ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་གསུམ་པ།

གསུམ། ཞིང་ལས་ཀྱི་ཐོན་སྐྱེད་བདག་གཉེར་སྒྲིག་སྲོལ་གསར་དུ་བཏོད་ནས་བརྟན་བརླིང་སྒོས་ཞིང་པའི་རྩ་འཛུགས་ཅན་གྱི་ཚད་རིམ་ཇེ་མཐོར་གཏོང་དགོས།

ཞིང་ལས་ཀྱི་ཐོན་སྐྱེད་བདག་གཉེར་རྩ་འཛུགས་གསར་གཏོད་བྱེད་པ་ནི་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ནང་དོན་གཙོ་བོ་དང་རྨང་གཞི་ཡིན། ཞིང་ཁྱིམ་གྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་བདག་པོའི་གོ་གནས་ལ་བརྩི་སྲུང་དང་འགན་སྲུང་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་བདག་གཉེར་རྩ་འཛུགས་གསར་བ་སྐྱེད་སྲིང་དང་ཇེ་ཆེར་བཏང་ནས། ཞིང་སྡེའི་ཐོན་སྐྱེད་ཀྱི་རྒྱུ་ཆའི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས།

1.ཞིང་སྡེའི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་བརླིང་དུ་གཏོང་དགོས། སྐབས་ཐོག་གི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་བརླིང་དུ་གཏོང་དགོས་པར་མ་ཟད། ཡུན་རིང་མི་འགྱུར་བའི་བྱེ་བྲག་གི་མངོན་བསྒྱུར་རྣམ་པ་དམ་འཛིན་དང་ཞིབ་འཇུག་བྱས་ཏེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལྟར་རང་མོས་དང་རིན་ཡོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་གོ་རིམ་ཡོད་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ས་ཞིང་འགན་གཙང་ལེན་བྱེད་པ་དེ་ཆེད་ལས་ཁྱིམ་ཆེན་དང་ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་བཅས་སུ་འཁོར་རྒྱུག་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ནས། རྣམ་པ་མང་བའི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་གོང་དུ་སྤེལ་དགོས། ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་དང་སྦྲེལ་ནས། ཞིང་པས་ཕན་ཚུན་གཉིས་ཀར་ཕན་པ་དང་ཕན་ཚུན་ལ་བརྗེ་བའི་བྱེད་ཐབས་སྤྱོད་པར་སྐུལ་མ་བཏང་སྟེ། ས་ཞིང་ཐར་ཐོར་ཅན་གྱི་འགན་གཙང་ལེན་གནད་དོན་ཐག་གིས་གཅོད་དགོས། ས་ཞིང་འཁོར་རྒྱུག་ཐད་བཀའ་བཙན་པོ་མི་འབེབས་པར། ཞིང་པའི་ཁེ་དབང་ལ་གནོད་པ་མི་སྐྱེལ་བ་དང་ས་ཞིང་གི་བཀོལ་སྤྱོད་ལ་འགྱུར་ལྡོག་མེད་པ། ཞིང་ལས་ཀྱི་ཕྱོགས་བསྔུས་ཐོན་སྐྱེད་ནུས་པར་གཏོར་བརླག་མི་བཟོ་བ་བཅས་ཁག་ཐེག་བྱ་དགོས། ནན་ཏན་སྒོས་བཟོ་ཚོང་ཁེ་ལས་ཀྱིས་ཞིང་ཁྱིམ་གྱི་འགན་གཙང་ལེན་ས་ཞིང(ནགས་ཚལ་དང་རྩྭ་ཐང)བོགས་ལེན་བྱེད་པར་ཞུགས་ཆོག་པའི་ལྟ་སྐུལ་དོ་དམ་ལམ་ལུགས་འཚོལ་སྙེག་བྱས་ཏེ་འཛུགས་དགོས། ས་ཞིང་འཁོར་རྒྱུག་གི་གོ་རིམ་ཚད་ལྡན་དུ་བཏང་སྟེ། རིམ་བཞིན་རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཞབས་ཞུ་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་བརྗེ་རེས་དང་སྲིད་ཇུས་འདྲི་རྟོག གན་རྒྱ་འཇོག་པ། རིན་གོང་དཔྱད་དཔག་སོགས་ཀྱི་འཁོར་རྒྱུག་ཞབས་ཞུ་ཇེ་ལེགས་སུ་གཏོང་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་རྩོད་གླེང་འདུམ་སྒྲིག་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས། རྒྱལ་དབང་ས་རྒོད་གསར་སྦོལ་དོ་དམ་མ་ལག་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་དབང་ས་རྒོད་གསར་སྦོལ་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་དབང་ཞིང་ར་གཞུང་ལས་ཁང་གི་སྤྱི་ཚོགས་འགན་ནུས་བཅོས་བསྒྱུར་ཚོད་ལྟ་རྒྱ་བསྐྱེད་དགོས། ཞིང་སྡེའི་ཕྱོགས་བསྔུས་བཅོས་བསྒྱུར་གྱི་དཔེ་སྟོན་ཚོད་ལྟ་བྱེད་ས་བརྟན་བརླིང་སྒོས་སྐུལ་འདེད་གཏོང་དགོས།

2.ཞིང་ཁྱིམ་གྱི་ཕྱོགས་བསྔུས་གཉེར་སྐྱོང་ཆུ་ཚད་ཧུར་བརྩོན་གྱིས་ཇེ་མཐོར་གཏོང་དགོས། གཞི་ཁྱོན་ཅན་དང་ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་བླང་བྱ་ལྟར། ཞིང་ཁྱིམ་གྱིས་སྔོན་ཐོན་གྱི་གོ་ཆོད་ལག་རྩལ་དང་དེང་རབས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་བེད་སྤྱོད་པར་སྣེ་ཁྲིད་བྱས་ཏེ། ཞིང་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་མྱུར་དུ་བསྒྱུར་དགོས། སྲིད་ཇུས་དང་ཁྲིམས་ལུགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས།བྱ་དགའི་ཁ་གསབ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་ནས་ཁྱིམ་ཚང་མཉམ་ལས་ཀྱི་གཉེར་སྐྱོང་དང་ཆེད་ལས་ཁྱིམ་ཆེན། ཁྱིམ་ཚང་ཞིང་ར་བཅས་ལ་རོགས་སྐྱོར་བྱ་དགོས། ཞིང་པ་གསར་བ་དང་ཞིང་སྡེའི་གོ་ཆོད་འཇོན་མི་ཤུགས་ཆེན་པོས་སྐྱེད་སྲིང་བྱས་ཏེ། ཞིང་ལས་ཀྱི་ལས་རིགས་སློབ་གསོ་དང་ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་བྱ་དགོས། གསོ་སྦྱོང་སྣ་ཚོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཆེད་ལས་ཁྱིམ་ཆེན་དང་ཁྱིམ་ཚང་ཞིང་རའི་གཉེར་སྐྱོང་པ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁོ་ཚོའི་ཐོན་སྐྱེད་ནུས་རྩལ་དང་བདག་གཉེར་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། ཆེད་དུ་འཆར་གཞི་བཀོད་ནས། ཆ་རྐྱེན་དང་མཐུན་པའི་འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ཕྱིར་ཡུལ་དུ་ལོག་ཡོད་པའི་ཞིང་པ་གླ་རྒྱག་པ་བཅས་ཀྱིས་ལས་རིགས་བསྐྲུན་པར་ཁ་གསབ་དང་དངུལ་བུན་བཏང་ནས་རོགས་སྐྱོར་བྱ་དགོས།

3.རྣམ་པ་མི་འདྲ་བའི་ཞིང་པའི་མཉམ་ལས་རྩ་འཛུགས་གསར་བ་ཤུགས་ཆེན་པོས་རྒྱབ་སྐྱོར་དང་འཕེལ་རྒྱས་གཏོང་དགོས། ཞིང་པའི་མཉམ་ལས་ཁང་ནི་ཞིང་ཁྱིམ་ཚོང་ཁྲོམ་དུ་བསྐྱོད་པར་སྣེ་ཁྲིད་བྱེད་པའི་རྩ་བའི་གཙོ་གཞི་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་དངོས་ཕུང་གསར་བ། ཞིང་སྡེའི་སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད་བྱེད་པའི་ཕན་ལྡན་གྱི་ཐེག་བྱེད་ཀྱང་ཡིན། ཧུར་བརྩོན་གྱིས་གོང་དུ་སྤེལ་བ་དང་རིམ་བཞིན་ཚད་ལྡན་དུ་གཏོང་བ། རོགས་སྐྱོར་ཇེ་དྲག་ཏུ་གཏོང་བ། རྒྱུ་སྤུས་ཇེ་མཐོར་གཏོང་བ་བཅས་ཀྱི་བླང་བྱ་ལྟར། ཞིང་པའི་མཉམ་ལས་ཁང་གོང་དུ་སྤེལ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྣེ་ཁྲིད་ནུས་པ་དང་ཚོམ་ཁྲོམ་གྱི་འགྲན་རྩོད་ནུས་པ་དངོས་ནས་ཇེ་མཐོར་གཏོང་དགོས། ཞིང་པས་ཆེད་ལས་མཉམ་ལས་དང་མ་རྐང་མཉམ་ལས་སོགས་ཀྱི་རྒྱུ་མང་ཅན་དང་སྣ་མང་ཅན་གྱི་མཉམ་ལས་ཁང་འཛུགས་པར་སྐུལ་མ་གཏོང་དགོས། སྡེ་ཁག་དང་མཉམ་དུ་དཔེ་སྟོན་ཁང་གི་ནང་རྐྱེན་ལ་དཔྱད་བསྔུར་གཏན་འབེབས་བྱེད་པ་ལག་བསྟར་བྱས་ཏེ། དཔེ་སྟོན་ཁང་གི་མིང་ཐོ་རིམ་པ་བགོས་ནས་འཛུགས་པ་དང་། དཔེ་སྟོན་ཁང་དེ་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པའི་གཙོ་གནད་དུ་བརྩི་དགོས། ནོར་སྲིད་ཀྱི་དངུལ་གཏོང་ལས་གཞི་ཁ་ཤས་བཀོད་སྒྲིག་བྱས་ཏེ་ཆ་རྐྱེན་འཛོམས་པའི་མཉམ་ལས་ཁང་ལ་ཐད་ཀར་དངུལ་གཏོང་དགོས། རྒྱལ་ཁབ་ཀྱི་ཁ་གསབ་ལས་གཞི་ལས་གྲུབ་པའི་རྒྱུ་ནོར་དག་མཉམ་ལས་ཁང་དུ་སྤྲད་ནས་དོ་དམ་དང་སྲུང་སྐྱོང་བྱེད་པར་སྣེ་ཁྲིད་བྱེད་པ་དང་། མཉམ་ལས་ཁང་གི་ལས་གཞི་རྒྱུ་ནོར་དོ་དམ་དང་སྲུང་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་འཛུགས་པར་མཛུབ་སྟོན་བྱ་དགོས། ཞིང་པའི་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་མ་དངུལ་ཇེ་མང་དུ་བཏང་སྟེ། མཉམ་ལས་ཁང་ལ་རོགས་སྐྱོར་བྱས་ནས་ཐོན་སྐྱེད་དང་བདག་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། རིམ་བཞིན་ཞིང་སྡེའི་ས་ཞིང་བཅོས་སྐྱོང་དང་ཞིང་ལས་ཕྱོགས་བསྔུས་གསར་སྤེལ། ཞིང་ཁའི་ཆུ་བེད་འཛུགས་སྐྲུན། ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་ཞིང་ལས་དང་འབྲེལ་བའི་ལས་གཞི་མཉམ་ལས་ཁང་གིས་འགན་འཁུར་བའི་གཞི་ཁྱོན་ཇེ་ཆེར་གཏོང་དགོས། དཔེ་སྟོན་ཁང་གིས་ཞིང་ལས་ཐོན་རྫས་གསར་བའི་མཛོད་ཁང་དང་འཁོར་རྒྱུག་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་སྤེལ་བར་ཁ་གསབ་བྱ་དགོས། ཡིད་རྟོན་དཔྱད་བསྔུར་གཏན་འབེབས་བྱེད་པའི་རྨང་གཞིའི་སྟེང་དཔེ་སྟོན་ཁང་དང་མཉམ་དུ་ཡིད་རྟོན་ཇེ་ཆེར་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དངུལ་བུན་ལ་སྐྱེད་ཀ་སྤྲོད་པ་དང་། མཉམ་ལས་ཁང་གི་ཡིད་རྟོན་མཉམ་ལས་སྤེལ་བ་ཚད་ལྡན་དུ་གཏོང་དགོས། མཉམ་ལས་ཁང་གི་ཁྲལ་བསྔུ་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། མཉམ་ལས་ཁང་རྒྱལ་དམངས་དཔལ་འབྱོར་གྱི་སྡོམ་རྩིས་ཁྲོད་འཇོག་པར་མ་ཟད། ཁེར་རྐྱང་གི་ཁྲལ་འཇལ་གཙོ་གཞི་རུ་བརྩིས་ཏེ་ཁྲལ་དོན་ཐོ་འགོད་ཁྲོད་བཞག་ནས། མཉམ་ལས་ཁང་གིས་འཛིན་བྱང་ལེན་པ་དང་བེད་སྤྱོད་པ་སོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་དགོས། མཉམ་ལས་ཁང་གི་ཐོན་སྐྱེད་དང་བདག་གཉེར་ཁྱད་ཆོས་དང་འཚམ་པའི་ཉེན་འགོག་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱད་དགོས། མཉམ་ལས་ཁང་གི་སྣེ་ཁྲིད་པ་དང་འཇོན་མིའི་མཛོད་དང་གསོ་སྦྱོང་རྟེན་གཞི་བཙུགས་ཏེ། མཉམ་ལས་ཁང་གི་སྣེ་ཁྲིད་པ་དང་བདག་གཉེར་དོ་དམ་མི་སྣ། ཟུར་ཁྲིད་པ་བཅས་ཀྱི་གསོ་སྦྱོང་རྒྱ་ཆེར་བྱས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་མཉམ་ལས་ཁང་ནས་བྱ་བ་ལས་པར་སྣེ་ཁྲིད་བྱ་དགོས། སྒྲིག་བཀོད་ཞིང་སྤྱོད་ས་ཞིང་གི་སྲིད་ཇུས་ལག་ཏུ་བསྟར་ནས། མཉམ་ལས་ཁང་གི་ཐོན་སྐྱེད་སྒྲིག་བཀོད་ཐད་སྤྱོད་པའི་ས་ཞིང་དང་ཟུར་གཏོགས་སྒྲིག་བཀོད་ཐད་སྤྱོད་པའི་ས་ཞིང་ཞིང་སྤྱོད་ས་ཞིང་ལྟར་དོ་དམ་བྱེད་དགོས། ཞིང་པའི་མཉམ་ལས་ཁང་གིས་ཐོན་རྫས་དང་ཐོན་ལས་དེ་འབྲེལ་ཐག་ཏུ་བརྩིས་ནས་མཉམ་ལས་དང་མཉམ་འབྲེལ་བྱེད་པར་སྣེ་ཁྲིད་བྱས་ཏེ། མཉམ་ལས་ཁང་མཉམ་དུ་ཐོ་འགོད་བྱེད་པའི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་ཞིབ་འཇུག་དང་བཟོ་བཅོས་བྱེད་པ་དམ་འཛིན་བྱེད་དགོས།

4.སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་དང་རྒྱ་ཆེར་གཏོང་དགོས། སྣེ་ཁྲིད་ཁེ་ལས་ཀྱིས་ཁུ་བསྡུ་བྱེད་པ་དང་ཚན་པ་གཅིག་ཏུ་སྒྲིག་པ། ཉོ་སྒྲུབ་བྱེད་པ། མ་རྐང་ཚོད་འཛིན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁེ་ལས་ཆེན་པོའི་ཚོགས་པ་སྒྲིག་པར་རྒྱབ་སྐྱོར་བྱ་དགོས། ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་གསར་དུ་བསྐྲུན་ནས་སྣེ་ཁྲིད་ཁེ་ལས་ཚོགས་པ་རུ་སྒྲིལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཙོ་ཁྲིད་ཁེ་ལས་དང་ཞིང་ཁྱིམ་བར་དུ་དམ་འཛིན་རང་བཞིན་གྱི་ཁེ་ཕན་མཉམ་སྦྲེལ་ནང་རྐྱེན་འཛུགས་པར་སྐུལ་འདེད་བཏང་སྟེ། རིན་གོང་དམའ་མོའི་ཉོ་སྒྲུབ་ལ་ཁག་ཐེག་བྱེད་པ་དང་མ་རྐང་གི་ཁེ་སྤོགས་བགོ་བ། ཁེ་སྤོགས་ཕྱིར་འཇལ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཞིང་ཁྱིམ་དེ་ལས་མང་པོ་ཞིག་ལ་ལས་སྣོན་དང་ཕྱིར་འཚོང་གི་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་དགོས། གྲོང་ཁྱེར་གྱི་བཟོ་ཚོང་མ་དངུལ་ཞིང་སྡེ་འཕེལ་རྒྱས་དང་འཚམ་པའི་ཁེ་ལས་ཅན་གྱི་བདག་གཉེར་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་ཁྲོད་དུ་གཏོང་བར་སྐུལ་མ་དང་སྣེ་ཁྲིད་བྱ་དགོས། ཞིང་ལས་ཐོན་ལས་ཅན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཇེ་མང་དུ་བཏང་སྟེ། སྣེ་ཁྲིད་ཁེ་ལས་ཀྱིས་མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་དང་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་བྱེད་པ། ཆས་རྟགས་སྐྱེད་སྲིང་བྱེད་པ་སོགས་ལ་རྒྱབ་སྐྱོར་བྱ་དགོས། ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པའི་འཕར་སྣོན་རིན་ཐང་གི་དཔྱ་ཁྲལ་དང་ལས་གཞི་འཕར་སྣོན་ཁྲལ་འབོར་གཏན་འཁེལ་དང་ཉུང་གཅོག་བྱ་བའི་ཚོད་ལྟ་ལས་རིགས་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་དགོས། ཞིང་ལས་ཐོན་རྫས་ཐོན་ཡུལ་ནས་ཐོག་མའི་ལས་སྣོན་བྱེད་པའི་ཁ་གསབ་ལས་གཞིའི་ཚོད་ལྟའི་ཁྱབ་ཁོངས་ཀྱང་རིམ་བཞིན་རྒྱ་བསྐྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།