ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་གཉིས་པ།

གཉིས། ཞིང་ལས་ཀྱི་རྒྱབ་སྐྱོར་དང་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་རྒྱས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཤུགས་ཚད་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།

ཞིང་ལས་དེ་མ་དངུལ་གཏོང་ཚད་མང་བ་དང་མ་གནས་མཐོ་བ། ཉེན་ཁ་ཆེ་བ་བཅས་ཀྱི་འཕེལ་རྒྱས་དུས་སུ་ཕྱིན་པའི་ཕྱི་ཡུལ་བླང་བྱ་དང་མཐུན་ཐབས་བྱེད་ན། ངེས་པར་སྔར་བས་རང་རྟོགས་དང་སྔར་བས་བརྟན་པོའི་ངང་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། སྤྱོད་གོ་ཆོད་པའི་སྲིད་ཇུས་བརྟན་བརླིང་དང་འཐུས་ཚང་དང་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་རྨང་གཞི་ནས་ཤུགས་ཆེན་པོས"ཞིང་གསུམ"ཐད་མ་དངུལ་གཏོང་བ་བརྟན་བརླིང་ངང་འཕར་བའི་ཡུན་ཕན་ནང་རྐྱེན་འཛུགས་གྲབས་བྱས་ཏེ། སྤྱི་གྲངས་བསྟུད་མར་འཕར་བ་དང་བསྔུར་གྲངས་གོམ་པ་བརྟན་པོས་འཕར་བར་ཁག་ཐེག་བྱ་དགོས།

1.ཞིང་ལས་ཀྱི་ཁ་གསབ་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྤྱི་གྲངས་འཕར་བ་དང་གསོག་ཚད་ལེཊ་བཅོས། འཕར་གྲངས་བཟང་སྤྱོད། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་བླང་བྱ་ལྟར། ཞིང་ལས་ཀྱི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། ཐོན་སྐྱེད་ས་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་དང་རྨོ་ཞིང་སྲུང་སྐྱོང་ཁ་གསབ། སྐྱེ་ཁམས་ཁ་གསབ་སོགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ལ་མགྱོགས་མྱུར་དང་འོས་འཚམ་གྱི་ཁེ་ཕོགས་ཐོབ་ཏུ་བཅུག་སྟེ། ཐོན་སྐྱེད་ས་ཁུལ་གཙོ་བོའི་ནོར་ཤུགས་རིམ་བཞིན་རྒྱལ་ཡོངས་སམ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཐོན་དུ་འཇུག་དགོས། ཞིང་ལས་ཀྱི་ཁ་གསབ་མ་དངུལ་གྱི་གཞི་ཁྱོན་མུ་མཐུད་དུ་ཇེ་ཆེར་བཏང་ནས་གསར་དུ་བསྣན་པའི་ཁ་གསབ་ཐོན་སྐྱེད་ས་ཁུལ་གཙོ་བོ་དང་གནས་བབ་ལེགས་པའི་ཐོན་ཁུལ་དུ་གཅིག་སྔུད་བྱེད་པ་དང་། ཆེད་ལས་ཁྱིམ་ཆེན་དང་ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་སོགས་ཐོན་སྐྱེད་བདག་གཉེར་གཙོ་གཞི་གསར་བར་ཕྱོགས་ཞེན་བྱ་དགོས། འབྲུ་འདེབས་ཞིང་པར་ཐད་ཀར་ཁ་གསབ་དང་སོན་བཟང་ཁ་གསབ་སྲིད་ཇུས་དངོས་འབེབས་བཟང་པོ་བྱེད་པ་དང་། ཞིང་ལས་འཕྲུལ་འཁོར་ཉོ་སྒྲུབ་ཀྱི་ཁ་གསབ་གཞི་ཁྱོན་ཇེ་ཆེར་བཏང་ནས་ཞིང་ལས་འཕྲུལ་འཁོར་རྙིང་བ་གསར་བར་བརྗེ་བའི་ཚོད་ལྟར་སྐུལ་འདེད་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྔུས་ཁ་གསབ་ཀྱི་འགུལ་ཚུལ་ལེགས་སྒྲིག་ནང་རྐྱེན་འཐུས་ཚང་དུ་བཏང་ནས་འབྲུ་འདེབས་ཁྱིམ་ཆེན་གྱི་ཁ་གསབ་ཚོད་ལྟའི་ཁྱབ་ཁོངས་རིམ་བཞིན་ཇེ་ཆེར་གཏོང་དགོས། མུ་མཐུད་དུ་ཞིང་ལས་གནོད་འགོག་གནོད་འཕྲི་དང་ཐོན་ལས་བརྟན་འཇགས་དང་ཐོན་ཚད་འཕར་བའི་གནད་འགག་གི་ལག་རྩལ་ཁ་གསབ་དང་། ས་རྒྱུའི་སྐྱེ་ལྡན་སྤུས་ལེགས་ཇེ་མཐོར་གཏོང་བའི་ཁ་གསབ་ལག་ཏུ་བསྟར་བ་དང་། ཞིང་ལས་ལོ་ཏོག་གི་འབུ་ནད་ཆེད་ལས་ཅན་གྱི་གཅིག་གྱུར་འགོག་བཅོས་སྤེལ་བར་རྒྱབ་སྐྱོར་དང་། དུག་ཉུང་བ་དང་ཞིང་སྨན་འཕྲོ་ལུས་དང་ཕན་ནུས་མཐོ་ལ་ནུས་པ་ཐོན་པའི་ཚད་ཀྱི་ལུད་རྫས་བཀོལ་སྤྱོད་ཀྱི་ཁ་གསབ་ཚོད་ལྟ་བྱེད་མགོ་བརྩམ་དགོས། ཕྱུགས་ལས་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་སྐམས་དང་ལུག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། རྒྱང་རིང་མཚོ་ཐོག་གི་ཉ་ལས་ཁ་གསབ་དང་ཁྲལ་བསྔུ་ཉུང་འཕྲི་སྲིད་ཇུས་དངོས་འབེབས་བྱ་དགོས། འབྲུ(སྣུམ)ཐོན་སྐྱེད་རྫོང་ཆེན་གྱི་བྱ་དགའི་དངུལ་ཇེ་མང་དུ་བཏང་ནས། ཕག་ཕྱིར་གཏོང་རྫོང་ཆེན་གྱི་བྱ་དགའི་སྲིད་ཇུས་ལག་ཏུ་བསྟར་བ་དང་། འབྲུ་རིགས་ལོ་ཏོག་གི་སོན་བཟོ་རྫོང་ཆེན་གྱི་བྱ་དགའི་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། ཞིང་ལས་ཕྱོགས་བསྔུས་གསར་སྤེལ་ཐད་ནོར་སྲིད་ཀྱིས་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས། དེང་རབས་ཞིང་ལས་ཐོན་སྐྱེད་ཀྱི་འཕེལ་རྒྱས་མ་དངུལ་གྱིས་གནད་ཆེ་ས་འབྲུ་རིགས་དང་ས་གནས་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་མགྱོགས་པོར་འཕེལ་བར་རྒྱབ་སྐྱོར་བྱ་དགོས།

2.ཞིང་སྡེའི་དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་དགོས། རྒྱལ་ཁབ་ཀྱི་ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཚོང་ལས་རང་བཞིན་གྱི་དངུལ་རྩའི་ཞིང་སྐྱོར་ཤུགས་ཚད་དངོས་གནས་ཇེ་ཆེར་གཏོང་བ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩ་དང་མཉམ་ལས་རང་བཞིན་གྱི་དངུལ་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་མཐུད་དུ་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གཏོང་བ་ཁག་ཐེག་བྱ་དགོས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་སྐྲུན་དང་། ཞིང་ཁྱིམ་གྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཐོག་མར་ཚིམ་ཐབས་བྱས་ཏེ། ཐོན་སྐྱེད་ཚོང་གཉེར་གྱི་གཙོ་གཞི་གསར་བའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། ནོར་ཁྲལ་འདེགས་ཤིང་དང་དངུལ་རྩའི་སྲིད་ཇུས་ཀྱི་ནུས་ལྡན་རམ་འདེགས་ལ་ཤུགས་བསྣན་ནས་རྫོང་ཁོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་ཞིང་འབྲེལ་དངུལ་བུན་འཕར་གྲངས་ཀྱི་བྱ་དགའ་དང་། ཞིང་སྡེའི་དངུལ་རྩ་ལས་ཁུངས་ཀྱི་གནས་གཏན་གྲོན་དངུལ་ཁ་གསབ། ཞིང་ཁྱིམ་དངུལ་བུན་གྱི་ཁྲལ་བསྔུ་གཟིགས་སྐྱོང་། བུན་འཇལ་དམིགས་འཛུགས་དངོས་པོའི་དངུལ་བུན་ཆུང་བའི་སྐྱེད་ཀ་སོགས་སྲིད་ཇུས་དངོས་འབེབས་བྱ་དགོས། རྫོང(གྲོང་ཁྱེར)གི་ཞིང་སྡེའི་ཡིད་རྟོན་ཁང་གི་ཁྲིམས་མིའི་གོ་གནས་བརྟན་འཇགས་སུ་གཏོང་བ་དང་། ཞིང་སྡེའི་ཡིད་རྟོན་ཁང་གི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས། ཞིང་ལས་དངུལ་ཁང་གི"ཞིང་གསུམ"ལ་ཞབས་འདེགས་ཞུ་བའི་དཔེ་དབྱིབས་གསར་བ་འཚོལ་ཞིབ་བྱེད་པ་དང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་སྲིད་ཇུས་རང་བཞིན་གྱི་འགན་ནུས་གནས་ཐིག་གཏན་འཁེལ་ཇེ་དྲག་ཏུ་བཏང་ནས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དེང་རབས་ཞིང་ལས་དང་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་སྐུལ་སློང་བྱ་དགོས། སྤྱི་ཚོགས་མ་དངུལ་ཞིང་སྡེའི་དངུལ་རྩ་སྡེ་ཁག་གསར་བ་འཛུགས་པ་དང་དེའི་ནང་ཞུགས་པར་རྒྱབ་སྐྱོར་བྱ་དགོས། ཞིང་སྡེའི་གཏོང་སྤྲོད་ཀྱི་ཞབས་ཞུ་ཆ་རྐྱེན་ཇེ་ལེགས་དང་གཏོང་སྤྲོད་ཀྱི་སྡོམ་རྩིས་བྱེད་སྒོ་འཁྲུག་པོར་གཏོང་དགོས། ཞིང་སྡེ་དང་འབྲེལ་བའི་ཡིད་རྟོན་དངུལ་བུན་དང་ཉེན་འགོག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཞིང་སྡེའི་ཁྱད་ཆོས་ལྡན་པའི་གཏའ་མའི་ཉེན་འགོག་བྱེད་ཐབས་དང་མ་དངུལ་གྲབས་གསོག་གི་ཡོ་བྱད་གསར་གཏོད་བྱེད་པ་དང་། རིམ་པ་དང་རྣམ་པ་མང་པོའི་ཞིང་ལས་ཡིད་རྟོན་ཉེན་འགོག་གི་མ་ལག་འཛུགས་དགོས། ནགས་དབང་གཏའ་མར་བརྩིས་ནས་དངུལ་བུན་ལེན་པའི་གཞི་ཁྱོན་ཇེ་ཆེ་དང་ནགས་ལས་ཀྱི་དངུལ་བུན་སྐྱེད་ཀའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་ལམ་ལུགས་དང་ཞིང་ལས་ཀྱི་ཉེན་འགོག་འགྲོ་གྲོན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། དབུས་ནུབ་རྒྱུད་ས་ཁུལ་དང་། ཐོན་སྐྱེད་རྫོང་ཆེན་བཅས་ཀྱི་ཞིང་ལས་ཉེན་འགོག་གི་འགྲོ་གྲོན་ལ་ཁ་གསབ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། ཉེན་འགོག་རིགས་ཁ་ཤས་ཀྱི་ཉེན་འགོག་འགྲོ་གྲོན་ཁ་གསབ་ཀྱི་བསྔུར་ཚད་འོས་འཚམ་སྒོས་ཇེ་མཐོར་གཏོང་དགོས། ཞིང་ལས་ལོ་ཏོག་གི་རིགས་དང་ཉ་ལས། ཞིང་ལས་འཕྲུལ་ཆས། ཞིང་སྡེའི་སྡོད་ཁང་བཅས་ཀྱི་ཉེན་འགོག་དང་རྒྱལ་དབང་ནགས་ཁུལ་གཙོ་བོའི་ནགས་ཚལ་ཉེན་འགོག་གི་འགྲོ་གྲོན་ལ་ཁ་གསབ་ཚོད་ལྟ་བྱ་དགོས། ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་ཉེན་འགོག་གི་གནོད་འཚེ་ཆེན་པོའི་ཉེན་ཁ་ཁྱབ་འགྲེམ་ནང་རྐྱེན་འཛུགས་པར་སྐུལ་འདེད་བྱེད་དགོས། ཆ་རྐྱེན་འཛོམས་པའི་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་དང་ཞིང་ལས་དང་འབྲེལ་བའི་ཁེ་ལས་སྣ་ཚོགས་ཀྱིས་རིམ་པ་མང་པོའི་མ་དངུལ་ཚོང་ཁྲོམ་བརྒྱུད་ནས་གོང་སྤེལ་མ་དངུལ་བསྔུ་བར་རྒྱབ་སྐྱོར་བྱེད་དགོས།

3.སྤྱི་ཚོགས་ཀྱི་མ་དངུལ་ཞིང་སྡེ་གསར་བའི་འཛུགས་སྐྲུན་ཐད་གཏོང་བར་སྐུལ་སློང་བྱེད་དགོས། ལས་རིགས་སོ་སོས་གོང་སྤེལ་འཆར་གཞི་འགོད་པ་དང་ལས་གཞི་བཀོད་སྒྲིག་བྱེད་པ། དངུལ་གཏོང་ཇེ་མང་དུ་གཏོང་བ་བཅས་ཀྱི་ཕྱོགས་ནས་རང་འགུལ་སྒོས་ཞིང་སྡེ་ལ་ཕྱོགས་ཞེན་བྱ་དགོས། རྒྱལ་དབང་ཁེ་ལས་ལ་སྣེ་ཁྲིད་བྱས་ཏེ་ཞིང་ལས་དང་ཞིང་སྡེ་གོང་སྤེལ་ཁྲོད་ཞུགས་པ་དང་རྒྱབ་སྐྱོར་བྱ་དགོས། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་མ་དངུལ་གཏོང་བ་དང་མ་དངུལ་གྲབས་གསོག་བྱེད་པ་དང་། སྒོར་མོ་དང་དངོས་པོ་ཞལ་འདེབས་སུ་ཕུལ་བ། འཇོན་མི་དང་ལག་རྩལ་གྱིས་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་སྡེ་ནས་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་སྐྱེད་སྲིང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ཞབས་ཞུ། རིག་གནས་གནས་སྐོར་ལུས་རྩལ་སོགས་ཀྱི་ལས་དོན་སྣ་ཚོགས་དར་སྤེལ་དུ་བཏང་སྟེ། གཏན་འབེབས་ལྟར་ཁྲལ་བསྔུ་གཟིགས་སྐྱོང་དང་འགྲོ་གྲོན་གྱི་ཁ་གསབ་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་དགོས། སྤྱི་ཕན་རང་བཞིན་གྱི་ཞིང་སྡེའི་སྤྱི་ཕན་ལས་དོན་གྱི་ལས་གཞི་ཐད་ཕུལ་བའི་འགྲོ་གྲོན་གྱི་ཐོབ་ཁྲལ་སྔོན་མ་ནས་གཅོག་པའི་སྲིད་ཇུས་ལག་བསྟར་བྱ་དགོས། ཁེ་ལས་ཀྱིས་དངུལ་གཏོང་རྣམ་པ་མང་པོ་བརྒྱུད་ནས་ཞིང་སྡེའི་ཐོན་སྐྱེད་དང་འཚོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།