ཀྲུང་དབྱང་གི2013ལོའི་ཡིག་ཆ་ཨང་དང་པོ་ལས་ལེའུ་དང་པོ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དངོས་འབེབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་འབད་འཐབ་བྱེད་པར་ངེས་པར་དུ་རྨང་གཞི་བརྟན་པོར་འདིང་བ་དང་། ཐོག་མཐའ་བར་གསུམ་དུ་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ཐག་གཅོད་བཟང་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བཞག་སྟེ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འཕེལ་རྒྱས་སུ་གཏོང་རྒྱུ་དེ"ཞིང་གསུམ"གནད་དོན་ཐག་གཅོད་པའི་རྩ་བའི་ཐབས་ལམ་དུ་འཛིན་པ་དང་། ངེས་པར་དུ་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཐོག དེང་རབས་ཞིང་ལས་ཀྱི་རྨང་གཞིའི་འདེགས་སྐྱོར་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས།ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། ང་ཚོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དངོས་འབེབ་གཏིང་ཟབ་མོ་བྱས་པ་དང་། "ཞིང་གསུམ"གྱི་ལག་ལེན་དང་རིགས་གཞུང་། ལམ་ལུགས་བཅས་གསར་གཏོད་བྱེད་པར་སྒོ་ཀུན་ནས་སྐུལ་འདེད་བཏང་ཞིང་། གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། "ཅན་བཞི་མཉམ་སྤེལ"སོགས་འཐབ་ཇུས་བསམ་བློ་ཕྱོགས་ཡོངས་ནས་བཅངས་པ་དང་། མང་སྟེར་ཉུང་ལེན་བྱས་ནས་ཧུར་པོར་གཏོང་བ་དང་། བཟོ་ལས་ཀྱིས་ཕྱིར་ཞིང་ལས་ལ་རོགས་འདེགས་བྱེད་པ། གྲོང་ཁྱེར་གྱིས་ཞིང་སྡེར་རོགས་སྐྱོར་བྱེད་པའི་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་སྒོ་ཀུན་ནས་གཏན་འབེབ་བྱས་ཤིང་། ཞིང་ལས་ཐོན་སྐྱེད་བདག་གཉེར་དང་ཞིང་ལས་ལ་རོགས་སྐྱོར་དང་སྲུང་སྐྱོང་། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་སྐོར་གྱི་ལམ་ལུགས་ཀྱི་གཞི་སྒྲོམ་སྒོ་ཀུན་ནས་བསྐྲུན་པར་བརྟེན། ཞིང་ལས་ཐོན་སྐྱེད་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཞིང་སྡེའི་རྣམ་པར་ལེགས་སྒྱུར་ཆེན་པོ་ཐོབ་ཅིང་། ཞིང་པ་མང་ཚོགས་ལ་ཕན་ཁེ་ཆེན་པོ་ཐོབ་པ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ཞིང་། ཡང་དུས་སྐབས་བཟང་པོ་ཞིག་བསུ་ཡོང་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་ཐོག་མ་ཙམ་འཚོལ་ཞིབ་བྱས་ཡོད་པ་རེད། འབྲུ་རིགས་ཐོན་ཚད"བསྟུད་མར་ལོ་དགུ་ལ་འཕར་བ"མངོན་འགྱུར་བྱུང་ཞིང་། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྐས་རིམ་གསར་བ་ཞིག་ཏུ་བུད་པ་རེད། ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་ནས"བསྟུད་མར་ལོ་དགུ་ལ་མགྱོགས་པ"མངོན་འགྱུར་བྱུང་ཞིང་། ཞིང་སྡེའི་དབུལ་བོའི་འཚོ་གནས་དང་ལྟོ་རྒྱབ་ཀྱི་གནད་དོན་ཕལ་ཆེར་ཐག་བཅད། ཞིང་སྡེའི་དམངས་ཀྱི་འཚོ་བ་མགྱོགས་མྱུར་ངང་ལེགས་སྒྱུར་བྱས་པ་དང་། དམངས་ཀྱི་འདོད་ཐོག་ཏུ་འབབ་པའི་དོན་ཆེན་དང་དོན་བཟང་མང་པོ་བསྒྲུབས། ཞིང་སྡེའི་ཕྱོགས་བསྡུས་བཅོས་སྒྱུར་དང་ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བཅོས་སྒྱུར་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སོ་སོར་འབྱེད་པའི་སྒྲིག་སྲོལ་གྱི་འགལ་རྐྱེན་མགྱོགས་མྱུར་ངང་སེལ་པ་རེད། ཞིང་སྡེའི་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ལེགས་བཅོས་མངོན་གསལ་བྱུང་ཞིང་། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་པ་རེད། ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་པས། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ཁྲོད་རང་རྒྱལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་ཆེར་ཚད་མཐོན་པོ་འགྲོ་བ་དང་། ཉེན་ཁ་དང་འགྲན་སློང་རབ་དང་རིམ་པའི་ཁྲོད་དེང་རབས་ཅན་འཛུགས་སྐྲུན་དེ་མགོ་འཕང་བཀྱགས་ནས་མདུན་དུ་སྐྱོད་པ། དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྒུལ་ཤུགས་དྲག་པོ་བསྩལ་བ་དང་། ཁ་ལན་འཇལ་བའི་གཏིང་ཤུགས་བསྣན་ཞིང་། འཐབ་ཇུས་ཕྱོགས་ཀྱི་རང་འགུལ་དབང་ཆ་ཐོབ་པ་རེད། ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན། ཀྲུང་དབྱང་གིས་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཕྱོགས་ཧ་ཅང་ཡང་དག་པ་དང་། ཕྱིར་བཏོན་པའི་ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་པར་ཕན་ཁེ་བསྐྲུན་པ། ཞིང་པ་ཕྱུག་པོར་སྒྱུར་བའི་སྐོར་གྱི་སྲིད་ཇུས་ཀྱིས་ཕན་ནུས་ཆེན་པོ་བཏོན་པ་རེད།བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་བསྒྱུར་བར་སྐུལ་འདེད་ཟབ་མོ་བཏང་པ་དང་བསྟུན་ནས། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་ཞུགས་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་མ་གནས་ཇེ་མཐོ་དང་། ཞིང་ལས་ཐོན་རྫས་ཀྱི་འདོན་མཁོའི་སྒྲིག་གཞིའི་འགལ་བ་འབུར་དུ་ཐོན་པ། ཞིང་སྡེའི་སྤྱི་ཚོགས་སྒྲིག་གཞིའི་རྣམ་པ་མགྱོགས་མྱུར་ངང་གཞན་དུ་འགྱུར་བ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཐད་ནས་མགྱོགས་མྱུར་ངང་གཞི་གཅིག་ཅན་ཏུ་འགྱུར་བའི་འཕེལ་ཕྱོགས་མངོན་པ་རེད། མི་མང་ཞིང་ས་ཞིང་ཉུང་བ་དང་ཆུ་དཀོན་པའི་འགལ་བ་ཇེ་དྲག་ཏུ་སོང་ཞིང་། ཞིང་ལས་ཐོན་རྫས་ཀྱི་དགོས་མཁོའི་བསྡོམས་འབོར་བཟློག་མེད་ཀྱིས་འཕར་བ་དང་། འཛད་སྤྱོད་ཀྱི་སྒྲིག་གཞིའི་གདང་རིམ་མགྱོགས་མྱུར་ངང་འཕར་བ། ཞིང་ལས་ཀྱིས་ཕྱི་ཕྱོགས་ལ་རྟེན་ཚད་མཐོར་འདེགས་མངོན་གསལ་བྱུང་ཞིང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ནུས་ཡོད་སྒོས་མཁོ་སྤྲོད་བྱེད་པའི་ལས་འགན་དཀའ་ཚགས་ཆེ་བ་དང་། ཞིང་སྡེའི་ངལ་རྩོལ་པ་མང་པོ་བྱེས་སུ་རྒྱུག་པ་དང་། ཞིང་པ་ཁྱིམ་ཚང་ཞོར་ལས་ཅན་དང་གྲོང་སྡེ་ནང་སྟོང་ཅན། མི་གྲངས་རྒན་པ་བཅས་སུ་འགྱུར་བའི་འཕེལ་ཕྱོགས་མངོན་གསལ་ཡིན་པ་དང་། ཞིང་པའི་ཁེ་ཕན་ཕྱོགས་ཀྱི་ཞུ་གཏུག་སྣ་མང་ཅན་དུ་འགྲོ་བཞིན་པས། ཞིང་སྡེའི་སྤྱི་ཚོགས་དོ་དམ་ཐད་ཤུགས་སྣོན་དང་གསར་གཏོད་བྱེད་པའི་དགོས་ངེས་ཆེ་བ། རྒྱལ་དམངས་དཔལ་འབྱོར་དང་ཞིང་སྡེའི་འཕེལ་རྒྱས་བར་གྱི་འབྲེལ་བ་མངོན་གསལ་གྱིས་ཇེ་དམ་དུ་སོང་ཞིང་། ཞིང་ལས་ཀྱི་ཐོན་ཁུངས་རྒྱུ་ཆ་ཤོར་ཚད་ཇེ་མགྱོགས་སུ་སོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་ཆ་འདྲ་མཉམ་སྒོས་བརྗེ་རེས་རྐྱེན་སྲོལ་འཛུགས་པར་དེ་བས་ཀྱང་དགོས་གཏུག་ཆེ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་དང་སྡོད་དམངས་ཀྱི་ཡོང་སྒོ་བགོ་བཤའི་ཁྱད་པར་ཇེ་ཆུང་དུ་གཏོང་བའི་ལས་འགན་ལྗིད་ཅིང་ཡུན་རིང་སྟབས། ང་ཚོས་ངེས་པར་དུ་དུས་རིམ་གྱི་འགྱུར་ལྡོག་ལ་བསྟུན་ཞིང་འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་པར་ཕན་ཁེ་བསྐྲུན་པ། ཞིང་པ་ཕྱུག་པོར་སྒྱུར་དགོས། 2013ལོའི་ཞིང་ལས་དང་ཞིང་སྡེའི་བྱ་བའི་སྤྱི་ཡོངས་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་པ་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བྱས་ཏེ། "ཅན་བཞི་མཉམ་སྤེལ"འཐབ་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་། མཁོ་སྤྲོད་ཁག་ཐེག་དང་ཡོང་སྒོ་འཕར་སྣོན་བཏང་ནས་དམངས་ཀྱི་འཚོ་བར་ཕན་ཁེ་བསྐྲུན་པ་དང་། བཅོས་སྒྱུར་དང་གསར་གཏོད་བྱས་ནས་གསོན་ཤུགས་རྒྱས་སུ་འཇུག་པའི་བྱ་བའི་དམིགས་འབེན་ལྟར། ཞིང་སྡེ་བཅོས་སྒྱུར་བྱེད་ཤུགས་དང་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས། ཚན་རྩལ་གྱིས་ཡར་སྐུལ་བྱེད་ཤུགས་བཅས་ཇེ་ཆེར་བཏང་ནས། དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པར་དམིགས་ནས། ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ལེགས་བསྡུས་ཞིབ་གཉེར་ཅན་དང་ཆེད་ལས་ཅན། རྩ་འཛུགས་ཅན། སྤྱི་ཚོགས་ཅན་བཅས་ཟུང་དུ་སྦྲེལ་བའི་རྣམ་པ་གསར་བའི་ཞིང་ལས་བདག་གཉེར་མ་ལག་ཤུགས་ཡོད་རྒུས་བསྐྲུན་ཐོག ཞིང་སྡེའི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་སྔར་ལས་ལྷག་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་པོ་བརྟན་སྲུང་དང་འཕེལ་རྒྱས་སུ་གཏོང་དགོས།

གཅིག ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བྱེད་པར་འགན་སྲུང་རྐྱེན་སྲོལ་འཛུགས་པ་དང་། དེང་རབས་ཞིང་ལས་ཀྱི་དངོས་པོའི་རྨང་གཞི་འབད་བརྩོན་སྒོས་ཇེ་བརྟན་དུ་གཏོང་དགོས།

རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་པ་དང་། ཞིང་ལས་ཐོན་རྫས་གལ་ཆེན་ནུས་ཡོད་ཀྱིས་མཁོ་སྤྲོད་བྱེད་པར་འགན་སྲུང་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་ཡིན། ངེས་པར་དུ་འབྲུ་རིགས་ཐོན་སྐྱེད་བྱེད་པ་ལྷོད་གཡེང་དུ་གཏན་ནས་མི་གཏོང་པ་དང་། དེང་རབས་ཞིང་ལས་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ཐོག ཞིང་ལས་ཀྱི་དངོས་པོ་དང་ལག་རྩལ་གྱི་འདེགས་སྐྱོར་ཤུགས་དྲག་ཏུ་གཏོང་དགོས།

1.ཞིང་ལས་ཐོན་སྐྱེད་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཐད་ནས་རྒྱ་ཁྱོན་བརྟན་འཇགས་དང་སྒྲིག་གཞི་ལེགས་སྒྲིག མུའུ་རེའི་ཐོན་ཚད་ཕྱོགས་ལ་རྩོལ་བ་སྤྱད་པའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་ནས་ཐོན་འབབ་ལེགས་པོ་ཐོབ་པར་ཁག་ཐེག་བྱེད་དགོས། འབྲུ་རིགས་ཐོན་ཚད་བརྟན་འཇགས་ངང་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས། འབྲུ་རིགས་ཐོན་སྐྱེད་བྱེད་པའི་རྫོང་ཆེན་པོ800ཡི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཤུགས་ཆེན་པོ་བསྣན་པ་དང་། བྱང་ཤར་གྱི་ཞིང་ཆེན་དང་ལྗོངས་བཞིའི་ཆུ་གྲོན་ཆུང་དང་འབྲུ་རིགས་ཐོན་ཚད་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་དང་། འབྲུ་རིགས་ཐོན་ཚད་ལེགས་པོ་ལེན་པའི་ཚན་རྩལ་བཟོ་འགོད་བསྐྲུན་པར་སྐུལ་འདེད་གཏོང་དགོས། ཁྱད་སྟོབས་ལྡན་པའི་ཐོན་ཁུལ་གྱི་སྲིང་བལ་དང་སྣུམ་རྒྱུ། མངར་རྒྱུའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས། འབྲུ་རིགས་དང་སྲིང་བལ། སྣུམ་རྒྱུ། མངར་རྒྱུ་བཅས་ཐོན་ཚད་མང་པོ་བསྐྲུན་པའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། ཐོན་ཁུལ་གཙོ་བོར་ཁྱོན་ཡོངས་འཛུགས་སྐྲུན་ལམ་ལུགས་སྐུལ་སྤེལ་བྱེད་དགོས་ཤིང་། ས་ཁོངས་རང་བཞིན་དང་ཚད་ལྡན་ཅན་གྱི་ཐོན་ཚད་མང་ཞིང་ཕན་འབྲས་བཟང་པའི་རྣམ་པ་གཅིག་བསྡུས་སྒོས་ཁྱབ་གདལ་གཏོང་དགོས། ས་གཤིས་ལ་བརྟག་ནས་ལུད་རྫས་སྡེབ་ཏེ་འཇོག་ཐབས་ལག་བསྟར་ཟབ་མོ་བྱེད་པ་དང་། ནད་འབུའི་གནོད་པ་ཚབས་ཆེན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས། རེས་བསྐོར་གསར་བའི"ཚོད་སླེའི"བཟོ་འགོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལྡུམ་རའི་སྐྱེ་དངོས་ཚད་ལྡན་གླིང་དང་ཕྱུགས་བྱ་དང་ཆུ་ཐོན་དངོས་རྫས་ཚད་ལྡན་ཅན་དུ་གསོ་སྤེལ་གྱི་དཔེ་སྟོན་ར་བ་བསྐྲུན་པའི་གཞི་ཁྱོན་རྒྱ་བསྐྱེད་དགོས། ཁ་གསབ་ཀྱི་ཚབ་ཏུ་བྱ་དགའ་བྱིན་ནས་དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་བསྐྲུན་པར་ཚོད་ལྟ་བྱེད་དགོས། འདེབས་གསོ་ལས་རིགས་ཀྱི་སོན་བཟང་བཟོ་འགོད་བསྐྲུན་པར་སྐུལ་འདེད་བཏང་སྟེ། ཞིང་ལས་ལོ་ཏོག་འདེབས་འཛུགས་རྟེན་གཞི་དང་ལོ་ཏོག་རིགས་གསར་བ་ནང་འདྲེན་དཔེ་སྟོན་ར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། ཉ་གྲུ་གདང་རིམ་སྤར་བར་སྒྱུར་བཀོད་དང་ཉ་ལས་ཁྲིམས་འཛིན་གྲུ་གཟིངས་བཟོ་བ་དང་ལྷགས་གཡོལ་མཚོ་ཁུག་བསྐྲུན་པའི་ཐད་ཤུགས་བསྣན་ཏེ། རྒྱང་རིང་མཚོ་ཐོག་གི་ཉ་ལས་གོང་དུ་སྤེལ་བར་རོགས་སྐྱོར་བྱེད་དགོས།

2.ཞིང་ལས་ཀྱི་དངོས་པོའི་ལག་རྩལ་སྒྲིག་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དངོས་འབེབ་བྱས་ཐོག་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོན་པོའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཆུ་འདྲེན་ཁུལ་ཆེ་འབྲིང་དུ་ཆ་ཚང་སྡེབ་སྒྲིག་བྱེད་པར་སྒྱུར་བཀོད་དང་ཆུ་འདྲེན་ཆུ་འཐེན་ས་ཚིགས་གསར་བརྗེ་སྒྱུར་བཀོད། འབབ་རྒྱུད་ཆུང་འབྲིང་བཅོས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཁའི་ཆུ་བེད་ཆུང་གྲས་གཙོ་གནད་རྫོང་དུ་ཁེབས་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་ཐུབ་པའི་ཆུ་འདྲེན་སྟངས་ཤུགས་ཆེན་པོས་གོང་འཕེལ་དུ་བཏང་ཐོག ཆར་ཆུ་བསགས་ནས་བེད་སྤྱོད་པ་དང་། ཆུ་རྫིང་བཅོས་སྐྱོང་སོགས་བཟོ་འགོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞོད་ཐན་སྔོན་འགོག་དང་གནོད་སྐྱོན་ཉུང་འཕྲིའི་ནུས་པ་ཇེ་ཆེར་གཏོང་དགོས། ནོར་སྲིད་ཀྱིས་ཆུ་མཛོད་ཆུང་བ་འཛུགས་སྐྲུན་དང་ཉེན་སེལ་བརྟན་བཟོ་བྱ་བར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ས་ཞིང་བཤུག་སྤྲོད་བྱས་པའི་ཁེ་འབབ་ལས་བླངས་པའི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་མ་དངུལ་དུས་ཐོག་ཏུ་ཁ་ཚང་རྩིས་ལེན་བྱེད་དགོས་པ་མ་ཟད། དོ་དམ་བཟང་པོ་དང་བེད་སྤྱོད་བཟང་པོ་བྱེད་དགོས། ཞིང་ལས་ཀྱི་ཆུ་འདྲེན་ཕྱུང་བཟོ་འགོད་འཁོར་རྒྱུག་དོ་དམ་གྲོན་དངུལ་དེ་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་བྱེད་པའི་སྲིད་ཇུས་གང་མགྱོགས་ཀྱི་དངོས་འབེབ་བྱེད་དགོས། ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་འཛུགས་སྐྲུན་དང་ཆ་རྐྱེན་བསྐྲུན་ཞིང་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཐད་ཤུགས་སྣོན་པ་དང་། ས་བོན་ལས་རིགས་གོང་སྤེལ་སོགས་གཙོ་གནད་ཚན་རྩལ་ཆེད་དམིགས་རྣམ་གྲངས་མུ་མཐུད་དུ་ལག་བསྟར་བྱས་ཐོག མགྱོགས་མྱུར་གྱིས་འབྲུ་རིགས་དང་སྲིང་བལ། སྣུམ་རྒྱུ། མངར་རྒྱུ་སོགས་ཀྱི་ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར་དང་། ཕན་ནུས་ཆེ་ཞིང་བདེ་འཇགས་ཡིན་པའི་ལུད་རྫས་དང་ཞིང་སྨན་ཕྱུགས་སྨན་ཞིབ་འཇུག་གསར་སྤེལ་བྱེད་དགོས། རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དང་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

3.ཞིང་ལས་ཐོན་རྫས་འཁོར་རྒྱུག་གི་ལས་ཕྱོད་ཇེ་མཐོར་གཏོང་དགོས། ཞིང་ལས་ཐོན་རྫས་ཚོང་རའི་འཁོར་རྒྱུག་དྲ་བའི་ཁྱབ་སྟངས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཙོ་བོ་ཞིང་ལས་ཐོན་རྫས་གལ་ཆེན་བསྡུ་འགྲེམ་བྱེད་ས་དང་ཁྱད་སྟོབས་ལྡན་པའི་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཚོང་ར་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས་ཤིང་། ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོང་ཚོང་རའི་འཛུགས་སྐྲུན་ཐད་ཤུགས་བསྣན་ཐོག ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོང་གསར་བའི་སྣ་ཁ་དུས་ཐོག་ཏུ་ཁ་སྣོན་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེ་བའི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་གཏན་འཁེལ་དང་བརྗེ་རེས་ལྟེ་གནས་གསོ་སྐྱོང་བྱེད་དགོས། གྲོང་ཁྱེར་གྱི་ཚད་ལྡན་ཅན་གྱི་སྔོ་ཚོད་ཚོང་ར་དང་གསོན་པོའམ་གསོས་པ་རང་འདེམས་ཚོང་ར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉོ་ཚོང་ཚོང་ར་གཙོར་ཡིན་པའི་ཞིང་ལས་ཐོན་རྫས་སིལ་ཚོང་ཚོང་ར་བསྐྲུན་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། འབྲུ་སྣུམ་གསོག་ཉར་དང་འཁོར་རྒྱུག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཐད་ཤུགས་སྣོན་པ་དང་། ཞིང་ལས་ཐོན་རྫས་འཁྱག་ཉར་དང་གདང་རིམ་བཀར་ནས་ཐུམ་རྒྱག་པ། གློག་རྡུལ་གྱིས་བསྡོམས་རྩིས་རྒྱག་པའི་བྱ་བ་འཕེལ་རྒྱས་སུ་གཏོང་དགོས། ཞིང་ལས་ཐོན་རྫས་བསྡུ་རུབ་དང་ལས་སྣོན། སྐྱེལ་འདྲེན། ཕྱིར་ཚོང་སོགས་ལྷུ་ཚིགས་སོ་སོར་ཁྱབ་པའི་འཁྱག་ཉར་མུ་འབྲེལ་དངོས་ཟོང་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་འཁོར་རྒྱུག་བྱེད་སྟངས་དང་འཁོར་རྒྱུག་ལས་རིགས་གསར་བ་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ་དང་། ཞིང་ལས་ཐོན་རྫས་དྲ་ཚིགས་བརྒྱུད་ནས་ཉོ་ཚོང་དང་མུ་སྦྲེལ་ཡན་ལག་ཚོང་ཁང་། ཞིང་པའི་དྲ་ཐོག་ཚོང་ཁང་བཅས་གོང་འཕེལ་དུ་གཏོང་དགོས། "བྱང་འབྲུ་ལྷོ་འདྲེན"དང"ལྷོ་ཚོད་བྱང་འདྲེན"། "ནུབ་སིལ་ཤར་་འདྲེན"། གྲོང་གསེབ་ཁྲི་སྟོང་མང་པོའི་ཚོང་རའི་བཟོ་འགོད། ཞིང་སྡེ་གསར་བའི་འཁོར་རྒྱུག་དྲ་བའི་བཟོ་འགོད་མུ་མཐུད་དུ་བསྐྲུན་པ་དང་། ཞིང་ལས་ཐོན་རྫས་ཀྱི་དེང་རབས་འཁོར་རྒྱུག་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་གསར་སྐྲུན་བྱེད་མགོ་བརྩམ་དགོས། མཁོ་ཚོང་མཉམ་ལས་ཁང་དང་ཉོ་ཚོང་ཚོགས་པ་ཆེན་པོ། སྦྲག་སྲིད་མ་ལག་བཅས་ཀྱིས་ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་སྒོ་སྤེལ་བར་རོགས་སྐྱོར་བྱེད་དགོས། ཚོང་རྟགས་ལ་བརྟེན་ནས་ཞིང་པ་ཕྱུག་པོར་སྒྱུར་བའི་བཟོ་འགོད་གཏིང་ཟབ་ཏུ་ལག་བསྟར་བྱས་ཐོག ཞིང་ལས་ཐོན་རྫས་ཀྱི་ས་རྒྱུས་རྟགས་མཚན་དང་ཚོང་རྟགས་ལ་སྲུང་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

4.ཞིང་ལས་ཐོན་རྫས་ཀྱི་ཚོང་ར་སྙོམ་སྒྲིག་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། རིན་གོང་གིས་ཞིང་ལས་ཐོན་སྐྱེད་དང་ཞིང་པའི་ཡོང་སྒོ་སྤར་བར་ཡར་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཐོན་སྐྱེད་ཀྱི་མ་གནས་སྟེང་ལུགས་མཐུན་གྱི་མ་གནས་སྣོན་པའི་རྩ་དོན་ལྟར། གྲོ་དང་ཤུན་ལྡན་འབྲས་ཀྱི་ཆེས་དམའ་བའི་ཉོ་བསྡུ་རིན་གོང་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན། སྐེ་ཚེ། སྲིང་བལ། བཟའ་བྱའི་མངར་རྒྱུ་སོགས་ཞིང་ལས་ལོ་ཏོག་སྐབས་ཐོག་ཏུ་བསྡུས་ནས་གསོག་ཉར་བྱ་བ་དུས་ཐོག་ཏུ་བསྒྲུབ་མགོ་བརྩམ་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་ཕོན་ཆེན་གསོག་ཉར་གྱི་སྣ་ཁའི་སྒྲིག་གཞི་དང་ས་ཁོངས་ཀྱི་ཁྱབ་སྟངས་ཇེ་ལེགས་སུ་གཏོང་བ་དང་། འབྲུ་རིགས་དང་སྲིང་བལ། སྣུམ་རྒྱུ། མངར་རྒྱུ་ནང་འདྲེན་གསོག་ཉར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཚོང་རར་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག ཕག་གི་ཚོང་རའི་རིན་གོང་སྙོམ་སྒྲིག་ཚོད་འཛིན་འཆར་ཟིན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཞིང་ལས་ཐོན་རྫས་གསོས་པ་དང་གསོན་པོ་སྙོམ་སྒྲིག་ཚོད་འཛིན་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས། ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་འབབ་སྙོམ་སྒྲིག་ཚོད་འཛིན་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ནང་འདྲེན་སྒོ་ཁྲལ་གྱི་ཁ་གྲངས་དོ་དམ་ལ་ཤུགས་སྣོན་པ་དང་། ཐོན་རྫས་རིགས་ཕོན་ཆེན་ནང་འདྲེན་བྱེད་པར་སྙན་ཞུ་འབུལ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚོར་སྣང་སྐྱེན་པའི་ཐོན་རྫས་རིགས་ནང་འདྲེན་བྱེད་པར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ནང་འདྲེན་གྱི་ཡོང་ཁུངས་སྣ་མང་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་ཐོག ལྐོག་ཚོང་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ཆ་འཕྲིན་ཕྱོགས་བསྡོམས་ཁྱབ་བསྒྲགས་ལམ་ལུགས་ལག་བསྟར་བྱེད་ཐད་ཤུགས་བསྣན་ཐོག་འཐུས་ཚང་དུ་གཏོང་བ་དང་། ཚོང་རར་སྙོམ་སྒྲིག་ཚོད་འཛིན་བྱས་པའི་ཕན་འབྲས་གདེང་འཇོག་ལམ་ལུགས་འཛུགས་དགོས། ཞིང་ལས་རྒྱུ་ཆ་དང་ཐོན་རྫས་གསོག་ཉར་གྱི་རིགས་སྣ་ཇེ་མང་དུ་གཏོང་དགོས།

5.ཟས་རིགས་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་མཐུན་སྦྱོར་དང་མཉམ་འབྲེལ་བྱེད་ཐད་ཤུགས་བསྣན་ནས། ཞིང་ཁ་ནས་ཟས་ཅོག་བར་གྱི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དངོས་འབེབ་བྱེད་པ་དང་། རང་རྒྱལ་གྱི་གནས་ཚུལ་དང་མཐུན་ཞིང་ཚན་རིག་དང་མཐུན་པ་དང་འཐུས་སྒོ་ཚང་བའི་ཟས་རིགས་བདེ་འཇགས་མ་ལག་གང་མགྱོགས་ཀྱིས་ཆགས་སུ་འཇུག་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་ཟས་རིགས་བདེ་འཇགས་ཀྱི་ཁུངས་འདེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ལས་ཐད་བཀོལ་བའི་ཐོན་རྫས་ཐོན་སྐྱེད་བདག་གཉེར་དང་བེད་སྤྱོད་དོ་དམ་ནན་མོ་བྱས་ཐོག ཞིང་ལས་ཀྱི་འགོ་ཁུངས་སྦགས་བཙོག་བཟོ་བ་དང་ཕྱུགས་བྱ་གསོ་སྤེལ་ལ་སྦགས་བཙོག་བཟོ་བ་ཧུར་ཐག་སྒོས་འགོག་བཅོས་བྱེད་དགོས། ཞིང་ལས་ཐོན་རྫས་སྡེབ་ཚོང་ཚོང་རའི་ཟས་རིགས་བདེ་འཇགས་ཡིན་མིན་ཞིབ་བཤེར་ཚད་ལེན་ཁང(ས་ཚིགས)འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ནས། ཞིབ་བཤེར་ཚད་ལེན་གྱི་འགྲོ་གྲོན་ཁ་གསབ་བྱེད་དགོས། གཞི་རིམ་གྱི་ཟས་རིགས་བདེ་འཇགས་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འཛུགས་སྐྲུན་ཐད་མ་དངུལ་འཇོག་ཚད་ཇེ་མང་དུ་བཏང་ནས། ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་སྒོ་ཀུན་ནས་ཇེ་མཐོར་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།