ཀྲུང་གུང་ཀྲུང་དབྱང་གི་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི(2009)ཡིག་ཆ་ཨང1པ།(སྟོད་ཆ)

ཀྲུང་སྤེལ〔2009〕ཡིག་ཨང1པ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2009ལོར་ཞིང་ལས་འཕེལ་རྒྱས་བརྟན་པོ་འགྲོ་བ་དང་ཞིང་པའི་ཡོང་འབབ་བསྟུད་མར་འཕར་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ།

ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱིའི་བཀོད་སྒྲིག་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་འགོ་བཙུགས་ཏེ། རང་རྒྱལ་གྱི་གྲོང་གསེབ་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་དུས་བབ་གསར་པའི་འོག་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་རྩ་འཛིན་བཟོས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་འགྲོ་ལམ་ཐོག་སྐྱོད་པ། བློ་བརྟན་འགྱུར་མེད་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གཞི་གཅིག་ཅན་གྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པ་བཅས་བྱས་ནས《གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་བཏོན་པའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དོན་ཐོག་ཏུ་ཏན་ཏིག་གིས་འཁྱོལ་བར་བྱེད་དགོས། 2008ལོར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་རང་བྱུང་གི་གནོད་འཚེ་ཆེན་པོ་ལས་རྣམ་པར་རྒྱལ་ནས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད། ཞིང་ལས་ཐོན་སྐྱེད་ཐད་སླར་ཡང་ལོ་ལེགས་བྱུང་བ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཐད་སླར་ཡང་མཐོ་ཚད་གསར་པ་བཏོད་པ། ཞིང་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་བ། གྲོང་གསེབ་ཀྱི་སྤྱི་པའི་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་ཀྱི་ཏང་ཡོན་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་མུ་མཐུད་ལེགས་སུ་ཕྱིན་པ་བཅས་བྱུང་ཡོད། ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་བཟང་པོས་ཏང་དང་རྒྱལ་ཁབ་ཀྱིས་གྲུབ་འབྲས་ཐོབ་པའི་ངང་བྱ་བ་ཆེན་པོ་སྒྲུབ་རྒྱུ་དང་དཀའ་གནད་ཆེ་བའི་གནད་དོན་ལ་ཁ་གཏད་འཚམ་པོས་འཇལ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་དང་། དཔལ་འབྱོར་བརྟན་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་རྒྱུན་མཐུད་ངང་མཆེད་བཞིན་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་མངོན་གསལ་དོད་པོས་ཇེ་དལ་དུ་འགྲོ་བཞིན་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་ལ་ཞོར་གཏོགས་ཀྱི་ཤུགས་རྐྱེན་ཕོག་ཚད་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་རྡབ་རྡེག་བྱུང་ཚད་རྒྱུན་ཆད་མེད་པར་མངོན་གསལ་དུ་འགྲོ་བཞིན་ཡོད། 2009ལོ་ནི་དུས་རབས་གསར་པ་ཤར་ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་དཀའ་ཤོས་ཀྱི་ལོ་ཞིག་ཡིན་སྲིད་ལ། ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་བཟང་པོ་སྲ་བརྟན་གཏོང་དཀའ་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་སྲིད། ཞིང་ལས་ཐད་ལོ་ལྔ་བསྟུད་མར་ཐོན་འཕར་བྱུང་བའི་གཞི་གྲངས་མཐོན་པོ་དེའི་ཐོག་འབྲུ་རིགས་བརྟན་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལས་འགན་དེ་བས་ལྕི་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་ཡོངས་ཁྱབ་ཏུ་ཆག་པའི་རྣམ་པའི་འོག་ཞིང་ལས་ཐོན་རྫས་རིན་གོང་གི་ལུགས་མཐུན་ཆུ་ཚད་རྒྱུན་འཁྱོངས་བྱེད་པའི་དཀའ་གནད་དེ་བས་མངོན་གསལ་དོད་པ། སྤྱི་ཚོགས་ཡོངས་ཀྱིས་བཟའ་བཅའི་སྤུས་ཚད་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་རྣམ་པའི་ཁྲོད་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་དང་བདག་གཉེར་ཉེན་ཁ་ལས་གཡོལ་བའི་འདུན་པ་དེ་བས་ཁ་ཚ་དགོས་གཏུགས་ཡིན་པ། མིག་སྔར་ཞིང་པ་ཞོར་ལས་པའི་ལས་ཞུགས་ཀྱི་དུས་བབ་ཛ་དྲག་ཆེ་པའི་གནས་ཚུལ་འོག་ཞིང་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་བ་རྒྱུན་འཁྱོངས་བྱ་རྒྱུའི་ཐད་ཀྱི་ཚོད་འཛིན་དེ་བས་མངོན་གསལ་དོད་པ་བཅས་ཡོད། ངེས་པར་དུ་ཉེན་ཁའི་འདུ་ཤེས་ཆེ་རུ་ཏན་ཏིག་གིས་གཏོང་བ་དང་། དཀའ་ངལ་ལ་ཚོད་དཔག་གང་ལེགས་བྱེད་པ། གོ་སྐབས་དམ་འཛིན། འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ་འབྲུ་རིགས་ཀྱི་ཐོན་སྐྱེད་ཆག་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཞིང་པའི་ཡོང་འབབ་འཕར་ཆག་ཡོང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་ངང་གྲོང་གསེབ་ཀྱི་སྤྱི་ཚོགས་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱེད་དགོས། 2009ལོའི་གྲོང་གསེབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དེ་གྲོང་གསེབ་ཏུ་ཡོད་པ་དང་། དཔལ་འབྱོར་བརྟན་འཇགས་དང་ཅུང་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་འདེགས་རྟེན་དེ་ཞིང་ལས་ཕྱོགས་སུ་ཡོད་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་གཙོ་གནད་དང་དཀའ་གནད་ཞིང་པའི་ནང་དུ་ཡོད་པ་ཡིན། 2009ལོའི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་པོ་དང་མགྱོགས་ཙམ་གྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་འབྲུ་རིགས་བརྟན་པོ་དང་། ཡོང་འབབ་འཕར་སྣོན། རྨང་གཞི་བརྟན་པ། དམངས་འཚོར་གཙིགས་ཆེན་བཅས་ལ་དམིགས་པ་དང་། ཞིང་ཕན་སྲིད་ཇུས་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཚན་རིག་གི་འདེགས་རྟེན་ཆེ་རུ་གཏོང་བ། མ་དངུལ་གཏོང་ཤུགས་མང་དུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་བཟང་སྒྲིག་བྱེད་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ཞོར་ཐོན་རྫས་གཙོ་བོ་མཁོ་སྤྲོད་ཐུབ་རྒྱུ་འགན་ལེན་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་འགན་ལེན་ནུས་ལྡན་བྱ་རྒྱུ་དེ་ཡིན།

གཅིག ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

1.ཞིང་ལས་དང་གྲོང་གསེབ་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ནང་མཁོ་རྒྱ་ཆེར་གཏོང་བ་དང་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ"ཞིང་གསུམ"དེ་མ་དངུལ་གཏོང་ཡུལ་གཙོ་གནད་དུ་བྱེད་དགོས། རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་མ་དངུལ་གཏོང་ཤུགས་དེ་བས་མང་དུ་གཏོང་དགོས་པ་དང་། སྔོན་རྩིས་ནང་གི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་པ་ལས་ཞིང་ལས་དང་གྲོང་གསེབ་ལ་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས་པ། གསར་འཕར་རྒྱལ་བུན་སྤྱོད་རྒྱུ་དེ"ཞིང་གསུམ"ལ་ཕྱོགས་པ་བཅས་བྱེད་དགོས། སྲིད་གཞུང་གི་ས་ཞིང་ནང་བཤུག་གཏོང་བའི་ཕན་འབྲས་དང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་གསར་འཕར་ཡོང་འབབ་ཞིང་ལས་ཐོག་སྤྱོད་པའི་བསྡུར་ཚད་ཆེས་ཆེར་མཐོ་རུ་གཏོང་བ་དང་། རྨོ་ཞིང་བཟུང་སྤྱོད་ཀྱི་དཔྱ་ཁྲལ་མཐོ་རུ་བཏང་རྗེས་ཀྱི་གསར་འཕར་ཡོང་འབབ་ཚང་མ་ཞིང་ལས་ཐོག་སྤྱོད་པ་དང་། ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་དེ་གཙོ་བོ་ཞིང་ལས་ཀྱི་ས་ཞིང་གསར་སྤེལ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐོག་སྤྱོད་དགོས། དབུས་ནུབ་ས་ཁུལ་གྱི་གྲོང་གསེབ་ཀྱི་སྤྱི་པའི་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེས་ཆེར་མང་དུ་གཏོང་བ་དང་། 2009ལོ་ནས་བཟུང་རྒྱལ་ཁབ་ཀྱིས་དབུས་ནུབ་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་ཉེན་ཡོད་ཆུ་མཛོད་བརྟན་དུ་གཏོང་བ་དང་། སྣོད་བཅུད་འཛུགས་སྐྱོང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས། ཆུ་འདྲེན་ཁུལ་ཆེ་འབྲིང་གི་ཆ་ཚང་སྡེབ་སྒྲིག་གི་སྒྱུར་བཀོད་སོགས་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་ལས་གཞི་ཐད་ཀྱི་རྫོང་དང་རྫོང་རིམ་པ་མན་གྱི་ལྷན་ཐབས་མ་དངུལ་མེད་པར་བཟོ་དགོས། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་དཔྱ་ཁྲལ་གསར་འཕར་ཁག་གཙོ་བོ་གྲོང་གསེབ་ཀྱི་འཛུགས་སྐྲུན་འཆར་འགོད་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ཐད་སྤྱོད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་མ་དངུལ་གཏོང་འཇོག་ཀུང་སི་དང་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་ཐེབས་རྩ་འཛུགས་ཆོག

2.ཞིང་ལས་ཀྱི་ཁ་གསབ་ཆེས་ཆེར་མང་དུ་གཏོང་དགོས། ལོ་གོང་མར་ཁ་གསབ་ཆེས་ཆེར་མང་དུ་བཏང་བའི་རྨང་གཞིའི་ཐོག2009ལོར་ཁ་གསབ་མ་དངུལ་སྔར་བས་མང་དུ་གཏོང་རྒྱུ་དང་འབྲུ་འདེབས་ཞིང་པའི་ཐད་ཀའི་ཁ་གསབ་མང་དུ་གཏོང་དགོས། འབྲུ་འདེབས་ཐད་ཁ་གསབ་བྱེད་ཤུགས་མང་དུ་བཏང་ནས་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ་དང་བསྟུན་ཏེ་ཆུ་འབྲས་དང་། གྲོ། མ་རྨོས་ལོ་ཏོག སྲིང་བལ་བཅས་ལ་ཁྱབ་པ་བྱེད་དགོས་པ་མ་ཟད། སྐེ་ཚེ་དང་སྲན་ཆེན་སོན་བཟང་གི་ཁ་གསབ་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས། གཞི་ཁྱོན་ཆེན་པོས་ཞིང་སྤྱོད་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་ཁ་གསབ་མང་དུ་བཏང་ནས་སྔོན་ཐོན་སྤྱོད་བདེ་དང་། ལག་རྩལ་བྱང་ཆུབ་པ། བདེ་འཇགས་བློས་འགེལ་ཆོག་པ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། ཞབས་ཞུ་ཆ་ཚང་བ་བཅས་ཀྱི་ཞིང་སྤྱོད་འཕྲུལ་ཆས་ཁ་གསབ་བྱ་རྒྱུའི་མིང་ཐོའི་ནང་བཞག་སྟེ་ཁ་གསབ་ཀྱི་ཁྱབ་ཁོངས་དེ་རྒྱལ་ཡོངས་ཀྱི་ཞིང་ཕྱུགས་ལས་རྫོང(ར་བ)ཡོད་དོ་ཅོག་ལ་ཁྱབ་པ་བྱེད་པ་དང་འབྲེལ་ཞིང་སྤྱོད་འཕྲུལ་ཆས་ཡོངས་ཁྱབ་ཏུ་སྤྱོད་རྒྱུ་དང་ཞིང་འཕྲུལ་བཟོ་ལས་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཞིང་ལས་རྒྱུ་ཆར་ཕྱོགས་བསྡུས་སྒོས་ཁ་གསབ་བྱེད་ཚད་མང་དུ་བཏང་ནས་སྟབས་བསྟུན་གྱིས་ཁ་གསབ་ལེགས་སྒྲིག་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ཞིང་ལས་ཐོན་སྐྱེད་མ་གནས་ཀྱི་ཕན་འབྲས་ལ་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འབྲེལ་ཞིང་ལས་རྒྱུ་ཆའི་རིན་གོང་འཕར་ཚད་དང་ཞིང་ལས་ལོ་ཏོག་དངོས་སུ་འདེབས་པའི་རྒྱ་ཁྱོན་ལ་གཞིགས་ནས་འཕྲལ་མར་ཁ་གསབ་བྱ་རྒྱུ་མང་དུ་གཏོང་དགོས། དམིགས་ཚད་ཁ་གསལ་དང་། སྟབས་བདེ་ཕན་ཆེ། འབྲུ་རིགས་ཐོན་སྐྱེད་ལ་སྐུལ་ལྕག་བྱ་རྒྱུར་ཕན་པ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ་ཞིང་ལས་ལ་ཁ་གསབ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། གསར་འཕར་ཞིང་ལས་ཁ་གསབ་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཆེད་ལས་དུད་ཚང་དང་ཁྱིམ་ཚང་ཞིང་རའི་འབྲུ་འདེབས་ཀྱི་ཁ་གསབ་རིམ་གྱིས་མང་དུ་གཏོང་དགོས།

3.ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འགྱུར་ལྡོག་ལ་རྗེས་སྙེགས་དམ་པོ་བྱེད་པ་དང་། སྲིད་གཞུང་གི་སྙོམས་སྒྲིག་སྟངས་འཛིན་ལ་དུས་ཐོག་ཏུ་ཤུགས་སྣོན་རྒྱག་པ། བྱེད་ཐབས་སྣ་ཚོགས་སྟབས་བསྟུན་གྱིས་སྤྱོད་པ། ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཆག་རྒྱུ་ལས་གཡོལ་གང་ཐུབ་བྱེད་པ། འབྲུ་རིགས་ཀྱི་རིན་གོང་ཆག་ནས་ཞིང་པར་གནོད་པའི་གནས་ཚུལ་སྔོན་འགོག་བྱེད་པ། ཞིང་ལས་བདག་གཉེར་གྱི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱེད་པ་བཅས་བྱེད་དགོས། 2009ལོར་འབྲུ་རིགས་བསྡུ་ཉོའི་རིན་གོང་དམའ་ཤོས་མུ་མཐུད་དུ་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་། སྲིང་བལ། བཟའ་བཅའི་རྩི་ཤིང་སྣུམ། ཕག་ཤ་བཅས་གསོག་ཚད་རྒྱ་ཆེར་གཏོང་བ་དང་། 2009ལོར་ས་གནས་ཀྱི་འབྲུ་རིགས་གསོག་འཇོག་དེ་གཏན་འབེབས་ཀྱི་གཞི་ཁྱོན་ལ་གཞིགས་ནས་ཚང་མ་དམིགས་སར་དོན་འཁྱོལ་ཡོང་བ་བྱེད་པ་དང་། ཞིང་ལས་ཐོན་རྫས་གཙོ་བོ་གནས་སྐབས་དུས་ཐོག་ཏུ་བསྡུ་གསོག་བྱེད་པ་དང་ཁེ་ལས་ལ་ཚོང་ལས་ཀྱི་བསྡུ་གསོག་མང་དུ་གཏོང་རྒྱུའི་སྐུལ་མ་གཏོང་དགོས། "བྱང་འབྲུ་ལྷོ་འདྲེན"དང་ཤིན་ཅང་གི་སྲིང་བལ་ཕྱི་ཕྱོགས་སུ་འདྲེན་རྒྱུར་མཐུན་སྦྱོར་བྱ་བར་ཤུགས་སྣོན་རྒྱག་པ་དང་། འདྲེན་གླའི་ཁ་གསབ་དང་ཆག་ཡང་དང་རྩ་ཆག་གཏོང་བའི་འབྲེལ་ཡོད་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་བྲིན་ཚོང་བྱ་ཡུལ་གྱི་ཁེ་ལས་ཐོན་ཁུལ་དུ་སོང་ནས་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་གཙོ་བོ་ཕྱིར་གཏོང་ནང་འདྲེན་བྱེད་པའི་དུས་སྐབས་དང་དལ་ལྷོད་སྟངས་འཛིན་ཡག་པོ་བྱེད་པ་དང་ཁྱད་སྟོབས་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། སྣ་ཁ་ཁག་གཅིག་བར་བརྒལ་ངང་ནང་འདྲེན་བྱས་པ་དེས་རྒྱལ་ནང་གི་ཁྲོམ་རར་ཤུགས་རྐྱེན་ཕོག་རྒྱུ་སྔོན་འགོག་བྱེད་དགོས།

4.གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། རྫོང་ཁོངས་ནང་གི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་གསར་དུ་བསྡུ་ལེན་བྱས་པའི་བཅོལ་དངུལ་རྣམས་གཙོ་བོ་ས་གནས་དེ་གར་དངུལ་བུན་གཏོང་རྒྱུའི་ཐད་སྤྱོད་རྒྱུར་སྐུལ་ལྕག་གཏོང་བའི་ལག་བསྟར་བྱེད་ཐབས་བཟོ་རྒྱུ་དམ་འཛིན་བྱེད་པ་དང་རང་ཚུགས་དཔྱད་ཞིབ་ཀྱི་ལམ་སྲོལ་འཛུགས་དགོས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཉེན་ཁ་འགོག་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་པ་སྣ་ཚོགས་ཀྱི་གྲོང་གསེབ་ཀྱི་དངུལ་རྩའི་རྩ་འཛུགས་གསར་པ་དང་གྲོང་གསེབ་ལ་ཞབས་འདེགས་ཞུ་རྒྱུ་གཙོ་བོ་བྱས་པའི་ས་ཁུལ་རང་བཞིན་གྱི་དངུལ་ཁང་འབྲིང་ཆུང་འཕེལ་རྒྱས་གཏོང་ཚད་མགྱོགས་སུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིར་གྲོང་གསེབ་ཀྱི་དངུལ་རྩའི་ཐོན་རྫས་དང་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་པ་དང་། གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་དང་དངུལ་རྩའི་ཞབས་ཞུ་ཆུང་གྲས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། གྲོང་གསེབ་ཀྱི་དངུལ་རྩའི་རྩ་འཛུགས་ཆུང་གྲས་ཀྱིས་ཐབས་ཤེས་སྣ་ཚོགས་བརྒྱུད་དངུལ་རྩའི་སྒྲིག་གཞི་ནས་མ་དངུལ་འདྲེན་ཆོག གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ཁྲོམ་ར་རྒྱ་ཆེར་ཧུར་ཐག་གཏོང་དགོས། དབང་ཆའི་གཏོགས་ཁོངས་ཁ་གསལ་བ་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་ཞིང་སྤྱོད་ཐོན་སྐྱེད་ཀྱི་སྒྲིག་ཆས་ཆེ་གྲས་དང་། ནགས་དབང་། ཐང་རྒོད་སྤྱོད་དབང་སོགས་གཏའ་འཇོག་དངུལ་བུན་དང་བསྡུ་འོས་པའི་རྩིས་ཁྲ་དང་། མཛོད་ཁང་གི་རྩིས་ཁྲ། ནང་བཤུག་གཏོང་ཆོག་པའི་མརྐང་འཛིན་དབང་། ཁེ་བེད་བདག་ཐོབ་ཀྱི་དབང་ཆ། ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆའི་གཏའ་འཇོག་དངུལ་བུན་ཁྲིམས་ལྟར་སྤེལ་དགོས། ཞིང་ལས་དང་འབྲེལ་བའི་དངུལ་བུན་ལ་ཕྱོགས་གཏན་འཁེལ་གྱིས་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། འགྲོ་གྲོན་ཁ་གསབ་བྱེད་པ། སྲིད་ཇུས་རང་བཞིན་གྱི་དངུལ་རྩས་ཞིང་ལས་ལ་ཡུན་རིང་དང་ཡུན་འབྲིང་གི་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་པ། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཡིད་རྟོན་མཉམ་ལས་ཀྱི་ཚོད་ལྟ་བྱེད་པ་བཅས་ཀྱི་ཞིབ་ཕྲའི་བྱེད་ཐབས་དམ་འཛིན་བྱས་ནས་བཟོ་དགོས། དངུལ་རྩའི་ལས་ཁུངས་ཀྱིས་ཞིང་འབྲེལ་དངུལ་བུན་གྱི་བསྡུ་དཀའ་བའི་བུ་ལོན་ལ་ཞིབ་བཤེར་རྩིས་སུབ་བྱེད་པའི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་དགོས། སྲིས་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་མགྱོགས་སུ་གཏོང་བ་དང་། ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་འགན་བཅོལ་གྱི་སྣ་ཁ་མང་དུ་གཏོང་བ། ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་ས་ཁུལ་ལ་གྲོན་དངུལ་འགན་ལེན་དང་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཀྱི་འགན་བཅོལ་བསྐྱར་མའི་མ་ལག་དང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁ་ཁག་བགོས་བྱེད་པའི་ལམ་སྲོལ་གང་མགྱོགས་ཀྱིས་འཛུགས་པ། གྲོང་གསེབ་ཏུ་རོགས་རེས་མཉམ་ལས་འགན་བཅོལ་དང་ཚོང་ལས་འགན་བཅོལ་གྱི་ལས་སྒོ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་ཡིད་རྟོན་དངུལ་བུན་དང་ཞིང་ལས་ཀྱི་འགན་བཅོལ་ཕན་ཚུན་ཟུང་འབྲེལ་བྱེད་པའི་དངུལ་ཁང་གི་འགན་བཅོལ་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས།

གཉིས། ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས།

5.འབྲུ་རིགས་ཐོན་སྐྱེད་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོ་ཡོང་བ་བྱེད་པ་དང་། སྣ་ཁའི་གྲུབ་ཆ་བཟང་སྒྲིག་བྱེད་པ། མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་གྱི་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ཁུལ་གཙོ་བོས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་ལ་བྱས་རྗེས་འཇོག་ཚད་ལ་གཞིགས་ནས་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་འབྲུ་རིགས་ཐོན་ཁུལ་གྱི་རྫོང་ལ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་མ་དངུལ་མང་དུ་གཏོང་བ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་འཇོག་པ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་མ་དངུལ་སྔོན་ལ་བཀོད་སྒྲིག་བྱས་ཏེ་འབྲུ་རིགས་ཐོན་ལས་དང་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱེད་པ་དང་། ཐོན་རྫས་འགྲེམས་ཚོང་ཁུལ་དུ་ཁེ་ཕན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ཐོན་ཁུལ་གཙོ་བོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ཁུལ་གཙོ་བོར་ལུགས་མཐུན་གྱི་ཁེ་ཕན་གྱི་ཁ་གསབ་ཐོབ་རྒྱུ་འགན་ལེན་བྱེད་པ་དང་འབྲུ་རིགས་འདེབས་མཁན་ཞིང་པར་ལུགས་མཐུན་གྱི་དཔལ་འབྱོར་ཕན་འབྲས་ཐོབ་རྒྱུ་འགན་ལེན་བྱེད་དགོས། ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཀྱི་ཉེན་ཁའི་ཐེབས་རྩའི་མ་དངུལ་གྱི་ཆ་ཚང་སྡེབ་སྒྲིག་མགྱོགས་མྱུར་མེད་པར་བཟོ་དགོས། རྒྱལ་ཡོངས་སུ་འབྲུ་རིགས་རྒྱ་མ་དུང་ཕྱུར་ཆིག་སྟོང་གསར་འཕར་བྱེད་པའི་ཐོན་སྐྱེད་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུལ་གཙོ་བོའི་གཙོ་གནད་རྫོང(ར་བ)སྡེ་ཚན་བྱས་ཏེ་གཅིག་སྡུད་ཐོག་མ་དངུལ་གཏོང་བ་དང་ཁྱོན་ཡོངས་ནས་གསར་སྤེལ་བྱེད་དགོས། "འབྲས་ཁུག"ཧྲེང་ཀྲང་གིས་འགན་འཁུར་བའི་ལམ་ལུགས་སྔར་བས་ཆེ་རུ་བཏང་སྟེ་ས་ཁུལ་སོ་སོས་མས་ས་གནས་དེ་རང་གི་རྨོ་ཞིང་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། འབྲུ་རིགས་ཐོན་ཚོང་། ཁྲོམ་ར་སྙོམས་སྒྲིག་ཚོད་འཛིན་བཅས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ནུས་ལྡན་གྱི་འབྲུ་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་གྲུབ་འབྲས་དང་ཕན་འབྲས་ལ་དཔྱད་ཞིབ་བྱེད་པའི་ལམ་སྲོལ་རིམ་བཞིན་འཛུགས་དགོས། བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དེང་རབས་ཞིང་ལས་འཛུགས་སྐྲུན་བྱ་རྒྱུར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། དེང་རབས་ཞིང་ལས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་སོགས་ཐད་ཀྱི་རྒྱལ་དབང་ཞིང་རའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

6.ཁྱད་སྟོབས་ལྡན་པའི་ཐོན་ཁུལ་ལ་རྒྱབ་སྐྱོར་བྱས་ཏེ་སྣུམ་རྒྱུ་སོགས་དཔལ་འབྱོར་སྐྱེ་དངོས་ཐོན་སྐྱེད་བྱ་རྒྱུ་གཅིག་སྡུད་ཐོག་འཕེལ་རྒྱས་གཏོང་དགོས། རེས་སྐོར་གསར་པའི་ཁྱད་སྟོབས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་ཁྱབ་ཚུལ་གྱི་འཆར་འགོད་མགྱོགས་མྱུར་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱིས་སྣུམ་རྒྱུ་ཐོན་སྐྱེད་བྱ་རྒྱུར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ཏེ་བྱང་ཤར་དང་ནང་སོག་གི་སྤུས་ལེགས་སྲན་ཆེན་དང་། འབྲི་ཆུ་འབབ་རྒྱུད་ཀྱི"གཉིས་དམའི"སྐེ་ཚེ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཡོངས་ཀྱི་ཤིང་རྒྱུད་སྣུམ་རྒྱུའི་ཐོན་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད་མགྱོགས་མྱུར་གྱིས་བཟོས་ཏེ་ལག་བསྟར་བྱེད་པ་དང་། ས་ཁུལ་གྱི་འཕེལ་རྒྱས་དང་འཚམ་པའི་སྣུམ་དང་ཇ་སོགས་ཤིང་རྒྱུད་སྣུམ་རྒྱུའི་ཐོན་ལས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་ཐོན་མཐོའི་སྤུས་ལེགས་སྣ་ཁ་མགྱོགས་མྱུར་གྱིས་སྐྱེད་བསྲིང་དང་ཁྱབ་གདལ་གཏོང་དགོས། སྲིང་བལ་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་འབྲི་ཆུའི་འབབ་རྒྱུད་དང་རྨ་ཆུ་དང་ཧོའེ་ཧའེ་ས་ཁུལ་གྱི་སྲིང་བལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་འགོ་འཛུགས་དགོས། ཁྱད་སྟོབས་ལྡན་པའི་ཐོན་ཁུལ་ལ་མངར་རྒྱུ་དང་། ཞོག་ཁོག རང་བྱུང་འགྱིག་སོགས་སྐྱེ་དངོས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྔོ་ཚལ་དང་ཤིང་འབྲས། ཇ། མེ་ཏོག་སོགས་ལྡུམ་རའི་ཐོན་ཟོག་སྒྲིག་བཀོད་ཅན་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

7.ཕྱུགས་རིགས་དང་ཆུ་ཐོན་ཐོན་རྫས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་སྐྱོན་བྲལ་ངང་གསོ་སྤེལ་བྱ་རྒྱུ་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། ཁྲོམ་རར་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། གསོག་འཇོག་སྙོམས་སྒྲིག་བྱེད་པ། འགན་བཅོལ་གྱི་རིགས་མང་དུ་གཏོང་བ། དུས་བཀག་ལྟར་དངོས་ཟོག་ཉོ་ཚོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཕག་གི་ཐོན་ལས་བརྟན་པོའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། ཕག་རྒྱུད་བཟང་གི་ཁ་གསབ་དང་བརྒྱུད་འཕེལ་ཕག་མའི་ཁ་གསབ་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱས་ནས་ཕག་ཕྱིར་གཏོང་རྫོང་ཆེན་ལ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། རྒྱུད་བཟང་བཞོན་མའི་ཁ་གསབ་དང་བརྒྱུད་བཟང་རྗེས་གྲབས་བཞོན་མ་གསོ་ཚགས་བྱེད་པའི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། བཞོན་མ་ཐོན་སྐྱེད་རྟེན་གཞིའི་རྫོང་ཆེན་གྱི་ནོར་སྲིད་ཀྱི་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པ། ཁེ་ལས་ཀྱིས་ཚད་གཞི་ཅན་གྱི་བཞོན་མའི་ས་ཚིགས་འཛུགས་སྐྲུན་བྱ་རྒྱུར་རོགས་རམ་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་འོ་ཁུངས་ཀྱི་སྤུས་ཚད་འགན་ལེན་བྱེད་དགོས། ཕྱུགས་རིགས་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ(ཁུལ་ཆུང)ལས་གཞི་ལ་མ་དངུལ་འཇོག་ཚད་མང་དུ་གཏོང་བ་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས་གསོ་སྤེལ་ར་བའི་ས་ཞིང་སྤྱོད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ཕྱུགས་རིགས་དང་ཁྱིམ་བྱ་དང་ཆུ་ཐོན་ཐོན་རྫས་ཀྱི་རྒྱུད་བཟང་བཟོ་འགོད་ལག་བསྟར་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་འགོག་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྲོག་ཆགས་ཀྱི་མཚོན་རྟགས་དང་དེ་བཞིན་རིམས་ནད་བདའ་འདེད་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ་གྲོང་ཚོ་རིམ་པའི་རིམས་ནད་འགོག་མཁན་གྱི་ཁ་གསབ་འགྲོ་གྲོན་དོན་འཁྱོལ་བྱེད་དགོས། ཆུ་ཐོན་ཐོན་རྫས་སྐྱོན་བྲལ་གྱི་དཔེ་སྟོན་ཁུལ(ར་བ)འཛུགས་སྐྲུན་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཉ་ཚོང་འཚམས་འཇོག་པ་དང་ཉ་འཛིན་མི་ཆོག་པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ནས་འཕེལ་ཚད་མང་དུ་གཏོང་བ་དང་ཆུའི་ནང་གློད་པ་སོགས་ཀྱི་ཆུ་ཐོན་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས། ཉ་ལས་གྲུ་ཁ་དང་། ཉ་འཛིན་གྲུའི་གྲུ་ལམ་གསལ་རྟགས། ཉ་འཛིན་གྲུའི་བདེ་འཇགས་སྒྲིག་ཆས་སོགས་འཛུགས་སྐྲུན་རྒྱ་ཁྱོན་ཆེ་རུ་བཏང་ནས་མཚོ་ཐོག་རྒྱང་སྐྱོད་ཀྱི་ཉ་ལས་ལ་རོགས་སྐྱོར་བྱེད་དགོས།

8.ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་ནན་མོ་བྱེད་དགོས། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དམ་འཛིན་གྱིས་འདོན་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་བཅའ་ཁྲིམས་ཀྱི་མ་ལག་ཚང་བའི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། སྡེ་ཚན་ཁག་གི་ལས་བགོས་མཉམ་ལས་ཀྱི་ལྟ་སྐུལ་དོ་དམ་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེ་བས་ནུས་ལྡན་གྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་སྔར་བས་འཚོལ་ཞིབ་བྱས་ཏེ་བཟའ་བཅའི་སྤུས་ཚད་དང་བདེ་འཇགས་ལ་བདའ་འདེད་ལམ་ལུགས་དང་། ཚུར་འགུག་ལམ་ལུགས། ཁྲོམ་རའི་ཞུགས་འཐུས་དང་ཕྱིར་འཐེན་ལམ་ལུགས་བཅས་ལག་བསྟར་ནན་མོ་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ཞིབ་བཤེར་དང་ཚད་འཇལ་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཚད་གཞི་འཐུས་ཚང་དུ་བཏང་ནས་ཞིབ་བཤེར་ཚད་འཇལ་གྱི་སྒྲིག་གཞིའི་འོས་བབ་ཐོབ་ཐང་ལ་བརྟེན་ནས་ར་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་ལས་ཐོན་རྫས་དང་བཟའ་བཅའི་རྒྱུན་གཏན་གྱི་ལྟ་སྐུལ་ཚད་འཇལ་ཁྱབ་ཁོངས་ཆེ་རུ་བཏང་ནས་བཙན་ཤེད་རང་བཞིན་གྱི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་བྱེད་པའི་འགྲོ་གྲོན་རིམ་གྱིས་གཙང་བཤེར་དང་ཉུང་དུ་གཏོང་དགོས། གཟན་ཆག་གི་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་གཟན་ཆག་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་འཁྲི་ཆེ་རུ་བཏང་ནས་ཁྲོམ་རར་འདོན་པའི་ཐོན་རྫས་རེ་རེ་བཞིན་རང་བཤེར་བྱེད་དགོས། ཞིང་ལས་ཐོན་རྫས་དང་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་གི་སྤུས་ཚད་དང་བདེ་འཇགས་ལ་ཡིད་ཆེས་བྱེད་པའི་མ་ལག་འཛུགས་དགོས། ཆེད་དོན་བཅོས་སྒྲིག་བྱས་ནས་ཁྲིམས་འགལ་གྱིས་ཞིང་སྨན་དང་ཕྱུགས(ཉ)སྨན་བེད་སྤྱོད་བྱ་པའི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་ལས་ཚད་ལྡན་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱས་ནས་སྣེ་འདྲེན་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཆེད་ལས་དུད་ཚང་ཆེན་མོ་སོགས་ལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཐོག་མར་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྷད་མེད་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་རོགས་བྱེད་དགོས།

9.ཞིང་ལས་ཐོན་རྫས་ནང་འདྲེན་དང་ཕྱིར་གཏོང་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕན་ཆེ་དང་སྟབས་བསྟུན་གྱི་ཞིང་ལས་ཐོན་རྫས་ནང་འདྲེན་དང་ཕྱིར་གཏོང་བྱེད་པའི་སྙོམས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཕྱི་ནང་ཉོ་ཚོང་མཐུན་སྦྱོར་ཡོང་བ་བྱས་ཏེ་སྲིད་གཞུང་དང་། མཐུན་ཚོགས། ཁེ་ལས་བཅས་བར་འབྲེལ་གཏུག་དང་གྲོས་མོལ་བྱ་རྒྱུ་ཇེ་ཟབ་ཏུ་གཏོང་དགོས། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱས་པར་ཡིད་རྟོན་འགན་བཅོལ་འགན་ལེན་ཁྱབ་ཁོངས་ཆེ་རུ་བཏང་ནས་ཕྱིར་གཏོང་བྱས་པར་ཡིད་རྟོན་འགན་བཅོལ་དང་ཞིང་ལས་འགན་བཅོལ་དང་། ཕྱིར་གཏོང་གི་ཡིད་རྟོན་དངུལ་བུན་བར་ཟུང་འབྲེལ་བྱས་པའི་ཉེན་ཁ་འགོག་པའི་ལམ་སྲོལ་འཚོལ་ཞིབ་བྱེད་དགོས། ངལ་རྩོལ་སྡུད་ཆེ་བ་དང་ལག་རྩལ་སྡུད་ཆེ་བའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་གཟིགས་སྐྱོང་གི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་བསྟར་བྱེད་དགོས། ཞིང་ལས་རྒྱལ་མཚམས་བརྒལ་ནས་གཉེར་སྐྱོང་བྱེད་པའི་ཁེ་ལས་སྐྱེད་བསྲིང་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལྟར་ཕྱི་ཕྱོགས་ཚོང་པས་ཚོང་གཉེར་བྱས་པའི་ཞིང་ལས་ཐོན་རྫས་དང་ཞིང་སྤྱོད་རྒྱུ་ཆ་ཞུགས་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་གྱིས་ས་ཁོངས་ནང་ཁུལ་གྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་ཟླ་སྒྲིལ་བཏང་བའི་བདེ་འཇགས་ཞིབ་བཤེར་བྱེད་པའི་ཁྱབ་ཁོངས་དང་གོ་རིམ་ཁ་གསལ་བཟོས་ནས་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཟོ་དགོས།

གསུམ། དེང་རབས་ཀྱི་ཞིང་ལས་དངོས་པོའི་འདེགས་སྐྱོར་དང་ཞབས་ཞུའི་མ་ལག་སྟོབས་ཆེར་གཏོང་དགོས།

10.ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཞིང་ལས་ཀྱི་ཚན་རྩལ་ཐད་མ་དངུལ་གཏོང་བར་ཤུགས་སྣོན་རྒྱག་པར་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཐེབས་རྩ་འཛུགས་པ་དང་གཙོ་བོ་འགག་རྩའི་ཁྱབ་ཁོངས་དང་གལ་ཆེའི་ཐོན་ཟོག ལྟེ་བའི་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་བཅས་ལ་རྒྱབ་སྐྱོར་བྱེད་དགོས། གཞི་རྐྱེན་འགྱུར་བའི་སྐྱེ་དངོས་ཀྱི་ཐོན་ཟོག་སྣ་ཁ་གསར་པ་སྐྱེད་བསྲིང་བྱེད་པའི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་ཐོན་ཁུངས་ལེགས་སྒྲིག་བྱེད་པ། ཞིབ་འཇུག་གོང་འཕེལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འབུ་གནོད་སྔོན་འགོག་དང་། འགྱེན་འགོག ཐོན་མཐོ། སྤུས་ལེགས། ཕན་འབྲས་མཐོ་བ་བཅས་ཀྱི་གཞི་རྐྱེན་འགྱུར་བའི་ཐོན་ཟོག་སྣ་ཁ་གསར་པ་ཁག་ཅིག་སྐྱེད་བསྲིང་གང་མགྱོགས་བྱེད་པ་དང་འབྲེལ་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ལོ་ཏོག་གཙོ་བོར་རྒྱུད་འདྲེས་སྡེབ་སྦྱོར་བྱེད་པའི་ལེགས་ཆའི་ལག་རྩལ་ཞིབ་འཇུག་གོང་འཕེལ་གཏོང་བའི་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་དགོས། ཞིང་ལས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། སྣེ་འདྲེན་ཁེ་ལས་ལ་རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་དེང་རབས་ཀྱི་ཞིང་ལས་ཀྱི་ཐོན་ལས་ལག་རྩལ་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། འབྲུ་རིགས་དང་། སྲིང་བལ། སྐེ་ཚེ་བཅས་ཐོན་མཐོ་བསྐྲུན་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཚན་རྩལ་མི་སྣ་དང་སློབ་ཆེན་སློབ་ཐོན་སློབ་མ་ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པར་སྐྱོད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཀྱི་ཚན་རྩལ་གསོ་སྦྱོང་བྱས་ཏེ་ཞིང་པ་གསར་པ་གསོ་སྐྱོང་བྱེད་དགོས་པ་དང་། མངགས་བཅོལ་དང་སུས་འཇོན་དེ་འགུག་སོགས་ཀྱི་རྣམ་པ་སྤྱད་དེ་ཞིང་པའི་ཆེད་ལས་ལག་རྩལ་མཐུན་ཚོགས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུའི་རྣམ་གྲངས་ཀྱི་འགན་འཁུར་རྒྱུར་ཁྲིད་སྟོན་བྱེད་དགོས།

11.ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་དགོས། ས་ཞིང་བཅོས་སྒྲིག་ཤུགས་ཆེན་བྱེད་པ་དང་། འཆར་འགོད་ཡག་པོ་བྱེད་པ། ས་ཞིང་བཅོས་སྒྲིག་གི་སླར་སྦོལ་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་སོགས་འཛུགས་སྐྲུན་རིགས་ཁག་གི་མ་དངུལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། གཅིག་སྡུད་དང་ཡུག་བགོས་ནས་གྲོང་གསེབ་ཀྱི་ས་ཞིང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། ཞིང་ཁ་དང་། ཆུ། ལམ། ནགས་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་བྱས་ནས་ཐོན་འབབ་འབྲིང་དམའི་ཞིང་ཁར་གཞི་ཁྱོན་ཆེན་པོས་བསྒྱུར་བཅོས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁའི་བསྡུར་ཚད་མཐོ་རུ་གཏོང་དགོས། "ས་ཆ་གཤིན་པོའི་བཟོ་འགོད"མུ་མཐུད་དུ་ཁྱབ་སྤེལ་བཏང་སྟེ་ས་ཞིང་ཚད་ལེན་དང་ལུད་སྡེབ་སྦྱོར་བྱེད་ཁྱོན་ཆེ་རུ་གཏོང་དགོས་པ་དང་ཞིང་ཁར་སྐྱེ་ལྡན་ལུད་རྒྱག་པ་དང་། སྔོ་ལུད་འདེབས་པ། སོག་མའི་ལུད་སླར་ཞིང་ཁར་སྐྱེལ་རྒྱུ་བཅས་ལ་བྱ་དགའ་དང་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། སྲུང་སྐྱོང་རང་བཞིན་གྱི་རྨོ་ལས་ཤུགས་ཆེན་བྱས་ནས་སྐམ་ཞིང་ལོ་ཏོག་གི་ཞིང་ལས་དཔེ་སྟོན་བཟོ་འགོད་ལག་ལེན་བྱེད་ཚད་མགྱོགས་སུ་གཏོང་དགོས།

12.ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཙང་པོ་དང་ཆུ་བོ་ཆེན་པོ་དང་གཙོ་གནད་རྒྱུག་ཆུ་འབྲིང་ཆུང་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆུ་བེད་རྐང་འཛིན་ལས་གྲྭ་ཆེ་འབྲིང་ཁག་ཅིག་སྐྲུན་དགོས། ཆུ་མཛོད་ཆེ་འབྲིང་དང་ཉེན་ཡོད་གཙོ་གནད་ཆུ་མཛོད་ཆུང་གྲས་ཀྱི་ཉེན་ཁ་མེད་པ་བཟོ་རྒྱུ་དང་བརྟན་དུ་གཏོང་བའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་བཟོ་འགོད་འཛུགས་སྐྲུན་སྤུས་ཚད་འགན་ལེན་བྱེད་དགོས། མ་དངུལ་འཇོག་པའི་གཞི་ཁྱོན་ཆེ་རུ་བཏང་སྟེ་གཙོ་བོ་ཆུ་འདྲེན་ཁུལ་ཆེ་གྲས་ཀྱི་རྒྱུན་མཐུད་འཛུགས་སྐྲུན་ཆ་ཚང་སྡེབ་སྒྲིག་དང་ཆུ་གྲོན་ཆུང་གི་སྒྱུར་བཅོས་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཆུ་འབུད་འདྲེན་གྱི་འཕྲུལ་འཁོར་ས་ཚུགས་ཆེ་གྲས་གསར་བརྗེས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་ནུབ་བྱང་གི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་གཏོར་ཚད་མཐོ་བའི་ཆུ་འདྲེན་འཕྲུལ་འཁོར་ས་ཚུགས་དང་ཤར་བྱང་གི་ཞོད་ཁུལ་གྱི་ཆུ་འབུད་འཕྲུལ་འཁོར་ས་ཚུགས་སོགས་གསར་བརྗེ་འཛུགས་སྐྲུན་བྱེད་འགོ་འཛུགས་དགོས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་འདྲེན་ཁུལ་འབྲིང་གྲས་ཀྱི་རྐང་འཛིན་ལས་གྲྭའི་ཆུ་གྲོན་ཆུང་གི་སྒྱུར་བཀོད་བྱ་ཤུགས་ཆེ་རུ་གཏོང་དགོས། ཞིང་ནང་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ལ་ཁ་གསབ་སྤྲོད་པའི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཆེད་དོན་རྣམ་གྲངས་མ་དངུལ་མང་དུ་གཏོང་བ་དང་འཆར་འགོད་ཀྱི་ལེགས་སྒྲིག་གཏོང་ཆ་གཞིར་བཟུང་སྟེ་ཆུ་འདྲེན་ཁུལ་གྱི་ཞིང་ཁའི་བཟོ་འགོད་ཆེ་འབྲིང་དང་ཆུ་འདྲེན་ཁུལ་ཆུང་གྲས་ཀྱི་ཆུ་གྲོན་ཆུང་བྱེད་པའི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། ཕན་འབྲས་ཆེ་བའི་ཆུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐན་འགོག་གི་ཆུ་ཁུངས་བཟོ་འགོད་ཆུང་གྲས་སྐྲུན་པ། འབྲོག་ཁུལ་གྱི་ཆུ་བེད་གོང་འཕེལ་གཏོང་བ་བཅས་བྱེད་དགོས། གལ་ཆེའི་ཆུ་ཁུངས་བཟོ་འགོད་དང་ཆ་ཚང་སྡེབ་སྒྲིག་གི་འདྲེན་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་བེད་བཟོ་འགོད་ཀྱི་དོ་དམ་དང་གྲོང་གསེབ་ཀྱི་ཆུ་བེད་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་ཆུ་འདྲེན་བཟོ་འགོད་འཁོར་རྒྱུག་དང་ནོར་སྲིད་ཀྱི་ཁ་གསབ་དོ་དམ་བྱེད་པའི་ནང་རྐྱེན་འཚོལ་ཞིབ་བྱེད་པ་དང་ཞིང་ལས་ཀྱི་ཆུ་སྤྱོད་པའི་ཁུར་པོ་ཡང་དུ་གཏོང་བའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་འགོ་འཛུགས་དགོས

13.ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་བའི་བཟོ་འགོད་འགོ་བཙུགས་ནས་དཔེ་སྟོན་རྟེན་གཞི་དང་འཕྲུལ་ཆས་ཀྱི་ལམ་བུ་འཛུགས་སྐྲུན་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ། ཞིང་འཕྲུལ་ཁྱབ་གདལ་གཏོང་བའི་ཞབས་ཞུ་དང་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ནུས་པ་མཐོ་རུ་གཏོང་དགོས། གཙོ་བོ་འབྲུ་རིགས་དང་སྐེ་ཚེ་འདེབས་ལས་དང་བསྡུ་བ་སོགས་ལྷུ་ཚིགས་འཕྲུལ་ཆས་ཅན་དུ་སྒྱུར་རྒྱུ་ཁྱབ་གདལ་བཏང་ནས་རི་མ་ཐང་ལ་སྤྱོད་རྒྱུར་འཚམས་པའི་ཡང་ལ་སྟབས་བདེ་བའི་ཞིང་འཕྲུལ་དང་རྒྱ་ཁྱོན་ཆེན་པོར་ལས་ཀ་བྱ་རྒྱུར་འཚམས་པའི་ཞིང་འཕྲུལ་ཆེན་པོ་མགྱོགས་མྱུར་གྱིས་ཞིབ་འཇུག་བྱས་ནས་གསར་གཏོད་བྱེད་དགོས། ཞིང་འཕྲུལ་བཟོ་ལས་ལག་རྩལ་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ནས་ཞིང་འཕྲུལ་ཐོན་རྫས་ཀྱི་སྤྱོད་གོ་ཆོད་པའི་རང་བཞིན་དང་སྤྱོད་ཤན་ཆེ་བའི་རང་བཞིན་མཐོ་རུ་གཏོང་བ་དང་བཙོངས་རྗེས་ཀྱི་ཞབས་ཞུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ལྷུ་ཚིགས་གཙོ་བོར་ཞིང་འཕྲུལ་གྱིས་འདེབས་ལས་བྱེད་པར་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱེད་དགོས། ཞིང་འཕྲུལ་དུད་ཚང་ཆེན་པོ་དང་། འབྲུ་རིགས་འདེབས་མཁན་དུད་ཚང་ཆེན་པོ། ཞིང་འཕྲུལ་གྱི་ཞབས་ཞུའི་རྩ་འཛུགས་བཅས་ཀྱིས་ཞིང་འཕྲུལ་ཆེ་འབྲིང་ཉོ་སྒྲུབ་བྱེད་པར་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་དགོས། ཞིང་སྤྱོད་འཕྲུལ་སྣུམ་མཁོ་འདོན་བྱེད་པའི་འགན་ལེན་ནང་རྐྱེན་འཐུས་ཚང་དུ་བཏང་ནས་ཟད་གྲོན་ཆེ་བའི་ཞིང་ལས་འཕྲུལ་ཆས་གསར་བསྒྱུར་དང་བེད་མེད་ཟུར་འཇོག་བྱེད་པར་དཔལ་འབྱོར་ཁ་གསབ་སྤྲོད་པའི་ལམ་ལུགས་འཛུགས་དགོས།

14.སྣོད་བཅུད་ཀྱི་གཙོ་གནད་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྨོ་བསྐྱུར་ནགས་གསོའི་ཕན་འབྲས་སྲ་བརྟན་དུ་བཏང་ནས་པེ་ཅིང་དང་ཐེན་ཅིན་གཉིས་ཀྱི་བྱེ་རླུང་གི་འབྱུང་ཁུངས་བཅོས་སྐྱོང་བྱེད་པ་སོགས་ཀྱི་གཙོ་གནད་བཟོ་འགོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་གི་ཐད་ལ་མ་དངུལ་འཇོག་ཚད་མང་དུ་གཏོང་བ། རང་བྱུང་ནགས་ཚལ་སྲུང་སྐྱོང་བཟོ་འགོད་ལ་ལག་བསྟར་གྱི་དུས་ཚོད་ནར་འགྱངས་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལ་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་བྱང་གསུམ་འགོག་སྲུང་ནགས་ཤིང་བཟོ་འགོད་ལ་མ་དངུལ་གཏོང་བ་དང་འཛུགས་སྐྲུན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་ནགས་ལས་འཛུགས་སྐྲུན་བྱས་ནས་རི་ཁུལ་གྱི་ནགས་ཚལ་གྱི་དམིགས་བསལ་ཐོན་རྫས་དང་། སྣོད་བཅུད་ལྗོངས་རྒྱུའི་ལས་རིགས། ཐཱན་འདུས་ནགས་ལས་བཅས་འཕེལ་རྒྱས་གཏོང་དགོས། ཕྱུགས་བཀག་རྩྭ་གསོའི་བཟོ་འགོད་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་མི་ས་གཟན་རྩྭ་འདེབས་ས་དང་ཆུ་འདྲེན་རྩྭ་ཐང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་གཏོང་བའི་མ་ལག་དང་མེ་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་ས་ཁོངས་ཀྱི་ཐང་རྒོད་ཅན་དང་ཆུ་རྒྱུན་འབབ་ཡུལ་ཆུང་གྲས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རི་ཞིང་གི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་འགོ་བཙུགས་ནས་ཆུ་ལོག་དང་འདམ་རྫབ་སོགས་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། ནགས་ཚལ་སྣོད་བཅུད་ཀྱི་ཕན་འབྲས་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་བཏང་ནས་རྩྭ་ཐང་དང་། བརླན་ས། ས་ཆུ་སྲུང་འཛིན་སོགས་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་ཚོད་ལྟ་བྱེད་དགོས། ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས་བྱ་དགར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་དང་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།