ཀྲུང་གུང་ཀྲུང་དབྱང་གི་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི(2009)ཡིག་ཆ་ཨང1པ།(སྨད་ཆ)

ཀྲུང་སྤེལ〔2009〕ཡིག་ཨང1པ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2009ལོར་ཞིང་ལས་འཕེལ་རྒྱས་བརྟན་པོ་འགྲོ་བ་དང་ཞིང་པའི་ཡོང་འབབ་བསྟུད་མར་འཕར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ།

  15.ཞིང་ལས་ཐོན་རྫས་ཁྲོམ་རའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། 

ཤུགས་ཚད་ཆེ་རུ་བཏང་ནས་ཐོན་ཁུལ་གཙོ་བོ་དང་བསྡུ་འགྲེམས་ལྟེ་གནས་ཀྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཁྲོམ་ར་དང་ཚོང་འདུས་ཁྲོམ་ར་སོགས་འཁོར་རྒྱུག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། འབྲུ་རིགས་འདྲེན་གཏོང་འབྲེལ་ཚིགས་ཆེ་གྲས་དང་ཞིང་ལས་ཐོན་རྫས་གྲང་འཇོག་ཉར་ཚགས་མ་ལག་དང་ཞིང་ལས་ཐོན་རྫས་རྗེན་སོས་སྐྱེལ་འདྲེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྒེར་གཉེར་བཟོ་ཚོང་དུད་ཚང་གི་དོ་དམ་གྲོན་དངུལ་བསྡུ་བ་དང་ཚོང་འདུས་ཁྲོམ་རའི་དོ་དམ་གྲོན་དངུལ་བསྡུ་མཚམས་འཇོག་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། གཅིག་སྣ་གཅིག་མཐུད་སྒོ་རྩིས་ཚོང་ཁང་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་ལ་ཞིང་ལས་དང་སྒོ་རྩིས་ཚོང་ཁང་ཕན་ཚུན་མཐུད་འབྲེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་རྫས་ཐད་ཀར་ཉོ་སྒྲུབ་བྱེད་པའི་རྟེན་གཞི་འཛུགས་དགོས། གྲོང་གསེབ་ཀྱི་བར་ཁེ་བའི་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་ལས་ཐོན་ཟོག་སོས་པ་དབོར་འདྲེན་ཤར་གཏོང་ཐུབ་པའི་སྲིད་ཇུས་ཡུན་རིང་ལག་བསྟར་བྱེད་པ་དང་སྦྲགས་རིམ་བཞིན་འཐུས་ཚང་དུ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཞིང་ལས་ཐོན་ཟོག་སོས་པ་ཁྲིམས་མཐུན་གྱིས་དབོར་འདྲེན་བྱེད་པའི་རླངས་འཁོར་གྱི་གྲོན་དངུལ་མི་བསྡུ་རྒྱུར་སྐུལ་འདེད་གཏོང་དགོས།

  16.གཞི་རིམ་ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། 

ལོ3ནང་རྒྱལ་ཡོང་སུ་ཤང་གྲོང་ངམ་ཡང་ན་ས་ཁོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བའི་བླང་བྱར་གཞིགས་ནས་གང་མགྱོགས་ཀྱིས་འགན་འཁྲི་ཁ་གསལ་ཡོང་བ་དང་། དཔུང་ཁག་འཐུས་ཚང་དུ་གཏོང་བ། སྒྲིག་གཞི་འཐུས་ཚང་དུ་གཏོང་བ། འགྲོ་སོང་འགན་ལེན་བྱེད་པ་བཅས་བྱས་ནས་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་གི་གཏོང་དགོས། དོ་དམ་གྱི་སྒྲིག་གཞི་དང་སྐྱེལ་འདྲེན་གྱི་སྒྲིག་གཞི་གསར་གཏོད་བྱས་ནས་ཡོངས་བསྒྲགས་སྒོས་གདན་ཞུ་བྱེད་པ་དང་འགྲན་རྩོད་ཀྱིས་གདན་ཞུ་བྱས་ནས་ལས་གནས་ཐོག་ཞུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆེད་ལས་ལག་རྩལ་མི་སྣ་ལེགས་འདེམས་གདན་ཞུ་བྱེད་དགོས། དཔྱད་དཔོག་དང་བགོ་བཤའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཞབས་ཞུའི་མི་སྣའི་ཡོང་འབབ་དེ་ལས་གནས་ཀྱི་འགན་འཁྲི་དང་ལས་ཀའི་གྲུབ་འབྲས་ལ་གཞིགས་ནས་སྤྲོད་དགོས། ཞིང་ལས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་འགན་འཁྲི་སྒྲུབ་པར་མཁོ་བའི་འགྲོ་སོང་དེ་ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ཀྱི་ཁོངས་སུ་འཇོག་དགོས། སྡེ་བ་རིམ་པའི་ཞབས་ཞུའི་ས་ཚིགས་དང་གནས་འཛུགས་སྐྲུན་གྱི་ཚོད་ལྟར་རིམ་བཞིན་སྐུལ་འདེད་གཏོང་དགོས།

  བཞི། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོའི་ངང་འཐུས་སྒོ་ཚང་དུ་གཏོང་དགོས།

  17.གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གི་འབྲེལ་བ་བརྟན་པོ་ཡོང་བ་བྱེད་དགོས།

དུས་ཚོད་དམ་འཛིན་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་པར་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་སྔར་བས་གང་ལེགས་དང་འགན་ལེན་ཐུབ་པ་བྱས་ཏེ་ད་ཡོད་ཀྱི་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་རྒྱུན་མཐུད་ངང་བརྟན་པོ་དང་ཡུན་རིང་དུ་མི་འགྱུར་བ་བྱེད་དགོས། ས་ཞིང་འགན་གཙང་སྤྲོད་པའི་གཉེར་སྐྱོང་དབང་ཆའི་དངོས་པོའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐུན་མོང་གི་ས་ཞིང་བདག་དབང་མཐའ་གཅིག་ཏུ་ངོས་འཛིན་བྱེད་པའི་དབང་ཆ་ཐོ་འགོད་དང་ལག་འཁྱེར་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་དབང་ཁོངས་དེ་ཁྲིམས་བཅད་ཀྱི་བདག་དབང་ལག་བསྟར་གྱི་ཐུན་མོང་རྩ་འཛུགས་ལ་དོན་འཁྱོལ་བྱེད་དགོས་པ་དང་། ས་ཞིང་འགན་གཙང་སྤྲོད་པ་དང་གཉེར་སྐྱོང་དབང་ཆ་ཐོ་འགོད་ཀྱི་ཚོད་ལྟ་བྱས་ནས་འགན་གཙང་སྤྲད་པའི་ས་ཞིང་གི་རྒྱ་ཁྱོན་དང་། བར་སྟོང་གི་ས་བབ། དབང་ཁོངས་ལག་འཁྱེར་བཅས་ཞིང་དུད་ལ་དོན་འཁྱོལ་ཡོང་བ་བྱས་ཏེ། གོ་སྐབས་དང་བསྟུན་ནས་ས་ཞིང་འགན་གཙང་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ་ནན་འགོག་བྱེད་པ་དང་ཞིང་པའི་འགན་གཙང་བླངས་པའི་ས་ཞིང་ཁྲིམས་འགལ་གྱིས་བསྡུ་བའི་བྱ་སྤྱོད་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རྩྭ་ཐང་འགན་གཙང་གི་གཉེར་སྐྱོང་ལམ་ལུགས་དོན་འཁྱོལ་མགྱོགས་པོ་ཡོང་བ་བྱེད་དགོས།

  18.ས་ཞིང་འགན་གཙང་གཉེར་སྐྱོང་གི་དབང་ཆ་གཅིག་ལ་གཅིག་སྤྲོད་བྱེད་པའི་ཁྲོམ་ར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། 

ས་ཞིང་འགན་གཙང་གཉེར་སྐྱོང་གི་དབང་ཆ་གཅིག་ལ་གཅིག་སྤྲོད་ཐད་ས་ཞིང་ཐུན་མོང་ལ་དབང་བའི་ངོ་བོར་འགྱུར་ལྡོག་གཏོང་མི་ཆོག་པ་དང་། ས་ཞིང་གི་སྤྱོད་སྒོ་ལ་འགྱུར་ལྡོག་གཏོང་མི་ཆོག་པ། ས་ཞིང་འགན་གཙང་བླངས་པའི་ཞིང་པའི་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག་པ་བཅས་རེད། ཁྲིམས་ལྟར་རང་མོས་སྒོས་རིན་པ་ཡོད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཞིང་པའི་ས་ཞིང་གཅིག་ལ་གཅིག་སྤྲོད་བྱེད་པའི་གནས་བབ་གཙོ་བོར་བརྩི་བཀུར་ཞུས་ནས་རྩ་འཛུགས་དང་མི་སྒེར་གང་རུང་གིས་གཅིག་ལ་གཅིག་སྤྲོད་བྱ་རྒྱུར་བཙན་ཤེད་བྱེད་མི་ཆོག་ལ། རང་མོས་སྒོས་གཅིག་ལ་གཅིག་སྤྲོད་བྱ་རྒྱུར་ཡང་འགོག་རྐྱེན་བཟོ་ཡང་མི་ཆོག དོ་དམ་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པའི་བླང་བྱ་གཞིར་བཟུང་སྟེ་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་གཅིག་ལ་གཅིག་སྤྲོད་བྱ་རྒྱུ་ཚད་ལྡན་ཡོང་བ་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་གནས་ལ་གཅིག་ལ་གཅིག་སྤྲོད་ཀྱི་ཞབས་ཞུའི་རྩ་འཛུགས་གོང་འཕེལ་གཏོང་རྒྱུའི་སྐུལ་ལྕག་བྱས་ནས་གཅིག་ལ་གཅིག་སྤྲོད་བྱེད་མཁན་ཕྱོགས་གཉིས་ཀར་ཆ་འཕྲིན་ཤེས་རྟོགས་དང་། ཁྲིམས་ལུགས་བློ་འདྲི། རིན་གོང་ཚོད་དཔག། གན་རྒྱ་འཇོག་པ། རྩོད་གཞི་བར་འདུམ་དང་ཐག་གཅོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས།

  19.རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དང་གྲོན་ཆུང་སྒོས་ས་ཞིང་སྤྱོད་པའི་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་དགོས། 

གཞི་རྩའི་ཞིང་ཁ་དེ་ངེས་པར་དུ་ས་ཞིང་དེ་རང་ཐོག་གནས་པ་དང་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆའི་ཐོ་འགོད་ལག་འཁྱེར་ཐོག་བཀོད་པ་དང་ཆབས་ཅིག་གཅིག་གྱུར་གྱི་ཡུན་རིང་འགྱུར་བ་མེད་པའི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་གི་མཚོན་རྟགས་བཟོ་བ་དང་ས་གནས་ཀྱིས་རང་དགར་གཞི་རྩའི་ཞིང་ཁ་གནས་ཡུལ་ལ་ལེགས་སྒྲིག་བྱེད་པ་དང་། འཆར་འགོད་བྱེད་པ། འགྱུར་ལྡོག་གཏོང་བ་བཅས་བྱེད་མི་ཆོག ས་གནས་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་དཔྱད་ཞིབ་ནན་པོ་ཡོང་བ་བྱས་ནས་རྨོ་ཞིང་དང་གཞི་རྩའི་ཞིང་ཁ་སྲུང་སྐྱོང་གི་འགོ་ཁྲིད་ལས་བྱེད་པ་ལས་གནས་དང་ཁ་བྲལ་བའམ་ཡང་ན་མུ་མཐུད་ལས་འགན་འཁུར་སྐབས་ཀྱི་རྩིས་བཤེར་ལམ་ལུགས་ལག་བསྟར་བྱེད་དགོས། གཞི་རྩའི་ཞིང་ཁ་སྲུང་སྐྱོང་གི་ཁ་གསབ་སྤྲོད་པའི་ཞིབ་ཕྲའི་བྱ་ཐབས་གང་མགྱོགས་ཀྱིས་འདོན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་སྤྱོད་རྒྱུའི་ས་ཞིང་གི་སྤྱིའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱས་ནས་འཆར་འགོད་དང་། ཚད་གཞི། ཁྲོམ་ར་བཀོད་སྒྲིག གདེང་འཇོག་དང་དཔྱད་ཞིབ་སོགས་ཐད་གྲོན་ཆུང་སྒོས་ས་ཞིང་སྤྱོད་པའི་ལམ་ལུགས་སྒོ་ཀུན་ནས་འཛུགས་པ་དང་དོན་འཁྱོལ་ཡོང་བ་བྱེད་དགོས། ཤང་དང་གྲོང་རྡལ་གྱི་ས་ཞིང་བེད་སྤྱོད་ཀྱི་འཆར་འགོད་དང་ཤང་དང་གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད་གང་མགྱོགས་ཀྱིས་སྒྲིག་བཟོ་བྱས་ནས་གྲོང་ཚོ་འཛུགས་སྐྲུན་ལ་སྤྱོད་རྒྱུའི་ས་ཞིང་དང་སྡོད་ཁང་གི་རྟེན་གཞི་འཛུགས་སྐྲུན་ཚན་རིག་དང་མཐུན་པར་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། ས་ཁོངས་ཐོན་ཁུངས་ཀྱི་ཆ་རྐྱེན་གཞིར་བཟུང་སྟེ་སྡོད་ཁང་གི་རྟེན་གཞིར་སྤྱོད་རྒྱུའི་ཚད་གཞི་བཟོ་བཅོས་རྒྱག་དགོས། གྲོང་གསེབ་ཀྱི་སྡོད་ཁང་གི་རྟེན་གཞི་དང་གྲོང་ཚོ་ལེགས་སྒྲིག་བྱས་ནས་གྲོན་ཆུང་ཐུབ་པའི་ས་ཞིང་རྣམས་དང་ཐོག་བསྐྱར་སྦོལ་གྱིས་རྨོ་ཞིང་དུ་བྱེད་པ་དང་འཛུགས་སྐྲུན་ཐད་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་ཚབ་བྱེད་པའི་ཁ་གསབ་དམིགས་ཚད་ངེས་པར་དུ་ཁྲིམས་ལྟར་ལག་ལེན་བསྟར་དགོས་པ་དང་། ས་ཞིང་སྤྱོད་པའི་སྤྱིའི་འཆར་འགོད་དང་མཐུན་དགོས་པ་དང་ས་ཞིང་གི་འཆར་གཞིའི་དོ་དམ་ནང་འཇུག་དགོས། གྲོང་གསེབ་ཀྱི་ས་ཞིང་དོ་དམ་ལམ་ལུགས་སྒྱུར་བཅོས་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་ཞིབ་ཕྲ་བཏོན་རྗེས་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས།

  20.ཐུན་མོང་གི་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། 

ལོ་ལྔ་ཙམ་གྱི་དུས་ཚོད་ནང་གཞི་རྩའི་ཆ་ནས་ཐོན་ལས་ཀྱི་བདག་དབང་དང་ཁྱིམ་དུད་ལ་འགན་གཙང་སྤྲད་པའི་ཐུན་མོང་གི་ནགས་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ལས་འགན་ཁ་གསལ་བཟོ་ཐུབ་པ་བྱེད་དགོས། ཐུན་མོང་གི་ནགས་ཚལ་ཁུལ་གཉེར་སྐྱོང་བྱེད་དབང་དང་ཤིང་ནགས་ཀྱི་རང་བདག་དབང་ཆ་ཁྱིམ་དུད་ལ་སྤྲད་ཟིན་པའི་ས་གནས་ཀྱིས་ཐོན་ལས་ཀྱི་བདག་དབང་ཉོ་ཚོང་བྱེད་གཞི་ཞིག་གང་མགྱོགས་ཀྱིས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ནགས་ས་དང་ནགས་ཤིང་འཁོར་རྒྱུག་གི་ལམ་ལུགས་འཛུགས་སྐྱོང་མགྱོགས་སུ་བྱེད་པ་དང་ནགས་ཤིང་གཅོད་འབྲེག་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཁྱིམ་དུད་ལ་དོན་འཁྱོལ་བྱུང་མེད་པའི་ས་གནས་ཀྱིས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། གསོ་སྦྱོང་ཡག་པོ་བྱེད་པ། དབྱེ་མཚམས་ཀྱི་ལག་འཁྱེར་སྤྲོད་པའི་ལས་ཀ་ཡག་པོ་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་ཐུན་མོང་གི་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས། ནོར་སྲིད་ཀྱིས་ཐུན་མོང་གི་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་རང་བཞིན་གྱི་ནགས་ཚལ་ཉེན་འགོག་གི་ཚོད་ལྟ་བྱེད་དགོས། ནགས་ཚལ་ཐོན་ཁུངས་ཀྱི་རྒྱུ་ནོར་དཔྱད་དཔོག་དང་ནགས་ཚལ་གཉེར་སྐྱོང་བྱེད་ཐབས་བཟོ་བ་སོགས་ཀྱི་བར་འདུམ་ཞབས་ཞུ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས། གཞུང་ཁོངས་ནགས་ར་དང་གཙོ་གནད་ཀྱི་གཞུང་ཁོངས་ནགས་ཁུལ་གྱི་ནགས་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་དགོས།

  21.ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས། 

ཞིང་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དཔེ་སྟོན་ཁང་འཛུགས་སྐྱོང་གི་བྱ་སྤྱོད་སྤེལ་དགོས། མཉམ་ལས་ཁང་གི་མི་སྣ་གསོ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་རིམ་པ་སོ་སོའི་ནོར་སྲིད་ཀྱིས་གྲོན་དངུལ་ཐད་རྒྱབ་སྐྱོར་བྱེད་དགོས། མཉམ་ལས་ཁང་ནི་ཁྲལ་དོན་ཐོ་འགོད་ཁོངས་གཏོགས་ནང་བཅུག་སྟེ་ཁྲལ་དོན་ཐོ་འགོད་ཀྱི་མ་གནས་གྲོན་དངུལ་མི་བསྡུ་བ་བྱེད་དགོས། དངུལ་རྩའི་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱེད་པ་དང་ཆ་རྐྱེན་ལྡན་པའི་མཉམ་ལས་ཁང་གིས་རྒྱལ་ཁབ་ཀྱི་ཞིང་འབྲེལ་ལས་གཞིའི་འགན་འཁུར་བའི་ཞིབ་ཕྲའི་བྱ་ཐབས་གང་མགྱོགས་ཀྱིས་བཟོ་དགོས། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་རོགས་སྐྱོར་བྱེད་པ་དང་ཞིང་ལས་ཐོན་རྫས་ལས་སྣོན་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ་ཞིང་པ་དེ་བས་མང་བ་ཞིག་གིས་ལས་སྣོན་འཁོར་རྒྱུག་གི་རིན་ཐང་འཕར་བའི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་ཞིང་ལས་ཐོན་ལས་ཅན་གྱི་ཆེད་དོན་མ་དངུལ་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་གཙོ་གནད་ཐོག་ཞིང་དུད་སྣེ་ཁྲིད་བྱེད་ནུས་ཆེ་བའི་སྣེ་འདྲེན་ཁེ་ལས་ཀྱིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། རྟེན་གཞི་འཛུགས་སྐྲུན། སྤུས་ཚད་ལྟ་ཞིབ་ཚད་ལེན་བཅས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སྣེ་འདྲེན་ཁེ་ལས་ཀྱིས་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག་ཁག་ཐེག་མ་ལག་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། བྱ་ཐབས་ནུས་ལྡན་སྤྱད་དེ་སྣེ་འདྲེན་ཁེ་ལས་ལ་དངུལ་བུན་ལེན་དཀའ་བའི་གནད་དོན་ཐག་གཅོད་རོགས་བྱེད་དགོས།

  ལྔ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

  22.གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། 

གྲོང་གསེབ་ཀྱི་རིག་གནས་ཐད་འཇོག་པའི་འགན་ལེན་བརྟན་པོ་འཛུགས་པ་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཆ་ཚང་ཞིག་གང་མགྱོགས་སྒོས་ཆགས་པར་བྱེད་དགོས། རླུང་འཕྲིན་བརྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་དང་། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་ཐུན་མོང་ཐོག་ལོངས་སྤྱོད་བྱེད་པ། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་གྲོང་ཚོའི་རིག་གནས་ཁང་འཛུགས་སྐྲུན། གྲོང་གསེབ་ཏུ་གློག་བརྙན་སྟོན་པ། ཞིང་དུད་དཔེ་ཁང་སོགས་རིག་གནས་ལ་བརྟེན་ནས་དམངས་ལ་ཁེ་ཕན་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་ཀྱི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་རྒྱུན་སྡོད་སློབ་མར་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་བ། གྲོང་གསེབ་དགེ་རྒན་གྱི་ཐོབ་ཐང་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་དང་ཉལ་ཁང་བདེ་འཇགས་གྲལ་བཤེར་དང་བརྟན་གཏོང་། སྒྱུར་བཀོད་བཅས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་བཏང་ནས2009ལོ་ནས་བཟུང་འབྲིང་རིམ་ལས་རིགས་སློབ་གྲྭའི་གྲོང་གསེབ་ཀྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཕྲུག་དང་ཞིང་འབྲེལ་ཆེད་ལས་སློབ་ཕྲུག་གི་སློབ་ཡོན་མི་དགོས་པ་བཟོ་དགོས། རྒྱལ་ཁབ་ཀྱིས་སློབ་རོགས་དངུལ་གསར་སྣོན་བྱེད་སྐབས་གྲོང་གསེབ་ཀྱི་སློབ་མར་གཟིགས་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ནད་གཞི་ཚབས་ཆེན་ཕོག་མཁན་སྨན་ཁང་དུ་སྡོད་རྒྱུར་འགན་ལེན་བྱ་རྒྱུ་གཙོ་བོ་དང་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་གཅིག་ལྕོགས་བྱ་རྒྱུ་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྒོ་བསྟེན་སྨན་བཅོས་གཅིག་ལྕོགས་བྱ་རྒྱུ་འགན་ལེན་མཐའ་འཁྱོངས་བྱེད་པ་དང་། སྒོ་བསྟེན་སྨན་བཅོས་གཅིག་གྱུར་འཆར་འགོད་ཀྱི་ཚོད་ལྟ་བྱེད་དགོས་པ་དང་ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་དང་ཆུ་ཚད་མཐོ་རུ་གཏོང་ཆོག འཇོག་ཚད་སྔར་བས་མང་དུ་བཏང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དུས་ཚོད་དམ་འཛིན་གྱིས་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཟོས་ནས་མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་། ཐུན་མོང་གིས་གསབ་རོགས་བྱེད་པ། སྲིད་གཞུང་གིས་ཁ་གསབ་བྱེད་པ་བཅས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་འཛུགས་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཐད་ཁ་གསབ་བྱེད་ཤུགས་ཆེ་རུ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་དགོས། ཞིང་སྦོལ་ལས་བཟོའི་སྤྱི་ཚོགས་འགན་ལེན་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་ཚད་མགྱོགས་སུ་གཏོང་དགོས།

  23.གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་དགོས། 

གྲོང་གསེབ་ཀྱི་གནོད་མེད་འཐུང་ཆུའི་བཟོ་འགོད་འཛུགས་སྐྲུན་གྱི་འཆར་འགོད་ལེགས་སྒྲིག་བྱེད་པ་དང་མ་འཇོག་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭ་དང་གཞུང་ཁོངས་ཞིང(ནགས)ར་དེ་འཛུགས་སྐྲུན་ཁྱབ་ཁོངས་སུ་འཇུག་དགོས། གློག་དྲ་ནས་གློག་མཁོ་འདོན་བྱེད་པའི་མི་འབོར་ཁྱབ་ཚད་ཆེ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གློག་དྲ་དང་རིན་གོང་གཅིག་མཚུངས་ཡོང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཆུ་གློག་འཛུགས་སྐྲུན་ཐད་མ་འཇོག་བྱེད་ཚད་མང་དུ་གཏོང་བ་དང་ཆུ་གློག་ཆུང་ངུས་བུད་ཤིང་གི་ཚབ་བྱེད་པའི་འཛུགས་སྐྲུན་གཞི་ཁྱོན་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་སྟེ2010ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་ཤར་དབུས་ས་ཁུལ་གྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཆ་ཚང་བའི་སྡེ་བ་སྣུམ་ནག(ཨར་འདམ)ལམ་ཤར་གཏོང་དང་ནུབ་རྒྱུད་ས་ཁུལ་གྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཆ་ཚང་བའི་སྡེ་བར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་སྤྱིར་ན་མངོན་འགྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་ས་ཁུལ་གྱི་གྲོང་གསེབ་ཏུ་གཞུང་ལམ་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཐད་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལམ་ལུགས་བཟོ་དགོས། གྲོང་གསེབ་ཀྱི་རྫབ་རླངས་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་སོག་མ་སྲ་གཟུགས་སུ་འགྱུར་བ་དང་རླངས་འགྱུར་གྱི་ཚོད་ལྟའི་དཔེ་སྟོན་བྱེད་རྒྱ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་དགོས། གཞུང་ཁོངས་ནགས་ཁུལ་དང་གསར་སྦོལ་ས་ཁུལ་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བྱེད་ཚད་མགྱོགས་སུ་གཏོང་བ་དང་། འབྲོག་པའི་གནས་གཏན་འཁེལ་གྱི་བཟོ་འགོད་ལག་ལེན་བསྟར་བ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས།

  24.གྲོང་གསེབ་ཀྱི་ངལ་རྩོལ་པ་ལས་ཞུགས་བྱེད་རྒྱ་ཆེ་རུ་ཧུར་ཐག་གིས་གཏོང་དགོས། 

དེང་སྐབས་ཞིང་པ་ཞོར་ལས་པ་ལས་ཞུགས་བྱེད་དཀའ་བ་དང་གླ་ཆ་ཉུང་དུ་ཕྱིན་པ་སོགས་ཀྱི་གནད་དོན་ལ་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཚད་ཆེ་ཤོས་ཀྱི་ཐོག་ནས་ཞིང་པ་ཞོར་ལས་པ་བཀོད་སྒྲིག་ཡག་པོ་བྱེད་པ་དང་ཞིང་པའི་ལས་ཞུགས་ཡོང་འབབ་འཕར་གང་ཐུབ་བྱེད་དགོས། ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པར་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་ཞིང་པ་ཞོར་ལས་པ་མང་ཙམ་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཀྱིས་གླ་ཆ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུར་ལྟ་སྐུལ་དང་ངལ་རྩོལ་གླ་ཆའི་ཐད་ཀྱི་རྩོད་གཞི་ཐག་གཅོད་འོས་འཚམས་བཅས་བྱེད་དགོས། ཐོན་སྐྱེད་དང་གཉེར་སྐྱོང་ཐད་གནས་སྐབས་ཀྱི་དཀའ་ངལ་ལ་འཕྲད་པའི་ཁེ་ལས་ལ་བབ་བསྟུན་ངང་གླ་པ་སྤྱོད་པ་དང་། ལས་ཀར་གཞིགས་ཏེ་ལས་དུས་གཏན་འཁེལ་བྱེད་པ། ལས་གནས་ཐོག་གསོ་སྦྱོང་བྱེད་པ་བཅས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གནས་བརྟན་པོ་ཡོང་བ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ལས་གནས་གསར་སྣོན་བྱེད་སྐབས་ཞིང་པ་ཞོར་ལས་པ་གང་མང་བེད་སྤྱོད་གཏོང་དགོས། རྒུད་གསབ་ལས་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་པ་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་པར་སྣེ་ཁྲིད་བྱེད་དགོས། ཕྱིར་གཏོང་ཁུལ་དང་ནང་འདྲེན་ཁུལ་གྱི་སྲིད་གཞུང་དང་ཁེ་ལས་ཚང་མས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ་གཞི་ཁྱོན་ཆེ་བའི་དམིགས་སའི་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་བའི་ཞིང་པ་ཞོར་ལས་པར་རྩལ་ནུས་གསོ་སྦྱོང་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ལས་ཀ་ཤོར་བའི་ཞིང་པ་ཞོར་ལས་པ་འབྲེལ་ཡོད་ཀྱི་ལས་ཞུགས་སྲིད་ཇུས་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇུག་ཆོག ཞིང་པ་ཞོར་ལས་པ་རང་ཡུལ་དུ་ལོག་སྟེ་ལས་ཀ་གསར་གཏོད་བྱེད་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་དངུལ་བུན་གཏོང་སྤྲོད་དང་། ཁྲལ་གྲོན་ཇེ་ཉུང་དང་རྩ་ཆག་གཏོང་བ། བཟོ་ཚོང་ཐོ་འགོད། ཆ་འཕྲིན་བློ་འདྲི་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་དགོས། རང་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ཞོར་ལས་པའི་ཁྲིམས་ལུགས་དང་མཐུན་པའི་ས་ཞིང་འགན་གཙང་བླངས་པའི་དབང་ཆ་འགན་ལེན་བྱེད་པ་དང་། འཚོ་རྟེན་མེད་པའི་རང་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ཞོར་ལས་པར་གནས་སྐབས་ཀྱི་སྐྱོབ་རོགས་མཁོ་འདོན་བྱེད་པའམ་ཡང་ན་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱེད་ཁོངས་སུ་འཇུག་དགོས། དུས་མཚུངས་སུ་ཞིང་ལས་ནང་ཁུལ་གྱི་ལས་ཞུགས་ཐད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་ཞིང་ལས་མིན་པའི་ལས་ཞུགས་བྱེད་ཁོངས་ཆེ་རུ་གཏོང་བ། ཞིང་པར་ཉེ་འཁོར་དང་ས་ཆ་དེ་གར་ལས་ཀ་གསར་གཏོད་བྱེད་པར་སྐུལ་བསྟོད་བཅས་བྱེད་དགོས། དུས་ཚོད་དམ་འཛིན་གྱིས་ཞིང་པའི་ཞོར་ལས་པའི་ཁྱད་ཆོས་དང་མཐུན་པའི་རྒན་གསོ་འགན་བཅོལ་བྱ་ཐབས་བཟོས་ནས་རྒན་གསོ་འགན་བཅོལ་གྱི་འབྲེལ་བ་སྤྱི་ཚོགས་འགན་ལེན་གཅིག་གྱུར་འཆར་འགོད་ས་ཁུལ་ལས་བརྒལ་ཏེ་གཞན་འགྱུར་རྗེས་མཐུད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཞིང་པ་ཞོར་ལས་པ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་ལུགས་འཛུགས་དགོས།

  25.གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅསོ་སྒྱུར་ལ་སྐུལ་འདེད་གཏོང་དགོས། 

སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་འབད་བརྩོན་ཆེན་པོས་ཆེ་རུ་གཏོང་བ་དང2012ལོར་བཅོས་སྒྱུར་ལས་འགན་སྤྱིར་ན་ལེགས་སྒྲུབ་ཡོང་རྒྱུའི་བླང་བྱ་གཞིར་བཟུང་སྟེ་ཤང་གྲོང་གི་སྒྲིག་གཞིབཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། "ཤང་གི་ནོར་སྲིད་རྫོང་གིས་དོ་དམ་བྱེད་པའི"བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་རྫོང་དང་ཤང་ནོར་སྲིད་ཀྱིས་ཞིང་འབྲེལ་མ་དངུལ་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལོ་གསུམ་ཙམ་གྱི་དུས་ཚོད་སྤྱད་དེ་མ་དངུལ་བརྟན་པོ་དང་། དོ་དམ་ཚད་ལྡན། འགན་ལེན་ནུས་ལྡན་བཅས་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་འཁོར་རྒྱུག་གི་འགྲོ་གྲོན་འགན་ལེན་བྱེད་པའི་ནང་རྐྱེན་རིམ་བཞིན་འཛུགས་རྒྱུ་བརྩོན་ལེན་བྱེད་དགོས། ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་དོན་རེར་གྲོས་མོལ་བྱེད་པའི་ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་པ་དང་། ཀྲུང་དབྱང་དང་ཚོད་ལྟ་བྱེད་པའི་ས་ཁུལ་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཚོད་ལྟ་བྱེད་པར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་དགོས། ཤང་དང་སྡེ་བའི་བུ་ལོན་བརྟན་པོའི་ངང་སེལ་གང་ཐུབ་བྱས་ཏེ2010ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་བུ་ལོན་སེལ་རྒྱུ་སྤྱིར་ན་ལེགས་སྒྲུབ་ཡོང་བ་བྱེད་པ་དང་། ཞིང་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་བྱ་རྒྱུ་མུ་མཐུད་དུ་གདམ་ག་བྱེད་པ་ལས་བྱུང་བའི་ཤང་དང་སྡེ་བའི་བུ་ལོན་སེལ་ཐབས་ཐད་ཀྱི་ཚོད་ལྟ་བྱེད་དགོས།

  26.རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། 

ནོར་སྲིད་ཀྱི་ཡོང་འབབ་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་བྱས་ནས་རྫོང་དང་ཤང་གི་ནོར་སྲིད་ཀྱི་སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤོ་གཏོང་སྤྲོད་བྱེད་ཚད་མང་དུ་བཏང་སྟེ་ཞིང་ཆེན་མན་གྱི་ནོར་སྲིད་བགོ་བཤའི་ཁྲོད་ཀྱི་རྫོང་རིམ་པའི་ནོར་སྲིད་ཀྱི་བསྡུར་གྲངས་རིམ་གྱིས་མཐོ་རུ་བཏང་ཐོག རྫོང་དང་ཤང་གི་ནོར་སྲིད་ཀྱི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། ཞིང་ཆེན་གྱིས་རྫོང(གྲོང་ཁྱེར)གི་ནོར་སྲིད་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་ཐད་ཀར་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་ནས་འབྲུ་རིགས་དང་། སྐེ་ཚེ། སྲིང་བལ། ཕག་བཅས་ཐོན་སྐྱེད་རྫོང་ཆེན་ཡོངས་རྫོགས་སྒྱུར་བཅོས་ཁྱབ་ཁོངས་སུ་འཇུག་དགོས། དབང་ཆ་ཆེར་གཏོང་དང་རྫོང་སྟོབས་ཆེར་གཏོང་བའི་ཚོད་ལྟའི་བཅོས་སྒྱུར་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཆ་རྐྱེན་འཛོམས་པའི་ཞིང་ཆེན་དུ་སྔོན་ལ་སྲིད་འཛིན་གོ་རིམ་ཉུང་དུ་བཏང་སྟེ་ཞིང་ཆེན་གྱིས་ཐད་ཀར་རྫོང(གྲོང་ཁྱེར)ལ་དོ་དམ་བྱེད་པའི་སྒྲིག་སྲོལ་ཁྲིམས་ལྟར་འཚོལ་ཞིབ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་མི་འབོར་བསྡུ་ལེན་བྱེད་ནུས་ཆེ་བའི་ཚོང་འདུས་གྲོང་སྡེར་མ་དངུལ་འཇོག་པར་མཆན་འགོད་དང་། བཟོ་ཚོང་དོ་དམ། སྤྱི་ཚོགས་བདེ་འཇགས་སོགས་ཐད་སྲིད་འཛིན་དོ་དམ་བྱེད་པའི་དབང་ཚད་ཁྲིམས་ལྟར་སྤྲོད་དགོས། ཤང་གྲོང་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱིས་ལག་རྩལ་སྒྱུར་བཀོད་ཐད་ཀྱི་གཏོང་ཆ་མང་དུ་བཏང་ནས་ཐོན་ལས་གཅིག་སྡུད་དང་རིམ་སྤར་ལ་སྐུལ་འདེད་གཏོང་དགོས།

  27.གྲོང་གསེབ་ཀྱི་ཁྲོམ་ར་རྒྱ་ཆེར་ཧུར་ཐག་གཏོང་དགོས། 

འཁོར་རྒྱུག་ཁེ་ལས་དང་ཐོན་སྐྱེད་ཁེ་ལས་མཉམ་ལས་ཀྱིས་ས་ཁོངས་རང་བཞིན་གྱི་གྲོང་གསེབ་ཀྱི་ཚོང་ཟོག་ཉོ་སྒྲུབ་མནའ་འབྲེལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་དེང་རབས་ཀྱི་འགྲོ་རྒྱུག་བྱེད་སྟངས་ལ་བརྟེན་ནས་གྲོང་གསེབ་ཀྱི་རྒྱུན་སྤྱོད་འཛད་སྤྱོད་དངོས་ཟོག་འཁོར་རྒྱུག་དྲ་སྦྲེལ་འཛུགས་པ་དང་སྒྱུར་བཀོད་བྱེད་པ་དང་། "ཞིང་དུད་ཚོང་ཁང"གི་ཁྱབ་ཚད་རྒྱ་ཆེར་གཏོང་བ། ཚོང་ཟོག་འདྲེན་གཏོང་བྱེད་ཚད་དང་གཅིག་གྱུར་བསྡོམས་རྩིས་རྒྱག་ཚད་གཙོ་གནད་ཐོག་མཐོ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཁྱད་ཆོས་དང་མཐུན་པའི་འཚོ་བའི་འཛད་སྤྱོད་དངོས་རྫས་དང་འཛུགས་སྐྲུན་རྒྱུ་ཆ་འཆར་འགོད་དང་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། 2009ལོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ"ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་སྐྱེལ་བའི"བྱེད་སྒོ་སྤེལ་ནས་ཞིང་པས་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། འཁྱགས་སྒམ། ལག་འཁྱེར་ཁ་པར། གོས་འཁྲུད་འཕྲུལ་འཁོར་སོགས་དམིགས་གཏན་འཁེལ་བའི་ཁྱིམ་སྤྱོད་གློག་ཆས་ཀྱི་རིགས་ཉོས་པར་རྒྱལ་ཁབ་ཀྱིས་ཐོན་ཟོག་ཕྱིར་འཚོང་གི་རིན་གོང་ལྟར་བསྡུར་ཚད་ངེས་ཅན་གྱི་ཐོག་ནས་ཐད་ཀའི་ཁ་གསབ་སྤྲོད་པ་དང་སྦྲགས་དགོས་མཁོར་གཞིགས་ནས་ཁ་གསབ་སྣ་ཁ་མང་དུ་གཏོང་རྒྱུ་ཡིན་པ་དང་། གཞི་རིམ་དུ་བསྐྱལ་བའི་ཁྱིམ་སྤྱོད་གློག་ཆས་ཀྱི་སྤུས་ཚད་འགན་ལེན་བྱེད་པ་དང་ཕྱིར་འཚོང་བྱས་རྗེས་ཀྱི་ཞབས་ཞུ་ཡག་པོ་བྱེད་དགོས། ཞིང་སྤྱོད་ཡོ་བྱད་ཐོན་འཚོང་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རྫས་ལུད་ཐོན་སྐྱེད་ལ་རོགས་སྐྱོར་བྱེད་པ་དང་ཟོག་དཀོན་དུས་ཚིགས་སུ་གྲབས་གསོག་བྱེད་ཚད་མང་དུ་བཏང་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས། མཁོ་འཚོང་མཉམ་ལས་ཁང་དང་། སྦྲག་སྲིད། ཚོང་དོན་ཁེ་ལས་བཅས་དང་དེ་བཞིན་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཀྱིས་ཞིང་སྤྱོད་ཡོ་བྱད་མུ་འབྲེལ་གཉེར་ཚོང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས་ཞིང་སྤྱོད་ཡོ་བྱད་ཡིད་རྟོན་ཕྱིར་འཚོང་ཁྱབ་སྤེལ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་པར་མགོ་སྐོར་གཏོང་བ་དང་ཞིང་པར་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

  28.རྒྱལ་ཁབ་ཀྱི་དབུལ་སྐྱོར་འཐབ་ཇུས་དང་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། 

གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པའི་བྱ་ཐབས་བཟོ་དགོས། དབུལ་སྐྱོར་གྱི་ཚད་གཞི་གསར་པ་ལག་ལེན་བསྟར་ཏེ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་མེད་པའི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མི་དང་ཡོང་འབབ་དམའ་བའི་མིར་དབུལ་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ལྟོ་གོས་ཀྱི་གནད་དོན་གང་མགྱོགས་བརྟན་པོའི་ངང་ཐག་གཅོད་བྱེད་པ་དང་འབྲེལ་དབུལ་ཐར་ཕྱུག་འགྱུར་ཡོང་བ་བྱས་ནས་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མིའི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་གཙོ་གནད་དུ་ཆེ་རུ་གཏོང་དགོས། དབུལ་སྐྱོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྡེ་བ་ཧྲིལ་པོར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་ཅན་གྱི་དབུལ་སྐྱོར་ཆུ་ཚད་མཐོ་རུ་གཏོང་དགོས། གསར་བརྗེའི་རྟེན་གཞི་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ལ་དབུལ་སྐྱོར་གསར་སྤེལ་བྱ་རྒྱུར་དམིགས་བསལ་གྱིས་སྔོན་ལ་རྒྱབ་སྐྱོར་བྱས་ཏེ་དབུལ་སྐྱོར་གནས་སྤོ་བྱ་རྒྱུ་ཧུར་བརྩོན་དང་བརྟན་པོའི་ངང་བྱེད་པ་དང་དམིགས་བསལ་རིགས་ཀྱི་དབུལ་པོའི་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། ལས་རིགས་ཀྱི་དབུལ་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་དབུལ་སྐྱོར་བྱ་གཞག་ནང་ཞུགས་རྒྱུར་སྐུལ་སློང་མུ་མཐུད་དུ་བྱེད་པ་དང་དབུལ་པོའི་རིགས་གནས་པར་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ཧུར་ཐག་གིས་སྤེལ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་དང་སྲིད་གཞུང་གི་ལས་དོན་ཡོངས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཏན་ཏིག་ངང་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས། གྲོང་གསེབ་ལ་འཛིན་པའི་ཏང་གི་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་གྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བའི་བླང་བྱ་གཞིར་བཟུང་སྟེ་འབྲུ་རིགས་ཐོན་སྐྱེད་དང་། ཞིང་པའི་ཡོང་འབབ་འཕར་སྣོན། རྨོ་ཞིང་སྲུང་སྐྱོབ། ཁོར་ཡུག་བཅོས་སྐྱོང་། མཐུན་སྦྱོར་བརྟན་ལྷིང་བཅས་ས་གནས་དང་ལྷག་པར་དུ་རྫོང(གྲོང་ཁྱེར)གི་འགོ་ཁྲིད་ཚན་ཁག་གི་གྲུབ་འབྲས་དང་ལས་ཆོད་ལ་ཞིབ་དཔྱད་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམིགས་ཚད་མགྱོགས་ནས་མྱུར་དུ་གཏན་འཁེལ་བྱེད་པ་དང་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྲོག་ཤིང་དུ་བྱེད་པའི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཆ་ཚང་སྡེབ་སྒྲིག་གི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྡེ་བ་ཏང་འཛུགས་སྐྱོང་གི་རིམ་གསུམ་མཉམ་གཏོད་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། སྡེ་བ་ཏང་རྩ་འཛུགས་བཀོད་སྒྲིག་བྱེད་སྟངས་གསར་གཏོད་བྱེད་པ་བཅས་བྱས་ནས་གྲོང་གསེབ་ཀྱི་ཏང་གི་རྩ་འཛུགས་ཁྱབ་རྒྱ་དང་ལས་དོན་ཁྱབ་རྒྱ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཏང་ཡོན་ལ་དོ་དམ་སྟབས་བསྟུན་གྱི་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པ་ཞོར་ལས་པའི་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། ཏང་ཡོན་གྱི་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱེད་པ་དང་ལས་གནས་ལ་བརྟེན་ནས་ཁས་ལེན་བྱེད་པ་སོགས་བྱེད་སྒོའི་འདྲེན་བྱེད་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ལ་འཛིན་པའི་ཏང་གི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ཞིང་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ནན་ཏན་གྱིས་ཐག་གཅོད་བྱེད་དགོས། སྡེ་བ་ཏང་རྩ་འཛུགས་ཀྱི་འོས་སྦྱོར་གཉིས་དང་འདེམས་བསྐོ་གཅིག་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཐད་འདེམས་ལམ་ལུགས་དང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་ལས་བྱེད་པའི་ཡོང་ཁུངས་ཆེ་རུ་ཤུགས་ཆེན་གཏོང་བ་དང་། མཐོ་རིམ་སློབ་ཐོན་སློབ་མ་གྲོང་སྡེ་ལས་འགན་འཁུར་བར་ཡོང་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གྲོང་སྡེ་རེར་སློབ་གྲྭ་ཆེ་མོ་བ་རེ་ཡོད་པ་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཕུགས་ཕན་ནང་རྐྱེན་དང་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། གསོ་སྐྱོང་དང་གདམ་གསེས་ཀྱི་ནང་རྐྱེན་གསར་གཏོད་བྱས་ཏེ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ལེགས་འདེམས་དྲག་བསྐོ་བྱེད་དགོས། འགན་འཁྲི་དང་དམིགས་ཚད་གཏན་འཁེལ་བྱེད་པ་དང་ལས་ཀར་ལུགས་མཐུན་གྱི་ཐོབ་ཐང་ཡོད་པ་དང་། ལས་ཀ་ཡག་པོ་བྱེད་མཁན་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡོད་པ། ལས་གནས་ནས་བྲལ་ཚེ་འགན་ལེན་ངེས་གཏན་ཡོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས་ས་གནས་དེ་གའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཆ་སྙོམས་ཡོང་འབབ་ཆུ་ཚད་ལས་མི་དམའ་བའི་ཐོག གྲོང་སྡེ་ལས་བྱེད་པའི་རྩ་བའི་གླ་ཆ་གཏན་འཁེལ་བཟོ་དགོས་པ་དང་འབྲེལ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བྱས་རྗེས་དཔྱད་ཞིབ་ཀྱིས་བྱ་དགའ་སྤྲོད་པའི་ལམ་ལུགས་འཛུགས་པ་དང་། གྲོང་གསེབ་ཀྱི་ལས་བྱེད་པའི་རྒན་གསོའི་འགན་ལེན་གནད་དོན་རིམ་གྱིས་ཐག་གཅོད་བྱེད་པ། གྲོང་སྡེའི་ཕུལ་བྱུང་ལས་བྱེད་པའི་ཁྲོད་ནས་ཤང་གྲོང་འགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བྱེད་པ་དང་། ཤང་གྲོང་གི་གཞུང་ལས་པ་ཡིག་རྒྱུགས་བཏང་ནས་བསྡུ་བ། ཤང་གྲོང་གི་བྱ་གཞག་སྒྲིག་ཁོངས་མི་སྣ་གདན་ཞུ་བྱེད་པ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོ་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་གསེབ་ཀྱི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་སྲིད་དོན་ཡོངས་བསྒྲགས་བྱེད་པ་དང་། སྡེ་དོན་ཡོངས་བསྒྲགས་བྱེད་པ། ཏང་དོན་ཡོངས་བསྒྲགས་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ལ་མཐོང་ཆེན་བྱས་ཏེ་གྲོང་གསེབ་ཀྱི་ས་ཞིང་བསྡུ་ལེན་དང་། ཁོར་ཡུག་སྦགས་བཙོག་ཡུལ་མི་གནས་སྤོ། ཐུན་མོ་གི་རྒྱུ་ནོར་ཐག་གཅོད་བཅས་ལས་ཐོན་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་འོས་འཚམས་བྱེད་པ་དང་། གྲོང་གསེབ་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལས་ཀ་ཡག་པོ་བྱེད་པ། ཆོས་ལུགས་དང་རིགས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་སྤྱི་པའི་ལས་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་དང་བཀག་འགོག་བྱེད་པ། ས་ཁོངས་ཕྱིའི་དགྲར་འཛིན་ཕྱོགས་གཏོགས་ཀྱིས་གྲོང་གསེབ་ལ་སིམ་འཛུལ་བྱེད་པར་ཉེན་ཟོན་ནན་པོ་བྱེད་པ་བཅས་བྱས་ནས་གྲོང་གསེབ་སྤྱི་ཚོགས་ཀྱི་མཐུན་སྦྱོར་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས། 2009ལོའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པས། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་གསར་གཏོད་ཡར་བརྩོན་བྱེད་པ་དང་། ལས་ཀ་ཏན་ཏིག་གིས་བྱེད་པ། དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་བྱེད་པ་བཅས་བྱས་ཏེ་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།