ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་བཞི་བ།

བཞི། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྐྱེན་སྲོལ་གསར་བ་ཆགས་སུ་བཅུག་སྟེ། རྒྱུ་མང་ཞབས་ཞུའི་གཙོ་གཞི་ཤུགས་ཆེན་པོས་སྐྱེད་སྲིང་དང་གོང་དུ་སྤེལ་དགོས། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་འཛུཊ་སྐྲུན་བྱ་དགོས་ན། འཐུས་སྒོ་ཚང་བའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མ་ལག་ངེས་པར་འཛུགས་དགོས། གཙོ་གཞིའི་རྒྱུ་མང་ཅན་དང་ཞབས་ཞུ་ཆེད་ལས་ཅན། འཁོར་རྒྱུག་ཚོང་ཁྲོམ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་ཞབས་ཞུ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དེ་བདག་གཉེར་རང་བཞིན་གྱི་ཞབས་ཞུར་སྦྲེལ་བ་དང་། ཆེད་དམིགས་ཞབས་ཞུ་དེ་ཕྱོགས་བསྔུས་ཞབས་ཞུ་དང་མཐུན་སྦྱོར་བྱེད་པའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས།

  1.ཞིང་ལས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་མ་ལག་ཇེ་དྲག་ཏུ་གཏོང་དགོས། ཞང་གྲོང་ངམ་ས་ཁོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ལྟ་སྐུལ་དང་དོ་དམ་སོགས་སྤྱི་པའི་ཞབས་ཞུ་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་གི་བཅོས་བསྒྱུར་དང་འཛུགས་སྐྲུན་གྱི་ལས་གཞི་མུ་མཐུད་དུ་ལག་ཏུ་བསྟར་ནས། ཁ་གསབ་གྲོན་དངུལ་དང་ཞབས་ཞུའི་ཕན་འབྲས་ཕན་ཚུན་སྦྲེལ་མཐུད་བྱེད་པའི་སྐུལ་སློང་རྐྱེན་སྲོལ་འཛུགས་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་སྒྲིག་གཞི་ཆ་རྐྱེན་འཛུགས་སྐྲུན་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཁྱབ་གདལ་ཆ་རྐྱེན་བསྟུད་མར་ཇེ་ལེགས་སུ་གཏོང་དགོས། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ། ཚན་རིག་ཞིབ་འཇུག་གླིང་སོགས་ཀྱིས་ཞིང་སྡེ་གསར་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཞིབ་འཇུག་གླིང་དང་ཞིང་ལས་ཕྱོགས་བསྔུས་ཞབས་ཞུ་དཔེ་སྟོན་རྟེན་གཞི་འཛུགས་པའི་བྱེད་ཐབས་བརྒྱུད་དེ། ཞིང་སྡེ་ལ་ཁ་ཕྱོགས་པའི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཤང་གྲོང་དང་བཞུར་རྒྱུན་ཆུང་བའི་ཆུ་བེད་དང་གཞི་རིམ་ནགས་ལས་ཀྱི་སྤྱི་པའི་ཞབས་ཞུ་ལས་ཁུངས། ཐན་འགོག་ཞབས་ཞུ་རྩ་འཛུགས། ཆུ་ལོག་འགོག་པའི་བབ་བསྟུན་ཉེན་སེལ་དཔུང་སྡེ་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། མཁོ་འདོན་མཉམ་ལས་ཁང་གི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཁྲོད་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱ་དགོས། ཞིང་སྡེའི་གནམ་གཤིས་ཆ་འཕྲིན་ཞབས་ཞུ་དང་མིས་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་བྱ་བའི་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་བཏང་སྟེ། ཞིང་ལས་གནམ་གཤིས་བརྟག་དཔྱད་ཞབས་ཞུ་དང་ཞིང་སྡེའི་གནམ་གཤིས་གནོད་འཚེ་འགོག་བཅོས་ཆུ་ཚད་ཇེ་མཐོར་གཏོང་དགོས།

  2.ཞིང་ལས་བདག་གཉེར་ཅན་གྱི་ཞབས་ཞུ་རྩ་འཛུགས་གསོ་སྐྱོང་བྱེད་དགོས། ཞིང་ལས་མཉམ་ལས་ཁང་དང་ཆེད་ལས་ཞབས་ཞུ་ཀུང་ཟི། ཆེད་ལས་ལག་རྩལ་མཐུན་ཚོགས། ཞིང་པས་ཆུ་བཀོལ་བའི་མཉམ་ལས་རྩ་འཛུགས། ཞིང་པའི་བར་སྨྱན་པ། ཞིང་འབྲེལ་ཁེ་ལས་སོགས་ཞིང་ལས་ཐོན་སྐྱེད་བདག་གཉེར་ལ་མ་རྩ་དམའ་ཞིང་སྟབས་བདེ་བ། ཕྱོགས་ཡོངས་ཅན་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། བདག་གཉེར་རང་བཞིན་གྱི་ཞབས་ཞུ་རྩ་འཛུགས་ཀྱི་སྟོབས་ཤུགས་གསར་བ་འདོན་སྤེལ་བྱ་དགོས། སྲིད་གཞུང་གིས་མངག་ཉོ་དང་ཁ་ཕྱོགས་གཏན་འཁེལ་གྱི་མངག་བཅོལ། བྱ་དགའི་ཁ་གསབ། སུས་འཇོན་དེ་འགུག་སོགས་ཀྱི་བྱེད་ཐབས་སྤྱད་དེ། བདག་གཉེར་རང་བཞིན་གྱི་ཞབས་ཞུ་རྩ་འཛུགས་དེ་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ནང་དུ་ཞུགས་པར་ཁྲིད་སྟོན་དང་། ཤུགས་ཆེན་པོས་ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་དང་སྲོག་ཆགས་ཀྱི་ནད་རིགས་སྔོན་འགོག་དང་ཚོད་འཛིན། ཞིང་པའི་ཆུ་འདྲེན་འབུད། འགྱིག་ཤོག་གི་ཁེབས་ཚད་དང་ཕྱིར་བསྔུ་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་སྤེལ་དགོས། ཚན་རྩལ་ཆེད་མངག་པ་དང་ཞིང་སྡེའི་ཚན་རྩལ་ལས་སྐྲུན་བྱ་འགུལ་ལ་སྐུལ་འདེད་གཏོང་དགོས། རྩིས་གཉེར་དང་རྩིས་བཤེར། རྒྱུ་ནོར་དཔྱད་དཔག སྲིད་ཇུས་དང་བཅའ་ཁྲིམས་བློ་འདྲི་སོགས་ཞིང་འབྲེལ་བར་སྨྱན་ཞབས་ཞུ་རྩ་འཛུགས་གསོ་སྐྱོང་བྱ་དགོས་པ་དང་། ཆ་རྐྱེན་དང་མཐུན་པའི་ཞིང་ལས་བདག་གཉེར་ཅན་གྱི་ཞབས་ཞུ་བྱེད་སྒོ་ལ་བདག་གཉེར་དཔྱ་ཁྲལ་མི་བསྔུ་བ་བྱེད་དགོས།

  3.ཞབས་ཞུའི་སྒྲུབ་སྟངས་དང་བྱེད་ཐབས་གསར་སྐྲུན་བྱེད་དགོས། ས་ཁོངས་རང་བཞིན་གྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཕྱོགས་བསྔུས་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་གཏོང་དགོས། ཆེད་མཁས་པའི་གླིང་དང་། གླིང་དང་རྫོང་གིས་མཉམ་སྐྲུན། ཞིང་སྡེའི་ཚན་རྩལ་ཞབས་ཞུའི་རང་འདེམས་ཚོང་ཁང་། ལོ་ཏོག་གི་སྨན་ཁང་། ཆེད་ལས་ཞབས་ཞུའི་ཀུང་ཟི་མཉམ་ལས་ཁང་ཞིང་ཁྱིམ། ཞིང་འབྲེལ་ཁེ་ལས་ཆེད་མཁས་པ་ཞིང་ཁྱིམ་སོགས་ཀྱི་ཞབས་ཞུ་སྒྲུབ་སྟངས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ལག་རྩལ་དང་དངོས་པོ་མཉམ་འབྲེལ་དང་ལག་རྩལ་འགན་གཙང་ལེན། གོ་རིམ་ཡོངས་ཀྱི་ཚབ་གཉེར་ཞབས་ཞུ་སོགས་ཧུར་བརྩོན་སྒོས་ཁྱབ་གདལ་དུ་བཏང་སྟེ། ཞིང་ལས་སྔོན་ཐོན་སྤྱོད་འཚམ་ལག་རྩལ་ཞིང་ཁྱིམ་དུ་ཐོན་པར་སྐུལ་འདེད་གཏོང་དགོས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་དཔེ་སྟོན་རྫོང་གསར་སྐྲུན་བྱ་དགོས། ཐོན་ཁུངས་ཧྲག་སྡེབ་བྱས་ཏེ་གྲོང་གསེབ་ཀྱི་ཕྱོགས་བསྔུས་ཞབས་ཞུ་ཁང་དང་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱ་དགོས། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཅིན་ནོན་བཟོ་འགོད་གཉིས་པ་ལས་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱི་ཞིང་སྡེའི་ཆ་འཕྲིན་ཚོད་ལྟ་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཆ་འཕྲིན་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ་དང་། ཆ་འཕྲིན་འཚོལ་བསྔུ་དང་ལས་ཀ་ཞིབ་སྒྲུབ། ཞིང་སྡེའི་རྒྱང་བསྟེན་ཨང་ཀི་ཅན་དང་མཐོང་ཐུབ་ཅན། གནམ་གཤིས་སྔོན་དཔག་སྔོན་བརྡ། གནོད་འཚེ་ཉེན་བརྡ་སོགས་ཀྱི་ལག་རྩལ་གཙོ་གནད་དུ་བཟུང་ནས་གསར་སྤེལ་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།