ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་ལྔ་བ།

  ལྔ། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱས་ཏེ། ཞིང་པའི་རྒྱུ་ནོར་ཁེ་དབང་ནུས་ལྡན་སྒོས་འགན་སྲུང་བྱེད་དགོས། 

དབང་གཏོགས་གསལ་བོ་དང་དབང་ནུས་འཐུས་ཚང་། འཁོར་རྒྱུག་ཤར་གཏོང་། སྲུང་སྐྱོང་གཟབ་ནན་བཅས་ཡིན་པའི་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་འཛུགས་རྒྱུ་ནི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་གསོན་ཤུགས་བསླང་བའི་ནང་གནས་བླང་བྱ་ཡིན། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་བཅས་ཀྱི་དོ་དམ་ལམ་ལུགས་ངེས་པར་འཐུས་ཚང་དུ་བཏང་སྟེ། ཞིང་པའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་དང་གཞི་སའི་བཀོལ་སྤྱོད་དབང་ཆ། ཐུན་མོང་ཁེ་ཕན་གྱི་བགོ་བཤའ་དབང་ཆ་བཅས་ཁྲིམས་ལྟར་འགན་སྲུང་བྱེད་དགོས།

  1.ཞིང་སྡེའི་ས་ཞིང་དབང་ཆ་མཐའ་གཅིག་ཏུ་ངོས་འཛིན་པའི་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་ཐོ་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་རྨོ་ཞིང་དང་ནགས་ས་སོགས་ས་ཞིང་སྣ་ཚོགས་ཀྱི་འགན་གཙང་ལེན་བདག་གཉེར་དབང་ཆའི་དངོས་པོའི་བདག་དབང་སྲུང་སྐྱོང་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། ལོ5ཡི་དུས་ཡུན་ནང་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་མཐའ་གཅིག་ཏུ་ངོས་འཛིན་བྱེད་པའི་དབང་ཆ་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་ཕལ་ཆེར་འགྲུབ་དགོས་པ་དང་། ཞིང་ཁྱིམ་གྱི་ས་ཞིང་འགན་གཙང་ལེན་གཞི་ཁྱོན་ཡང་དག་མིན་པ་དང་ཕྱོགས་བཞིའི་དབྱེ་མཚམས་མི་གསལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱ་དགོས། ཞིང་སྡེའི་གཞི་ས་ནང་དུ་འདུས་པའི་ཞིང་སྡེའི་ཐུན་མོང་གི་ས་ཞིང་བདག་དབང་དང་འཛུགས་སྐྲུན་བྱ་ཡུལ་གྱི་བཀོལ་སྤྱོད་དབང་ཆའི་ས་ཁོངས་ལ་བརྟག་དཔྱད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ངོས་འཛིན་བྱས་ཡོད་པའི་དབང་ཆ་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་མྱུར་དུ་སྒྲུབ་ཚར་དགོས། ཞིང་སྡེའི་ས་ཞིང་མཐའ་གཅིག་ཏུ་ངོས་འཛིན་བྱས་ཡོད་པའི་དབང་ཆ་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བའི་གྲོན་དངུལ་དེ་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་འཇོག་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་དམ་པོ་བྱས་ཏེ། ཞིང་སྡེའི་ས་ཞིང་མཐའ་གཅིག་ཏུ་ངོས་འཛིན་བྱས་ཡོད་པའི་དབང་ཆ་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་དུས་ལྟར་འགྲུབ་པར་འགན་སྲུང་བྱ་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་བྱེད་ཚད་གཏིང་ཟབ་ཏུ་བཏང་སྟེ། ནགས་དབང་གི་དཔང་ཡིག་སྟེར་ཚད་དང་ཁྱིམ་ཚང་དུ་ཐོན་ཚད་ཇེ་མཐོར་གཏོང་དགོས། རྒྱལ་དབང་ནགས་རའི་བཅོས་བསྒྱུར་ཚོད་ལྟ་བྱེད་གནས་ལ་སྐུལ་འདེད་བཏང་སྟེ། རྒྱལ་དབང་ནགས་ཁུལ་གྱི་བཅོས་བསྒྱུར་འཚོལ་ཞིབ་བྱ་དགོས། འབྲོག་ཁུལ་གྱི་རྩྭ་ཐང་འགན་གཙང་ལེན་བྱ་བར་མྱུར་དུ་སྐུལ་འདེད་བཏང་སྟེ། འབྲོག་ཁུལ་གྱི་རྩྭ་ཐང་འགན་གཙང་ལེན་བདག་གཉེར་དབང་ཆ་མཐའ་གཅིག་ཏུ་ངོས་འཛིན་བྱས་ཡོད་པའི་དབང་ཆ་ཐོ་འགོད་དང་དཔང་ཡིག་སྟེར་བ་ཚོད་ལྟ་བྱེད་མགོ་བརྩམ་དགོས།

  2.ས་ཞིང་གཞུང་བསྔུ་ལམ་ལུགས་བཅོས་བསྒྱུར་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཞིང་པའི་ཐུན་མོང་བདག་དབང་ས་ཞིང་གཞུང་བསྔུ་བྱས་ཏེ། ཞིང་པའི་ས་ཞིང་རིམ་འཕར་ཁེ་ཕན་ཁྲོད་ཀྱི་བགོ་བཤའི་བསྔུར་ཚད་ཇེ་མཐོར་གཏོང་དགོས་པ་དང་། ས་ཞིང་གཞུང་བསྔུ་བྱས་པའི་ཞིང་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་ཡུན་རིང་གི་འཚོ་བར་འགན་སྲུང་ཡོད་པར་ཁག་ཐེག་བྱ་དགོས། ས་ཞིང་དོ་དམ་བཅའ་ཁྲིམས་མྱུར་དུ་བཟོ་བཅོས་བྱས་ཏེ། ཞིང་པའི་ཐུན་མོང་བདག་དབང་ས་ཞིང་གཞུང་བསྔུ་བྱེད་པའི་ཁ་གསབ་སྲོལ་ཡིག་མྱུར་དུ་འདོན་དགོས། ས་ཞིང་གཞུང་བསྔུའི་ཁ་གསབ་བྱེད་ཐབས་འཐུས་ཚང་དང་ཁ་གསབ་ཚད་གཞི་ལུགས་མཐུན་སྒོས་གཏན་འཁེལ། ས་ཞིང་གཞུང་བསྔུའི་གོ་རིམ་གཟབ་ནན། ས་ཞིང་གཞུང་བསྔུའི་བྱ་སྤྱོད་ཚོད་འཛིན་བཅས་བྱས་ཏེ། ཁ་གསབ་མ་དངུལ་དོན་འཁྱོལ་མ་ཡོང་ན་ཆོག་མཆན་མི་འགོད་པ་དང་ལག་བསྟར་མི་བྱ། ཞིང་སྡེའི་གཞི་སའི་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བ་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཞིང་པའི་གཞི་སའི་བཀོལ་སྤྱོད་དབང་ཆར་ཁྲིམས་ལྟར་འགན་སྲུང་བྱ་དགོས། ཞིང་སྡེའི་ས་ཞིང་ཕྱོགས་བསྔུས་འཆུན་འདོམས་ལ་ཁྲིམས་ལྟར་སྐུལ་འདེད་བཏང་སྟེ། མཁར་གྲོང་གི་འཛུགས་སྐྲུན་བྱ་ཡུལ་གྱི་སྣོན་འཕྲི་སྦྲེལ་མཐུད་ཚོད་ལྟ་བྱེད་གནས་དང་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་བྱ་ཡུལ་གྱི་འཁོར་སྐྱོད་གཟབ་ནན་སྒོས་ཚད་ལྡན་དུ་གཏོང་དགོས། ཞིང་སྡེ་ཐུན་མོང་གི་བདག་གཉེར་རང་བཞིན་མ་ཡིན་པའི་འཛུགས་སྐྲུན་བྱ་ཡུལ་དེ་ཚོང་ཁྲོམ་དུ་ཞུགས་མི་ཆོག

  3.ཞིང་སྡེའི་ཐུན་མོང་གི"དངུལ་གསུམ"དོ་དམ་ལ་ཤུགས་བསྣན་དགོས། ས་བབ་དང་བསྟུན་ནས་ཐུན་མོང་དཔལ་འབྱོར་གྱི་ནུས་ལྡན་མངོན་འགྱུར་བྱ་སྟངས་འཚོལ་ཞིབ་བྱས་ཏེ། ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུཊ་བསྟུད་མར་ཇེ་ཆེར་གཏོང་དགོས། རྒྱུ་ནོར་གཙང་བཤེར་དང་རྒྱུ་ནོར་གྲངས་ཚད་ཅན་དུ་གཏོང་བ། མ་རྐང་དབང་ཆར་དོ་དམ་བྱེད་པ་སོགས་ནང་དོན་གཙོ་བོ་བྱས་ཏེ། ཞིང་སྡེའི་ཐུན་མོང་གི"དངུལ་གསུམ"དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ཞིང་སྡེ་ཐུན་མོང་གི་ནོར་སྲིད་སྔོན་ངེས་རྩིས་དང་ཡོང་སྒོ་དོ་དམ། འགྲོ་སྒོ་རྩིས་བཤེར་ཆོག་མཆན། རྒྱུ་ནོར་རྩིས་ཐོར་འགོད་པ་དང་། ཐོན་ཁུངས་ཐོ་འགོད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཐུན་མོང་རྒྱུ་ནོར་འགན་གཙང་ལེན་དང་བོགས་གླར་གཏོང་བ། ཐག་གཅོད་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་དམངས་གཙོ་གོ་རིམ་གཟབ་ནན་བྱས་ཏེ། ཞིང་སྡེའི་ཐུན་མོང་གི"དངུལ་གསུམ"ཆ་འཕྲིན་ཅན་གྱི་ལྟ་སྐུལ་དོ་དམ་སྟེགས་བུ་འཛུགས་པར་རྒྱབ་སྐྱོར་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཆར་ཞིང་སྡེའི་ཐུན་མོང་རྒྱུ་ནོར་དབང་ཆ་མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་དབྱེ་མཚམས་འབྱེད་པའི་ཞིབ་ཕྲའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།