁྱད་ཆོས་ལྡན་ལ་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པར་མ་ཟད།འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སློབ་རོགས་མ་དངུལ་ཚད་གཞི་མཐོ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་དམིགས་བསལ་སློབ་གསོ་དང་རྒྱང་ཁྲིད་སློབ་གསོ་ཧུར་ཐག་གིས་གཉེར་དགོས།གྲོང་གསེབ་དང་དབུལ་པོའི་ཁུལ་གྱི་སློབ་མ་ཚོ་གཙོ་གནད་མཐོ་རིམ་སློབ་གྲྭར་འགྲོ་ཐུབ་པ་འགན་ལེན་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།སློབ་གྲྭ་ནས་སྦྱངས་མཐར་ཕྱིན་ནའང་ལས་ཀར་ཞུགས་མ་ཐུབ་པའི་ཁྱིམ་ཚང་དབུལ་པོའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མར་ལས་ཞུགས་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས།སློབ་གསོའི་དབུལ་སྐྱོར་ཆ་སྒྲིག་རོགས་སྐྱོར་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་དགོས།

(བཅུ།)སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་དབུལ་ཐར་བྱེད་སྒོ་སྤེལ་དགོས།

བདེ་ཐང་དབུལ་སྐྱོར་བཟོ་འགོད་སྤེལ་ནས་མི་འབོར་དབུལ་པོས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་འགན་ལེན་བྱས་ཏེ་ནད་གཞི་ཕོག་ནས་དབུལ་པོར་བཏང་བ་དང་ནད་གཞི་ཕོག་ནས་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་ཧུར་ཐག་བྱེད་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་པའི་མི་འབོར་དབུལ་པོ་རང་ཉིད་ཀྱིས་སྤྲོད་དགོས་པའི་ཆ་དེ་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་དགོས།གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་ནད་ཆེན་འགན་བཅོལ་ལམ་ལུགས་ཐད་མི་འབོར་དབུལ་པོ་ཚོར་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་ནས་སྒོ་བསྟེན་གཅིག་གྱུར་འཆར་འགོད་ཀྱིས་དབུལ་ཕོངས་ས་ཁུལ་གྱི་ཚང་མར་སྔོན་ལ་ཁྱབ་པར་བྱེད་དགོས་པར་མ་ཟད།མི་འབོར་དབུལ་པོའི་ནད་ཆེན་བཅོས་པའི་འགྲོ་གྲོན་དམའ་རུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པ་དང་ནད་ཆེན་འགན་བཅོལ་གྱིས་རྩིས་ཞུ་བྱས་རྗེས་རང་ཉིད་ཀྱིས་སྤྲོད་དགོས་པའི་ཆ་ད་དུང་སྤྲོད་དཀའ་རིགས་ལ་སྨན་བཅོས་རོགས་སྐྱོབ་དང་།གནས་སྐབས་རོགས་སྐྱོབ།དགེ་སྒྲུབ་རོགས་སྐྱོབ་སོགས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས།མི་འབོར་དབུལ་པོ་ཚང་མ་ནད་ཆེན་དང་ནད་གཞི་ཤིན་ཏུ་ཚབས་ཆེན་གྱི་རོགས་སྐྱོབ་བྱེད་ཁོངས་སུ་བཅུག་སྟེ་མི་འབོར་དབུལ་པོའི་ནད་ཆེན་སྨན་བཅོས་བྱེད་རྒྱུ་འགན་ལེན་ནུས་ལྡན་བྱེད་དགོས།གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་དྲག་སྐྱེད་ཞབས་ཞུ་དང་སྨན་བཅོས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད།གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཅུག་པའི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་དྲག་སྐྱེད་རྣམ་གྲངས་མང་དུ་གཏོང་དགོས།མི་འབོར་དབུལ་པོའི་བདེ་ཐང་བྱང་བུ་བཟོ་དགོས།མི་འབོར་དབུལ་པོའི་ནད་ཆེན་ལ་ཆ་མཚོན་ན།རིགས་ཕྱེ་ནས་སྐྱོབ་བཅོས་དང་སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་པའི་སྡོམ་རྩིས་ལམ་སྲོལ་ལག་བསྟར་བྱེད་དགོས།རྒྱལ་ཡོངས་ཀྱི་རིམ་པ་ཀ་པ་གསུམ་པའི་སྨན་ཁང(དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་སྨན་ཁང་ཚུད་པ)དང་ཡུག་འབྲེལ་བའི་ཆེས་དབུལ་ཕོངས་ས་ཁུལ་གྱི་རྫོང་དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གི་རྫོང་རིམ་པའི་སྨན་ཁང་བར་ལ་གཅིག་རོགས་གཅིག་གི་འབྲེལ་བ་ཞིག་ཆགས་སུ་འཇུག་དགོས།དབུལ་ཕོངས་ས་ཁུལ་གྱི་རྫོང་དང་།ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་འགན་ལེགས་པར་བསྒྲུབས་ནས་རྒྱང་རིང་སྨན་བཅོས་དང་འཕྲོད་སྦྱོར་བློ་འདྲི་ཞབས་ཞུ་དེ་དབུལ་ཕོངས་ས་ཁུལ་བར་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་རྫོང་དང་ཞང་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་མངགས་ཐོ་གཞིར་བཟུང་ཞིང་།ཁ་ཕྱོགས་གཏན་ཁེལ་གྱིས་གསོ་རིག་གི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱེད་དགོས་པ་དང་།དབུལ་ཕོངས་ས་ཁུལ་གྱི་རྒྱབ་སྐྱོར་བྱས་ནས་མཁོ་ཆོད་སྨན་པ་དང་ཆེད་ལས་ཚན་ཁག་གི་སྨན་པའི་ཆེད་འཛུགས་ལས་གནས་འཆར་གཞི་ལག་ལེན་བསྟར་དགོས།གཞི་རིམ་གྱི་དོན་དངོས་དང་མཐུན་པའི་ཤེས་ལྡན་པ་གདན་ཞུ་ནང་འདྲེན་གྱི་བྱ་ཐབས་བཟོ་དགོས།ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་སྨན་པ་གཏན་འབེབས་གཞིར་བཟུང་སྟེ།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས།དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་དབུལ་ཕོངས་ས་ཁུལ་གྱི་འགོ་ནད་དང་།ཡུལ་ནད།གཅོང་ནད་སོགས་ཀྱི་འགོག་བཅོས་ལས་དོན་ལ་ཤུགས་སྣོན་དགོས།དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ལེགས་གཏོང་དང་།ཕྲུ་གུ་དམར་འབྱར་གྱི་ནད་གཞི་རིན་མིད་འདེམ་བཤེར།བུད་མིད་ཀྱི“འབྲས་སྐྲན་གཉིས”རིན་མིད་འདེམས་བཤེར།མངལ་མ་ཆགས་གོང་གི་ལེགས་བཙའ་བདེ་ཐང་རིན་མིད་བརྟག་དཔྱད་སོགས་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་ཆེ་རིགས་ཁྱོན་ཡོངས་ནས་ལག་ལེན་བསྟར་དགོས།དབུལ་ཕོངས་ས་ཁུལ་གྱི་འཆར་ལྡན་བུ་སྐྱེའི་ཞབས་ཞུ་དོ་དམ་ལས་དོན་ལ་ཤུགས་སྣོན་དགོས།

(བཅུ་གཅིག)གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་ལག་ལེན་མཐར་ཕྱིན་བྱས་ནས་དབུལ་ཐར་ཐུབ་པ་བྱེད་དགོས།

གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་དང་ལས་ཞུགས་ལ་བརྟེན་ནས་དབུལ་ཐར་བྱེད་ཐབས་བྲལ་བའི་ཁྱིམ་ཚང་ལ་སྲིད་ཇུས་རང་བཞིན་གྱི་འགན་ལེན་མཐར་ཕྱིན་བྱེད་དགོས།གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་མ་མཐའི་འཚོ་བ་འགན་ལེན་གྱི་ཆུ་ཚད་ཅུང་དམའ་བའི་ས་ཁུལ་དག་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞིར་རིམ་བཞིན་བསླེབ་ཏུ་འཇུག་དགོས།གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་ལག་བསྟར་ཇུས་གཞི་གང་མགྱོགས་ཀྱིས་བཟོ་དགོས།གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་རྒྱུའི་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་ཞིབ་དཔྱད་ལས་དོན་ལ་སྔར་བས་ཤུགས་བསྣན་ནས་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་དབུལ་པོ་ཚང་མ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ནས་འགན་ལེན་བྱེད་འོས་རིགས་འགན་ལེན་ཐུབ་པ་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས།གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་སྐྱོང་གི་ཆུ་ཚད་ཇེ་མཐོ་དང་འཚོ་སྐྱོང་ཆ་རྐྱེན་ལེགས་སུ་གཏོང་དགོས།གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དབུལ་སྐྱོར་གསར་སྤེལ་གྱི་གཞི་གྲངས་ཕན་ཚུན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ཆ་འཕྲིན་སྟེགས་བུ་དུས་ཚོད་དམ་འཛིན་གྱིས་བསྐྲུན་ནས་འགུལ་རྣམ་ལྟ་ཞིབ་དོ་དམ་དང་ལས་དོན་ལམ་སྲོལ་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ།རྨང་གཞིའི་རྒན་གསོའི་མ་དངུལ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་དགོས་པ་དང་།དེ་བཞིན་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་འགན་བཅོལ་ནང་ཞུགས་རྒྱུ་དང་འགན་བཅོལ་ནང་མུ་མཐུད་དུ་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།ཆ་རྐྱེན་ལྡན་པ་དང་དགོས་མཁོ་ཆེ་བའི་ས་ཁུལ་གྱིས“འབྲུ་སྤྲོད་དབུལ་སྐྱོར”གྱི་བྱེད་ཐབས་སྤྱོད་ཆོག

(བཅུ་གཉིས།)རྒྱུ་ནོར་དང་ཁེ་སྤོགས་ལ་བརྟེན་ནས་དབུལ་སྐྱོར་གྱི་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།

སྤྱོད་ཡུལ་མི་སྒྱུར་བའི་གནས་ཚུལ་འོག ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དང་ཞིང་འབྲེལ་མ་དངུལ་གཞན་སྒྲིག་བཀོད་ཞིང་ལས་དང་།གསོ་སྤེལ།འོད་ཤུགས།ཆུ་གློགགྲོང་གསེབ་ཡུལ་སྐོར་སོགས་རྣམ་གྲངས་ལ་བཏང་བ་ལས་བྱུང་བའི་རྒྱུ་ནོར་དག་ཆ་རྐྱེན་འཛོམས་ན་རྒྱུ་ནོར་དེ་དག་སྡེ་བ་དབུལ་པོ་དང་།དུད་ཚང་དབུལ་པོ།ལྷག་པར་ངལ་རྩོལ་གྱི་ནུས་པ་ཤོར་བའི་དུད་ཚང་དབུལ་པོ་བཅས་ལ་བགོ་སྤྲོད་བྱས་ཆོག རྒྱུ་ནོར་དེ་དག་སྡེ་བའི་མཉམ་སྡེབ་དང་མཉམ་ལས་ཁང་ངམ་ཡང་ན་གཉེར་སྐྱོང་བྱེད་པོ་གཞན་གྱིས་གཅིག་གྱུར་གཉེར་སྐྱོང་བྱེད་དགོས།ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ནོར་སྲིད་མ་དངུལ་ལས་འཕེལ་བའི་རྒྱུ་ནོར་དག་གི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བ་བྱེད་དགོས་པའི་རྒྱུ་ནོར་གཉེར་མཁན་ཕྱོགས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ།ཁེ་སྤོགས་བགོ་བཤའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱུ་ནོར་ལས་འཕེལ་བའི་ཁེ་སྤོགས་དག་རྐང་དངུལ་ལྡན་པའི་དུད་ཚང་དབུལ་པོར་དུས་ཐོག་ཏུ་བགོ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས།ཞིང་པའི་མཉམ་ལས་ཁང་དང་གཉེར་སྐྱོང་བྱེད་པོ་གཞན་གྱིས་ས་ཆ་ཚབ་གཉེར་བྱེད་པ་དང་།ཕྱུགས་རིགས་ཚབ་གསོ་བྱེད་པ།ཞིང་པའི་ས་ཆ་གཉེར་སྐྱོང་དབང་ཆ་སྡུད་ལེན་གྱིས་མ་རྐང་འཇོག་པ་སོགས་ཀྱི་རྣམ་པ་བརྒྱུད་དུད་ཚང་དབུལ་པོར་འབབ་འཕར་ཡོང་བའི་སྐུལ་ཁྲིད་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་ཆུ་གློག་དང་གཏེར་ཁ་སོགས་ཐོན་ཁུངས་གསར་སྤེལ་བྱས་ཏེ་ས་ཞིང་བཟུང་སྤྱོད་བྱས་པའི་སྡེ་བའི་མཉམ་སྡེབ་ལ་རྐང་དབང་སྤྲད་ནས་མི་འབོར་དབུལ་པོར་ཐོན་ཁུངས་གསར་སྤེལ་གྱི་ཁེ་སྤོགས་ལོངས་སུ་སྤྱོད་དུ་འཇུག་བྱེད་དགོས།

  (བཅུ་གསུམ།)གཞིས་སྲུང་བྱིས་པ་དང་།གཞིས་སྲུང་བུད་མིད་དང་རྒན་རྒོན།དབང་པོ་སྐྱོན་ཅན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་བསྐྲུན་དགོས།

གྲོང་གསེབ་ཀྱི“གཞིས་ལུས་གསུམ”གྱི་མི་སྣ་དང་དབང་པོ་སྐྱོན་ཅན་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་ཞིབ་ཚགས་འཐུས་ཚང་དང་འགུལ་ཚུལ་གསར་སྒྱུར་གྱི་ཆ་འཕྲིན་དོ་དམ་མ་ལག་བཟོ་དགོས།བྱིས་པའི་ཕན་བདེ་ཁང་དང་།རོགས་སྐྱོབ་སྲུང་སྐྱོང་ལས་ཁུངས།ཤིན་ཏུ་དབུལ་བའི་མི་སྣའི་བསྙེན་བཀུར་ལས་ཁུངས།དབང་པོ་སྐྱོན་ཅན་དྲག་སྐྱེད་གསོ་ཉར་ལས་ཁུངས།སྡེ་ཁུལ་གྱི་བྱིས་པའི་ཁྱིམ་གཞིས་སོགས་ཞབས་ཞུའི་སྒྲིག་བཀོད་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མིད་པར་མཐོ་རུ་གཏོང་དགོས།ཁྱིམ་ཚང་དང་།སློབ་གྲྭ གཞི་རིམ་རྩ་འཛུགས།སྲིད་གཞུང་དང་སྤྱི་ཚོགས་སྟོབས་ཤུགས་བཅས་ཕན་ཚུན་མཐུད་འབྲེལ་གྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་བྱེད་དགོས།ན་སོ་དར་ལ་མ་བབས་པའི་མིའི་ལྟ་སྲུང་ལ་ཤུགས་སྣོན་དགོས།དྭ་ཕྲུག་དང་དངོས་གནས་གསོ་མཁན་མིད་པའི་བྱིས་པ།ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ན་ཚ་ལྕི་པོ་དང་དབང་སྐྱོན་ཚབས་ཆེན་སོགས་དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེ་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།སྙན་ཞུ་ཤེས་རྟོགས་དང་།སྐབས་བསྟུན་ཐག་གཅོད།རོགས་སྐྱོར་ཐེ་ཇུས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དམིགས་བསལ་དུད་ཁྱིམ་དབུལ་པོར་དཀའ་ངལ་ངོ་མ་སེལ་རོགས་བྱེད་དགོས།དབང་པོ་སྐྱོན་ཅན་དབུལ་པོའི་དྲག་སྐྱེད་བཟོ་འགོད་དང་།དམིགས་བསལ་སློབ་གསོ།ནུས་རྩལ་གསོ་སྦྱོང་།གསོ་ཉར་ཞབས་ཞུ་བཅས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།དབང་པོ་སྐྱོན་ཅན་གྱི་དམིགས་བསལ་དཀའ་ངལ་ལ་དམིགས་ཏེ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ལམ་ལུགས་ཁྱོན་ཡོངས་ནས་བཟོ་དགོས།མ་མཐའི་འགན་བཅོལ་ཁྱིམ་ཚང་གི་རྒན་རྒོན་དང་།ན་སོ་དར་ལ་མ་བབས་པའི་མི།དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་རོགས་སྐྱོབ་བྱ་ཡུལ་གཙོ་གནད་ལ་རོགས་སྐྱོབ་བྱེད་ཚད་ཆེ་རུ་བཏང་ནས་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས།སྤྱི་ཚོགས་ཀྱི་སྟོབས་ཤུགས་དམིགས་བསལ་ཚོགས་སྤྱིའི་གཅེས་སྐྱོང་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས།

ཞི།དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་རྒྱུ་རྐྱེན་མགྱོགས་མྱུར་ངང་སེལ་དགོས།

(བཅུ་བཞི།)འགྲིམ་འགྲུལ་དང་།ཆུ་བེད།གློག་ཤུགས་བཅས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།

རྒྱལ་ཁབ་ཀྱི་ལྕགས་ལམ་དྲ་བ་དང་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བ་ཉིད་དབུལ་ཕོངས་ས་ཁུལ་ལ་སྦྲེལ་བའི་འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་སྐུལ་སྤེལ་གཏོང་བ་དང་།རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ལག་རྩལ་ཚད་གཞི་མཐོ་རུ་བཏང་ནས་དབུལ་ཕོངས་ས་ཁུལ་གྱི་ཕྱི་སྐྱོད་ནང་འབྲེལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་བུ་བསྐྲུན་དགོས།དབུས་ནུབ་རྒྱུད་དང་དབུལ་ཕོངས་ས་ཁུལ་གྱི་ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་ལ་ཀྲུང་དབྱང་གིས་མ་དངུལ་གཏོང་ཤུགས་ཆེ་ཤོས་ཀྱི་སྒོ་ནས་མང་དུ་གཏོང་བ་དང་།འཁོར་རིགས་ཉོ་ཁྲལ་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་ཆེད་མངགས་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ།ཆ་རྐྱེན་ལྡན་པའི་ཞང་གྲོང་དང་སྒྲིག་ཁོངས་སྡེ་བར་སྣུམ་ནག་གི་ལམ་བསྐྲུན་པའི་འཛུགས་སྐྲུན་ལས་འགན་མགྱོགས་མྱུར་ངང་ལེགས་འགྲུབ་བྱེད་པ།གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་འགོག་སྲུང་དང་ཉེན་ཁ་ཆེ་བའི་ཟམ་པ་བསྒྱུར་བཀོད་ལ་ཤུགས་སྣོན་པ།མི་འབོར་གྱི་གཞི་ཁྱོན་ངེས་ཅན་ཟིན་པའི་རང་བྱུང་སྡེ་བར་གཞུང་ལམ་ཤར་གཏོང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་ཆུ་བེད་ལས་གྲྭ་གལ་ཆེན་དང་།ཉེན་ཆེའི་ཆུ་མཛོད་ཆུ་རགས་ཀྱི་ཉེན་སེལ་བརྟན་གཏོང་།ཆུ་འདྲེན་ཁུལ་མ་ལག་ཚང་བ་དང་ཆུ་གྲོན་ཆུང་བསྒྱུར་བཀོད་མཐུད་སྐྲུན་སོགས་ཆུ་བེད་རྣམ་གྲངས་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་གཏོང་ལེགས་གཏོང་བཟོ་འགོད་ལག་ལེན་བསྟར་ནས་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱེད་དགོས།ཞིང་ནང་ཆུ་བེད་ཆུང་གྲས་དང“ཆུ་བེད་ཆུང་གྲས་ལྔའི”བཟོ་འགོད་སོགས་འཛུགས་སྐྲུན་བྱ་རྒྱུ་དེ་དབུལ་ཕོངས་སྡེ་བར་ཕྱོགས་དགོས། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དོ་དམ་བདག་སྐྱོང་ཐད་རྒྱབ་སྐྱོར་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་ཐན་འགོག་ཆུ་ཁུངས་འཛུགས་སྐྲུན་དང་།ཆུ་བོ་འབྲིང་ཆུང་བཅོས་སྒྲིགས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།ཤྭ་འོད་དང་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཆུ་གློག་གསར་སྤེལ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གནམ་གཤིས་ཀྱིས་ཞིང་པར་ཞབས་འདེགས་ཞུ་བའི་མ་ལག་དང་གནོད་འཚེ་སྔོན་འགོག་གི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།དབུལ་ཕོངས་ས་ཁུལ་གྱི་ཞིང་དྲ་བསྒྱུར་བཀོད་དང་རིམ་འཕར་ལ་སྐུལ་སྤེལ་མགྱོགས་པོ་བཏང་ནས་ཞིང་དྲའི་གློག་འདོན་ནུས་པ་དང་གློག་འདོན་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ་སྡེ་བ་དབུལ་པོར་སྒུལ་ཤུགས་གློག་ཤར་གཏོང་གི་འཆར་འགོད་བཟོས་ནས་དབུལ་ཕོངས་ས་ཁུལ་གྱི་གློག་ཤུགས་ཁྱབ་གདལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་ལ་ལོ་འཁོར་མོའི་གློག་གཏོང་དམིགས་ཚད་མང་དུ་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་ཆུ་གློག་བཟོ་འགོད་ལ་གློག་གསོག་ཉར་གྱི་བསྡུར་ཚད་ཆེ་རུ་གཏོང་དགོས།འོད་ཤུགས་ཀྱི་དབུལ་སྐྱོར་བཟོ་འགོད་ལ་སྐུལ་སྤེལ་མགྱོགས་པོ་བཏང་ནས་འོད་ཤུགས་གློག་ཁང་གི་སྒྲིག་ཆས་སྦྲེལ་མཐུད་ཀྱི་གློག་དྲའི་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱས་ཏེ་འོད་ཤུགས་ཞིང་ལས་གོང་འཕེལ་ཡོང་བ་བྱེད་དགོས།

(བཅོ་ལྔ།)“དྲ་སྦྲེལ+”གྱིས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

གློག་འཕྲིན་ཁྱབ་གདལ་གྱི་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཤོང་ཆེའི་དྲ་རྒྱ་སྡེ་བ་དབུལ་པོར་ཁྱབ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས།གློག་ཚོང་གི་དབུལ་སྐྱོར་བཟོ་འགོད་ལག་བསྟར་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་ཟོག་འགྲེམ་སྡེབ་སྐྱེལ་གྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་མགྱོགས་སུ་བཏང་ནས་སྦྲག་སྲིད་དང་མཁོ་འཚོང་མཉམ་ལས་སོགས་མ་ལག་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་གྲོང་དབུལ་པོར་ཞབས་ཞུའི་དྲ་ཚིགས་བསྐྲུན་དགོས།གློག་ཚོང་ཁེ་ལས་ལ་གྲོང་གསེབ་ཀྱི་ལས་སྒོ་རྒྱ་སྐྱེད་གཏོང་རོགས་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་ཟོག་དྲ་ཐོག་ཕྱིར་འཚོང་གི་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་དགོས།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གློག་ཚོང་ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན་དགོས།ཁྱིམ་ཚང་དབུལ་པོར་དྲ་ཁང་བཙུགས་ནས་དྲ་རྒྱ་ནས་མ་དངུལ་ཁ་གསབ་སྤྲོད་པ་དང་གྲངས་ཉུང་དངུལ་བུན་གཏོང་བ་སོགས་ཀྱི་རྒྱབ་སྐྱོར་བྱེད་དགོས། དྲ་བས་ཞིང་པར་དམངས་ཕན་གྱི་ཞབས་འདེགས་ཞུས་ཏེ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་དྲ་སྦྲེལ་གྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་ཆ་འཕྲིན་སྡེ་བ་དང་དུད་ཚང་དུ་ཁྱབ་ཁྱོན་རྒྱ་ཆེར་གཏོང་དགོས།

  (བཅུ་དྲུག)གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་་བཀོད་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། 

དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་བཀོད་ལ་སྐུལ་སྤེལ་མགྱོགས་པོ་བཏང་ནས་ཞིང་པའི་ཁང་པར་ཡོམ་འགོག་བསྒྱུར་བཀོད་སྤྱི་འདོམས་བྱས་ཏེ་ཡིག་ཚགས་བཟོས་ཤིང་ཡིག་བྱང་དུ་བཀོད་པའི་དུད་ཚང་དབུལ་པོ་དམིགས་བསལ་གནས་བབ་ཐོག་བཞག་ནས་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་།དངུལ་བུན་གྱི་སྐྱེད་ཀ་སྤྱོད་པ་དང་མཉམ་སྡེབ་ཀྱི་བོགས་གཏོང་ཁང་པ་བསྐྲུན་པ་སོགས་ཀྱི་ཐབས་ཤེས་མང་པོ་འཚོལ་ཞིབ་བྱས་ནས་དུད་ཚང་དབུལ་པོའི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།སྡེ་བ་དབུལ་པོའི་འཚོ་བའི་གད་སྙིགས་ཐག་གཅོད་དང་།བཙོག་ཆུ་བཅོས་སྐྱོང་།གསང་སྤྱོད་ཁང་བསྒྱུར་བཀོད།སྡེ་བ་ལྗང་སྒྱུར་དང་མཛེས་སྒྱུར་སོགས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་སྲོལ་རྒྱུན་གྱི་སྡེ་བ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཁོར་ཡུག་ཡུག་སྦྲེལ་བཅོས་སྒྲིག་ལ་མུ་མཐུད་དུ་སྐུལ་སྤེལ་གཏོང་དགོས། དབུལ་ཕོངས་ས་ཁུལ་གྱི་འཚོ་བརྟེན་ལས་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་རི་ཆུ་ཞིང་ནགས་ལམ་འཛུགས་སྐྲུན་དང་ཆུ་བོ་རྒྱུག་ཁུལ་ཆུང་གྲས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་རྒྱབ་སྐྱོར་བྱེད་དགོས།ནོར་སྲིད་ནས་རྒྱབ་སྐྱོར་བྱས་པའི་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་སྡེ་བ་དབུལ་པོ་དང་འབྲེལ་བ་ཡོད་རིགས་དོན་རེར་གྲོས་རེ་བྱེད་པའི་བྱ་ཐབས་ལྟར་སྡེ་བ་རིམ་པའི་རྩ་འཛུགས་ལ་སོ་སོས་འཛུགས་སྐྲུན་བྱས་ནས་སོ་སོས་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱེད་ཆོག སྡེ་བ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་ལས་སྟེགས་སུ་བྱས་ནས་སྡེ་བ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་མགྱོགས་པོ་བཏང་སྟེ་མཛེས་སྡུག་ལྡན་པའི་མི་སྡོད་ཞིང་གྲོང་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

  (བཅུ་བདུན།)གསར་བརྗེ་ས་ཁུལ་ཪྙིང་པ་དང་མི་རིགས་ས་ཁུལ།མཐའ་མཚམས་ས་ཁུལ།

ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅས་ཀྱི་དབུལ་ཐར་འགག་སྒྲོལ་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེ་ས་ཁུལ་ཪྙིང་པ་གསར་སྤེལ་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མཛུབ་ཁྲིད་བསམ་འཆར་བཏོན་ནས།གཙོ་གནད་ཀྱི་དབུལ་པོའི་གསར་བརྗེ་ས་ཁུལ་ཪྙིང་པ་དར་སྤེལ་དང་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་།གསར་བརྗེ་ས་ཁུལ་ཪྙིང་པའི་ནོར་སྲིད་མ་དངུལ་སྒྱུར་སྤྲོད་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་དགོས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།