ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་བདུན་པ།

  བདུན། ཞིང་སྡེའི་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་དངོས་གནས་ཤུགས་བསྣན་དགོས།

ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་མཁར་གྲོང་ཁེ་དབང་གི་ཆགས་སྟངས། ཞིང་པའི་བསམ་བློའི་འདུ་ཤེས་གཏིང་ཟབ་ཏུ་གྱུར་པར་བསྟུན་ནས། ཞིང་སྡེའི་གཞི་རིམ་ཏང་འཛུགས་བྱ་བར་ཤུགས་སྣོན་ཞིང་མུ་མཐུད་དུ་ཞིང་སྡེའི་གཞི་རིམ་དམངས་གཙོ་དང་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྤྱི་ཚོགས་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་ནས། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་ཚད་ལྡན་དང་གོ་རིམ་ལྡན་པ། སྐྱེ་སྟོབས་ལྡན་པའི་ཞིང་སྡེའི་བཅོས་སྐྱོང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

  1.ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དངོས་གནས་འདོན་སྤེལ་བྱས་ཏེ། ཏང་གི་ཞིང་སྡེར་ཡོད་པའི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཞིང་སྡེའི་ཏང་རྩ་འཛུགས་དང་ཏང་གི་བྱ་བའི་ཁེབས་ཚད་རྒྱ་བསྐྱེད་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཞིང་སྡེའི་ལས་བྱེད་པའི"གཏན་འཁེལ་གཅིག་དང་ཡོད་པ་གསུམ"གྱི་སྲིད་ཇུས་ཇེ་དྲག་ཏུ་བཏང་ནས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཁོར་རྒྱུག་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་གྲོན་དངུལ་གྱི་འགན་སྲུང་རྐྱེན་སྲོལ་འཛུགས་པ། ཞིང་སྡེའི་འཕེལ་རྒྱས་དང་ཞིང་པ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་མཐོར་གཏོང་དགོས། ཞིང་པའི་མཉམ་ལས་ཧྲེའི་ཏང་འཛུགས་བྱ་བར་ཤུགས་བསྣན་ནས། རྩ་འཛུགས་ཀྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཁོངས་གཏོགས་འབྲེལ་བ་མཐུན་སྦྱོར་བྱེད་པ། རྩོལ་ནུས་ལ་འཚོལ་ཞིབ་བྱ་དགོས། ཞིང་སྡེའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་གཞི་རིམ་ལས་བྱེད་པའི་སློབ་གསོ་དང་དོ་དམ། ལྟ་སྐུལ་བཅས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། གཅིག་བསྔུས་སྒོས་ཞིང་འབྲེལ་ཞིང་ཕན་ཁྱབ་ཁོངས་ཀྱི་རྒྱུ་ཟ་རྔན་སྤྲད་སོགས་གོ་གནས་ཉེས་བསགས་ལ་རྩད་ཞིབ་ཐག་གཅོད་དང་སྔོན་འགོག་བྱེད་པའི་ཆེད་དོན་བྱ་བ་སྤེལ་ནས། བློ་ཐག་རྦད་ཆོད་ཀྱིས་ཞིང་པའི་ཁྲོད་དུ་བྱུང་བའི་རུལ་སུངས་གནད་དོན་ཞིབ་བཤེར་ཐག་གཅོད་བྱ་དགོས།

  2.ཞིང་སྡེའི་གཞི་རིམ་དམངས་གཙོའི་དོ་དམ་ལ་ཤུགས་བསྣན་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱས་ཤིང་སྐྱེ་སྟོབས་ལྡན་པའི་སྡེ་མིའི་རང་སྐྱོང་རྐྱེན་སྲོལ་སྔར་བས་འཐུས་ཚུང་དུ་བཏང་ནས། མུ་མཐུད་དུ"གྲོས་མོལ་བཞི་དང་མངོན་གསལ་གཉིས"སོགས་ཀྱི་བྱ་བའི་བྱེད་སྟངས་ཁྱབ་གདལ་དུ་གཏོང་དགོས། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་བཞིན་འགན་དབང་གསལ་ཞིང་མཐུད་སྦྲེལ་ཆ་ཚང་བ་དང་། འཁོར་རྒྱུག་ལ་ཕན་པ་ལྡན་པའི་སྡེ་བ་རིམ་པའི་དམངས་གཙོ་ལྟ་སྐུལ་རྐྱེན་སྲོལ་འཛུགས་དགོས། མུ་མཐུད་དུ་སྡེ་དོན་ཡོངས་བསྒྲགས་བྱེད་པའི་དམངས་གཙོའི་དོ་དམ་འཐུས་ཚང་དུ་གཏོང་ཞིང་། རྫོང(གྲོང་ཁྱེར་དང་ཆུས)སྡེ་ཚན་ཡིན་པའི་དཀར་ཆག་དང་དུས་ཡུན་གཅིག་གྱུར་སྒོས་ཡོངས་བསྒྲགས་བྱེད་པ་དང་། ཡོངས་བསྒྲགས་བྱེད་པའི་ནང་དོན་ཕུན་སུམ་ཚོགས་པོ་བྱེད་པའི་ཁར། ཡོངས་བསྒྲགས་བྱེད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། སྡེ་དོན་ཡོངས་བསྒྲགས་བྱེད་པ་དེ་དོན་དག་བསྒྲུབས་རྗེས་ཡོངས་བསྒྲགས་བྱེད་པ་ནས་མ་སྒྲུབ་སྔོན་དང་སྒྲུབ་བཞིན་པའི་སྐབས་སུ་ཡོངས་བསྒྲགས་བྱེད་པ་མངོན་འགྱུར་བྱ་དགོས། ཤང་གྲོང་གི་སྲིད་དོན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ་དང་ཤང་གྲོང་གི་ནོར་སྲིད་སྔོན་རྩིས་དང་སྤྱི་སྤྱོད་ཐོན་ཁུངས་བཀོག་སྒྲིག འཛུགས་སྐྲུན་ལས་གཞི་ཆེན་པོ། སྤྱི་ཚོགས་སྤྱི་ཕན་ལས་དོན་སོགས་ཁྱབ་ཁོངས་ཀྱི་འཕྲིན་གསར་བཅས་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་དོན་འདུམ་སྒྲིག་དང་རིག་གནས་རོལ་རྩེད། མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་གྱི་ལས་འཛིན་ལྷན་ཚོགས་སོགས་སྡེ་ཁུལ་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་གོ་རིམ་ལྡན་པའི་ངང་སྤེལ་ནས། ཞིང་པས་རང་ལ་དོ་དམ་དང་རང་ལ་ཞབས་ཞུ། རང་ལ་སློབ་གསོ། རང་ལ་ལྟ་སྐུལ་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

  3.ཞིང་པ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཏང་དང་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཁེ་ཕན་སྣ་ཚོགས་སྲུང་སྐྱོང་དང་གཅིག་གྱུར་འཆར་འགོད་བྱེད་ཅིང་། རེ་བ་འདོན་པ་དང་ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་འཁོར་ལམ་ཐོགས་མེད་བདེ་བགྲོད་དང་ཚད་ལྡན་དུ་བཏང་ནས། ཞིང་སྡེའི་ཡིག་སྐུར་ངོ་གཏུག་བྱ་བར་ཤུཊ་སྣོན་པ་དང་། མང་ཚོགས་ཁྲིད་དེ་ཁྲིམས་ལྟར་དང་ལུཊ་མཐུན་སྒོས་རང་སྟེང་གི་ཁེ་དབང་སྲུང་སྐྱོང་བྱ་དགོས། མི་དམངས་ཀྱིས་འདུམ་སྒྲིག་དང་སྲིད་འཛིན་གྱིས་འདུམ་སྒྲིག ཁྲིམས་འཛིན་གྱིས་འདུམ་སྒྲིག་བཅས་བྱེད་པའི་ཕན་ལྡན་ཐབས་ལམ་བརྒྱུད། ཞིང་སྡེའི་འགལ་བ་དང་རྩོད་གླེང་སྣ་ཚོགས་ཐག་གཅོད་འོས་འཚམ་བྱ་དགོས། ཕྱི་རོལ་དུ་འགྲོ་བའི་ཞིང་པར་རང་གི་སྡེ་བ་དང་ཕྱི་ཡོང་མི་འབོར་གྱིས་སྡོད་གནས་སྡེ་བའི་དམངས་གཙོའི་དབང་ཆ་དང་དངོས་པོའི་ཁེ་ཕན་ཁྲིམས་ལྟར་འགན་སྲུང་བྱ་དགོས། འཆམ་མཐུན་གཏེར་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས། ཤང་གྲོང་ལས་ཁུངས་ཀྱི་བཅོས་བསྒྱུར་འབྲས་བུ་སྲ་བརྟན་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཕྱིའི་འགན་ནུས་ལ་ཤུགས་བསྣན་ནས། ཤང་གྲོང་གི་ལས་བྱེད་པས་ཐད་ཀར་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས།

  4.ཞིང་སྡེའི་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་དགོས། ཞིང་སྡེའི་གནོད་འགོག་རྒུད་སྐྱོབ་དང་ཉེན་དོན་མེ་འགོག་མེ་གསོད། རིམས་ནད་སྔོན་འགོག་སོགས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་སློབ་གྲྭ་དང་སྨན་ཁང་སོགས་སྤྱི་པའི་སྒྲིག་བཀོད་ཀྱི་སྤུས་ཀ་དང་ཚད་གཞི་ནན་ཏན་སྒོས་ལག་ལེན་བྱས་ཏེ། ཞིང་སྡེའི་ཐོལ་བྱུང་སྤྱི་པའི་དོན་རྐྱེན་དང་རང་བྱུང་གནོད་འཚེ་ལ་ལན་འཇལ་བ་དང་ཐག་གཅོད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་བདེ་འཇགས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་ཉེན་དོན་ཁང་དུ་བསྟུད་མར་ལོ་འགར་བྱ་བ་བསྒྲུབས་པའི་མི་སྣའི་འབྲེལ་ཡོད་སྐུལ་མའི་སྲིད་ཇུས་དངོས་འབེབས་བྱ་དགོས། ཞིང་སྡེའི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། བདེ་འཇགས་དང་བདེ་བགྲོད་ཡིན་པའི་རྫོང་དང་གྲོང་ཁྱེར་གསར་སྐྲུན་བྱ་དགོས། ཞིང་སྡེའི་ནག་ཚོགས་སྟོབས་ཤུགས་དང་འཆལ་རྒྱན་དུག་གསུམ་དང་དེ་མིན་ཉེས་དོན་གྱི་བྱས་ཉེས་བསགས་པ་སྣ་ཚོགས་བཅས་ལ་ཁྲིམས་ལྟར་རྡུང་རྡེག་བྱ་དགོས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་པ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཞིང་པའི་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་དང་ཚན་རིག་རིག་གནས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ་དང་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དངོས་འབེབས་བྱས་ཏེ། སྐྱོན་བྲལ་དང་དཔལ་ཡོན། སྒྲིག་བརྩི་སྒྲིག་སྲུང་བཅས་ཀྱི་སྤྱི་ཚོགས་གོམས་སྲོལ་གསར་བ་འཛུགས་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས"ཞིང་གསུམ"བྱ་བའི་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སེམས་ཤུགས་མི་ལྷོད་པ་དང་ཤུགས་ཚད་ཇེ་ཞན་དུ་མི་གཏོང་བ། སྟོབས་ཤུགས་ལ་ཤུགས་སྣོན་པ་བཅས་བྱ་དགོས། རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་ཏང་གི"ཞིང་གསུམ"སྲིད་ཇུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དེ་ངེས་པར་སྦྱང་དགོས་པའི་སློབ་ཚན་དུ་བརྩི་བ་དང་དུས་སྐབས་གསར་བའི"ཞིང་གསུམ"བྱ་བ་ལེགས་པོར་འགྲུབ་པ་དེ་གཞི་རྩའི་བྱ་བར་བརྩིས་ནས། བྱ་བའི་སྤྱོད་ཚུལ་དངོས་གནས་བསྒྱུར་དགོས་པ་དང་། གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། མུ་མཐུད་དུ"ཞིང་གསུམ"བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ཞིང་རིགས་བགོས་ནས་ས་ཁུལ་སོ་སོས"ཞིང་གསུམ"བྱ་བར་སྐུལ་འདེད་གཏོང་བར་མཛུབ་སྟོན་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བགོས་འགན་ཁུར་གསལ་བོ་དང་ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་སྣོན་པ། ལས་ཆོད་གདེང་འཇོག་ལག་ཏུ་བསྟར་བ་བཅས་བྱ་དགོས་པར་མ་ཟད། ཞིང་ལས་སྟོབས་ཆེན་དུ་གཏོང་བ་དང་ཞིང་ལས་ལ་གཟིགས་སྐྱོང་བྱེད་པ། ཞིང་པ་ཕྱུག་པོར་འགྱུར་བ་བཅས་ཀྱི་སྲིད་ཇུས་ལག་ཏུ་བསྟར་བའི་གནས་ཚུལ་གྱི"ཕྱི་མིག་ལྟ་བ"སྤེལ་ནས། ཇི་མ་ཇི་བཞིན་སྒོས་དོན་ཐོག་ཏུ་འཁྱོལ་དགོས། ཞིང་པའི་གསར་སྐྲུན་སྙིང་སྟོབས་ལ་བརྩི་འཇོག་དང་ས་ཁུལ་སོ་སོར་སྐུལ་མ་གཏོང་ཞིང་། ཧུར་ཐག་གིས་འཚོལ་ཞིབ་དང་བཅོས་བསྒྱུར་བྱེད་ཕོད་པ་དང་སྤོབས་པ་ཆེན་པོའི་ངང་གསར་སྐྲུན་བཅས་བྱས་ཏེ། ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་དུས་ཐོག་ཏུ་ས་ཁུལ་སོ་སོའི་ལེགས་འགྲུབ་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་དུ་གཏོང་དགོས། དེང་རབས་ཞིང་ལས་ཀྱི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ལ་སྔར་བས་ཤུགས་སྣོན་པ་དེ་དོན་སྙིང་ཆེ་ལ་ལས་འགན་ལྗིད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ་དང་ཡར་བརྩོན་ཧུར་ལེན། དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ། ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས།(ཡིག་ཆ་འདི་རྫོང་དང་ཐོན་རིམ་པར་སྐྱེལ་དགོས།)

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།