ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་དྲུག་པ།

  དྲུག ཞིང་སྡེའི་སྤྱི་པའི་ཞབས་ཞུའི་རྐྱེན་སྲོལ་ཇེ་ལེགས་སུ་བཏང་སྟེ། མཁར་གྲོང་གི་སྤྱི་པའི་ཐོན་ཁུངས་དོ་མཉམ་བཀོད་སྒྲིག་ཡོང་བར་ཧུར་བརྩོན་སྒོས་སྐུལ་འདེད་གཏོང་དགོས།

ཆུ་ཚད་མཐོར་འདེགས་དང་རྐྱེན་སྲོལ་འཐུས་ཚང་། རིམ་བཞིན་མཉམ་སྐྱོད་ཡོང་བ་བཅས་ཀྱི་བླང་བྱ་ལྟར། སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཞིང་སྡེ་རུ་ཁ་ཕྱོགས་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བར་འབད་བརྩོན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ཡོང་བ་མྱུར་དུ་མངོན་འགྱུར་འབྱུང་དགོས།

  1.ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྤྱི་པའི་ནོར་སྲིད་ཀྱིས་ཞིང་སྡེའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁེབས་ཚད་ཇེ་ཆེར་བཏང་ནས། རིམ་གྱིས་མ་དངུལ་གཏོང་བར་འགན་སྲུང་དང་འཁོར་སྐྱོད་དོ་དམ་སྲུང་སྐྱོང་རྐྱེན་སྲོལ་ཆགས་སུ་འཇུག་དགོས། "ལྔ·བཅུ་གཉིས"ཀྱི་སྐབས་སུ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་གནད་དོན་ཕལ་ཆེར་ཐག་གཅོད་བྱ་དགོས། ཞིང་སྡེའི་གློག་དྲ་རིམ་འཕར་བཟོ་བཅོས་བྱེད་པར་ཞིང་སྡེའི་གཞིས་དམངས་གློག་སྤྱོད་དང་ཞིང་ལས་ཐོན་སྐྱེད་བདག་གཉེར་གྱི་གློག་འདོན་སྒྲིག་ཆས་ཇེ་ལེགས་སུ་གཏོང་བར་མཐོང་ཆེན་བྱ་དགོས་པ་དང་། ཀྲུང་དབྱང་གིས་མ་དངུལ་བཏང་ནས་མུ་མཐུད་དུ་ཞིང་སྡེའི་ཆུ་གློག་གློག་འདོན་ཁུལ་གྱི་གློག་དྲ་བཟོ་བཅོས་དང་ཞིང་སྡེའི་ཆུ་གློག་གི་ཕན་འབྲས་འཕར་བ་དང་ཤོང་ཚད་རྒྱ་སྐྱེད་བཟོ་བཅོས་ལ་རྒྱབ་སྐྱོར་བྱ་དགོས། ནུབ་རྒྱུད་ས་ཁུལ་དང་མུ་འབྲེལ་ཆེས་དབུལ་ས་ཁུལ་གྱི་ཤང་གྲོང་དང་། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་སྡེ་བར་སྐྱོད་པའི་སྣུམ་སྙིགས(ཨར་འདམ)ལམ་འཛུགས་སྐྲུན་དང་ཤར་དབུས་རྒྱུད་ས་ཁུལ་གྱི་ཤང་དང་རྫོང་བར་གྱི་གཞུང་ལམ་ལེགས་སྒྱུར། མཐུད་འབྲེལ་བཟོ་འགོད་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་གཞུང་ལམ་དང་ཟམ་པ། བདེ་སྲུང་བཟོ་འགོད་འཛུགས་སྐྲུན་དང་གྲུ་ཁ་ཞིག་གསོ་བྱེད་ཚད་ཇེ་ཆེར་བཏང་ནས། ཞིང་སྡེའི་ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ས་ཚིགས་དྲ་བའི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཤོངས་ཡངས་དྲ་བ་སོགས་ཞིང་སྡེའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཞིང་སྡེའི་རྫབ་རླངས་མཐུད་མུར་འཕེལ་འཐུས་པར་སྐུལ་འདེད་གཏོང་བ་དང་། ལས་གཞིའི་གྲུབ་ཚུལ་ལེགས་སྒྲིག་དང་དོ་དམ་ཐབས་ལམ་གསར་སྐྲུན་བྱས་ཏེ། ལག་རྩལ་གསར་བ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཉེན་ཁང་ཞིག་གསོ་དང་རྒྱལ་དབང་ནགས་ཁུལ(ནགས་ར)སྤྱིལ་ཁྱིམ་ས་ཁུལ། རྒྱལ་དབང་གསར་སྦོལ་ས་ཁུལ་བཅས་ཀྱི་ཉེན་ཁང་ཞིག་གསོ་བྱེད་ཚད་ཇེ་ཆེར་བཏང་ནས། ཕྱུགས་རིགས་སྤོ་འཚོ་འབྲོག་པའི་གཏན་སྡོད་བཟོ་འགོད་དང་གྲུ་གཟིངས་ཁྱིམ་དུ་བརྩི་བའི་ཉ་པའི་གཏན་སྡོད་བཟོ་འགོད་མྱུར་དུ་ལག་བསྟར་བྱ་དགོས། སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་ལ་བྱ་བ་གཅིག་ལ་གྲོས་གཅིག་བྱེད་པའི་ནོར་སྲིད་བྱ་དགའ་དང་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྤྱི་ཕན་རང་བཞིན་གྱི་གྲོང་གསེབ་བུན་དོན་གཙང་སེལ་དང་ཞི་ལྷོད་དུ་གཏོང་བའི་ཚོད་ལྟ་ས་ཁུལ་ལ་ཧུར་བརྩོན་སྒོས་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་ཀྱིས་སྡེ་བ་འཛུགས་སྐྲུན་དང་གཟབ་ནན་སྒོས་འཆར་འགོད་དང་དོ་དམ། འཛུགས་སྐྲུན་བྱེད་ཚད་ལ་ལུགས་མཐུན་སྒོས་ཚོད་འཛིན། ཞིང་པའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བཟོ་བར་དོ་སྣང་། གྲོང་གསེབ་ཀྱི་བྱེད་ནུས་དང་ཁྱད་ཆོས་རྒྱུན་འཁྱོངས་བཅས་བྱ་དགོས། ཆེད་དམིགས་འཆར་འགོད་བཟོ་བ་དང་ཆེད་དམིགས་བཟོ་འགོད་ལག་བསྟར་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་མི་རིགས་དང་མངའ་ཁོངས་ཀྱི་རྒྱུ་རྐྱེན་ལྡན་པའི་སྲོལ་རྒྱུན་སྡེ་བ་དང་དམངས་སྲོལ་སྲུང་སྐྱོང་བྱེད་ཚད་ཇེ་ཆེར་གཏོང་དགོས། སྡེ་བའི་གཞིས་དམངས་གནས་སྤོ་འཛུགས་སྐྲུན་དང་གནས་སྤར་ན། ངེས་པར་ཞིང་པའི་འདོད་བློར་བརྩི་འཇོག་བྱ་དགོས་པ་དང་སྡེ་དམངས་གྲོས་ཚོགས་སྟེང་འཐད་པ་འབྱུང་དགོས། མཁར་གྲོང་འཆར་འགོད་ཁུལ་ཕྱིའི་སྡེ་བ་གནས་སྤོ་བ་དང་ཁྱིམ་ཚང་བཤིག་སྡེབ་དང་གཞི་ཁྱོན་ཆེ་བའི་ཞིང་པ་འདུས་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་དང་དར་སྤེལ་དུ་མི་གཏོང་བ་དང་། བཙན་ཤེད་ཀྱིས་ཞིང་པ་གནས་སྤོ་དང་ཐོག་ཁང་དུ་སྡོད་དུ་མི་འཇུག་པ། རི་ཉིལ་བ་དང་ས་གཤིས་ཀྱི་གནོད་འཚེ་སོགས་འགོག་བཅོས་བྱེད་པར་ཤུགས་སྣོན་བྱས་ཏེ། གནོད་གཡོལ་གནས་སྤོ་ཡུལ་མིར་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་དགོས།

  2.ཞིང་སྡེའི་སྤྱི་ཚོགས་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁང་དང་ཉལ་ཁང་འཛུགས་སྐྲུན་དང་ཞིག་གསོ་བྱེད་པའི་ཡུན་རིང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྡེ་བའི་སློབ་ཆུང་དང་སློབ་ཁྲིད་བྱེད་གནས་ལེགས་པར་བསྒྲུབ་པ་དང་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས། དགེ་རྒན་གྱི་ནུས་ཤུགས་ཇེ་དྲག་བཅས་སུ་བཏང་ནས། ཞིང་སྡེའི་སློབ་མ་ཐག་ཉེ་ནས་སློབ་གྲྭར་ཞུགས་པར་སྟབས་བདེ་བཟོ་དགོས། ཆེད་སྤྱོད་མ་དངུལ་བཙུགས་ནས། མུ་འབྲེལ་ཆེས་དབུལ་ས་ཁུལ་གྱི་ཤང་དང་སྡེ་བའི་སློབ་གྲྭ དེ་མིན་སློབ་ཁྲིད་བྱེད་ས་བཅས་སུ་བྱ་བ་སྒྲུབ་བཞིན་པའི་དགེ་རྒན་རྣམས་ལ་འཚོ་བའི་ཁ་གསབ་སྟེར་དགོས། ཞིང་སྡེའི་གནད་ཆེའི་རིག་གནས་དམངས་ཕན་བཟོ་འགོད་ལག་བསྟར་བྱས་ཏེ་ཞིང་སྡེའི་རིག་གནས་དངུལ་གཏོང་འགན་སྲུང་རྐྱེན་སྲོལ་འཛུགས་དགོས། ཞིང་སྡེའི་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་སྨན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུཊ་བསྣན་དགོས། མུ་མཐུད་དུ་ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བའི་ཐད་སྲིད་གཞུང་གི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་ནས། ས་གཞན་ནས་སྡོམ་རྩིས་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་སྲིད་ཇུས་མ་ལག་གསར་བ་འཐུས་ཚང་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་འགན་སྲུང་ཆུ་ཚད་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་བཙུགས་ནས། རྒན་གསོ་ཉེན་འགོག་ལམ་ལུགས་གཞན་དག་དང་མཐུད་སྦྲེལ་དང་བུབ་སྒྲིལ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱ་དགོས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཐད་ཀྱི་ཚད་ལྡན་དོ་དམ་ལ་ཤུགས་བསྣན་ནས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཐད་ལྟོས་བཅས་ཀྱི་གཅིག་གྱུར་ཚད་གཞི་ལ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། ཞིང་སྡེའི་གཟིགས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དབུལ་སྐྱོར་གསར་སྤེལ་བྱེད་པའི་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། མུ་འབྲེལ་ཆེས་དབུལ་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་འཆར་འགོད་ཁྱོན་ཡོངས་ནས་ལག་ཏུ་བསྟར་དགོས་པར་མ་ཟད། ཞིང་སྡེའི་མི་འབོར་དང་འཆར་ལྡན་བུ་སྐྱེའི་བྱ་བ་ལེགས་པོར་བསྒྲུབ་དགོས།

  3.གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མི་འབོར་མཁར་གྲོང་ཅན་དང་ལྷག་པར་ཞིང་པ་ལས་མིའི་ཁྱིམ་གཞིས་གྲོང་རྡལ་དུ་འཛུགས་པར་སྐུལ་འདེད་གཏོང་བ་དེ་མཁར་གྲོང་ཅན་གྱི་ལས་འགན་གཙོ་བོར་བརྩི་དགོས། དུད་ཐོའི་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་ནས། གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་བར་ཁྱིམ་གཞིས་འཛུགས་པའི་ཆ་རྐྱེན་དངོས་འབེབས་དང་ལྷོད་ཡངས་སུ་གཏོང་དགོས། ཞིང་པ་ལས་མིའི་ལས་རིགས་གསོ་སྦྱོང་དང་སྤྱི་ཚོགས་འགན་སྲུང་། ཁེ་དབང་སྲུང་སྐྱོང་བཅས་ལ་ཤུགས་སྣོན་པ་དང་། ཞིང་པ་ལས་མིར་འདྲ་མཉམ་གྱི་ངལ་རྩོལ་ཐོབ་ཆ་དང་བུ་བུ་མོའི་སློབ་གསོ། སྤྱི་པའི་འཕྲོད་བསྟེན། འཆར་ལྡན་བུ་སྐྱེ། སྡོད་ཁང་བོགས་ཉོ། རིག་གནས་ཞབས་ཞུ་ལ་སོགས་པའི་ཐད་ཀྱི་གཞི་རྩའི་ཁེ་དབང་ལོངས་སུ་སྤྱོད་པར་སྐུལ་འདེད་བཏང་ནས། འབད་བརྩོན་སྒོས་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ཡོངས་རྫོགས་ལ་ཁེབས་སུ་འཇུག་པ་མངོན་འགྱུར་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོས་ཞིང་སྡེའི་གཞིས་སྲུང་བྱིས་པ་དང་གཞིས་སྲུང་བུད་མེད། གཞིས་སྲུང་རྒན་པ་བཅས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་པ་དང་ཐོན་སྐྱེད་ཐད་རྒྱབ་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར། མི་ཆོས་ཐུགས་ཁུར་བཅས་ལ་ཤུགས་བསྣན་ནས། ཁོ་ཚོའི་གཞི་རྩའི་ཁེ་དབང་དང་མི་ལུས་བདེ་འཇགས་དངོས་གནས་འགན་སྲུང་བྱེད་དགོས།4.ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་། ཕྱོགས་བསྔུས་འཆུན་འདོམས་བཅོས་སྐྱོང་བྱེད་པ་བཅས་ལ་ཤུགས་བསྣན་ནས། འབད་བརྩོན་སྒོས་མཛེས་སྔུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱ་དགོས། བྱང་གསུམ་འགོག་སྲུང་ནགས་ཚལ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་གནད་ཆེའི་སྐྱེ་ཁམས་ཞིག་གསོ་བཟོ་བཀོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཐང་རྒོད་ཅན་དང་བྱེ་འགྱུར་ཅན། ས་ཆུ་ཤོར་བ་བཅས་ཕྱོགས་བསྔུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། རྨོ་བསྐྱུར་ནགས་སྐྱོང་གི་འབྲས་བུ་ཇེ་བརྟན་དུ་བཏང་ནས། རྨོ་བསྐྱར་ནགས་སྐྱོང་གི་ལས་འགན་གསར་བ་གཅིག་གྱུར་སྒོས་བཀོད་སྒྲིག་བྱ་དགོས་པར་མ་ཟད། བྱེ་ཐང་དུ་གྱུར་པའི་ས་ཞིང་བཀག་འགོག་དང་སྲུང་སྐྱོང་ས་ཁུལ་གྱི་འཛུགས་སྐྲུན་ཚོད་ལྟ་བྱེད་སའི་བྱ་བར་འཚོལ་ཞིབ་དང་གོང་སྤེལ་བྱ་དགོས། རྒྱལ་ཁབ་ཀྱི་ཤིང་ཆའི་འཐབ་ཇུས་གསོག་འཇོག་རྟེན་གཞི་དང་ནགས་ཁུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་ལ་ཁ་གསབ་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་ནས། བརླན་ས་སྲུང་སྐྱོང་བྱེད་པའི་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་ནགས་ཤིང་གི་སོན་བཟང་དང་ནགས་སྐྲུན། ནགས་ཚལ་འཛུགས་གསོ་སོགས་ནགས་ལས་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་ཞིང་ཧུར་ཐག་གིས་ནགས་བརྟེན་དཔལ་འབྱོར་གོང་དུ་སྤེལ་དགོས། མུ་མཐུད་དུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དང་བྱ་དགའ་གནང་བའི་སྲིད་ཇུས་ལག་ཏུ་བསྟར་དགོས། ཞིང་ལས་ལོ་ཏོག་གི་སོག་མ་ཕྱོགས་བསྔུས་བེད་སྤྱོད་བྱེད་པར་ཤུགས་བསྣན་དགོས། ཞིང་སྡེའི་གད་སྙིགས་དང་བཙོག་ཆུ་གཙང་སྒྱུར། ས་གཤིས་ཁོར་ཡུག་བཅོས་སྐྱོང་ལེགས་པོར་སྒྲུབ་པ་དང་ཞིང་སྡེའི་གཙང་སྦྲ་བཟོ་བཀོད་ལག་བསྟར་བྱ་དགོས་པར་མ་ཟད། ཞིང་སྡེའི་ཆུ་རྐ་དང་ཆུའི་ཁོར་ཡུག་ཕྱོགས་བསྔུས་བཅོས་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ཞིང་སྡེའི་གནས་སྐོར་དང་སྤྲོ་གསེང་ཞིང་ལས་གོང་དུ་སྤེལ་དགོས། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དང་དཔེ་སྟོན་ཞིང་སྡེ་གསར་སྐྲུན་བྱ་དགོས་ཤིང་། སྡེ་བ་དང་གྲོང་རྡལ་དུ་འཚམ་པའི་འཛུགས་སྐྲུན་ཕྱོགས་བསྔུས་ལག་རྩལ་གྱི་འདུས་གྲུབ་དཔེ་སྟོན་ཁུལ་འཛུགས་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།