ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་ནུས་བསྟུད་མར་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ།(སྨད་ཆ)

ཀྲུང་སྤེལ(2012)ཡིག་ཨང1པ།

བཞི། ཚན་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ནས་ཞིང་ལས་དང་ཞིང་སྡེ་གསར་བའི་འཇོན་མི་དཔུང་སྡེ་སྒོ་ཀུན་ནས་སྐྲུན་དགོས།

  14.ཞིང་ལས་སློབ་གསོ་དར་རྒྱས་གཏོང་དགོས། པུའུ་དང་པུའུ། ཞིང་ཆེན་དང་པུའུ་བཅས་ཀྱིས་མཐོ་རིམ་ཞིང་ལས་སློབ་གྲྭ་ཆེན་མོ་མཉམ་སྐྲུན་བྱེད་པ་དང་། ཕུལ་བྱུང་ཞིང་ནགས་སློས་གསོའི་གསོ་སྐྱོང་འཆར་གཞི་ལག་བསྟར་བྱེད་པ། ཞིང་འབྲེལ་སློང་ཚན་ཆེད་ལས་སྐོར་ཞིག་ལེགས་སྒྲུབ་བྱས་ཏེ། ཞིང་ཚན་སློབ་གསུམ་མཉམ་ལས་བྱེད་པའི་འཇོན་མི་གསོ་སྐྱོང་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། ཞིང་འབྲེལ་སློབ་ཚན(ཆེད་ལས)སྦྱོང་བའི་སློབ་མར་ཆ་སྙོམས་དངུལ་གཏོང་ཚད་གཞི་སྔར་ལས་མཐོར་འདེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་ཕུགས་འཛུགས་སློབ་སྦྱོང་བྱ་དགའ་དང་སློབ་རོགས་མ་དངུལ་གྱིས་མཐོ་རིམ་སློབ་གྲྭ་ཆེན་མོའི་ཞིང་འབྲེལ་ཆེད་ལས་སློབ་མར་རོགས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་ཞིང་འབྲེལ་ཆེད་ལས་སློབ་མ་ཡོང་ཁུངས་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། མཐོ་རིམ་སློབ་གྲྭ་ཆེན་མོས་ཞིང་སྡེ་དང་ལྷག་པར་དུ་དདབུལ་ཕོངས་ས་ཁུལ་གྱི་དམིགས་འཛུགས་སློབ་མ་བསྡུ་ཤུགས་ཇེ་ཆེར་གཏོང་དགོས། མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིང་སྡེ་གཞི་རིམ་དུ་བྱ་བ་སྒྲུབ་པར་འགྲོ་བར་སྐུལ་འདེབས་དང་སྣེ་ཁྲིད་བྱེད་པ་དང་། ཆ་རྐྱེན་ལྡན་པར་སློབ་རིན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱིན་ཚབ་སྲིད་ཇུས་ལག་བསྟར་བྱེད་དགོས། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི"སྡེ་དཔོན"སློབ་མའི་འཆར་དང་ཡུལ་བབ་དང་བསྟུན་ནས"རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག"ལག་བསྟར་བྱེད་པ་དང་། སློབ་གྲྭ་ཆེན་མོའི་སློབ་མས་ནུབ་རྒྱུད་ས་ཁུལ་གྱི་མ་སྐུལ་དང་བླངས་ཞབས་འདེགས་ཞུ་བ་སོགས་འཆར་གཞི་ཟབ་སྤེལ་བྱེད་དགོས། འབྲིང་རིམ་ལས་རིགས་སློབ་གསོའི་གྲོན་མེད་སྤེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ལས་རིགས་ལག་རྩལ་གྱི་སྦྱོང་བརྡར་གྱི་ཁ་གསབ་སྲིད་ཇུས་དངོས་འབེབ་བྱེད་པ་དང་། ཞིང་འབྲེལ་ལས་རིགས་ཀྱི་གསར་དར་ལས་རིགས་སློབ་གསོ་སྤེལ་བར་སྐུལ་འདེབས་བྱས་ནས་ཞིང་སྡེའི་རྗེས་གྲབས་རྩོལ་ཤུགས་རེ་རེས་ལག་རྩལ་ཞིག་ཁུང་དུ་ཆུད་པར་འབད་བརྩོན་བྱེད་དགོས།

  15.ཞིང་ལས་ཚན་རྩལ་འཇོན་མིའི་གསོ་སྐྱོང་ཇེ་མགྱོགས་གཏོང་དགོས། རྒྱལ་ཁབ་ཀྱི་འཇོན་མིའི་བཟོ་འགོད་དེ་ཞིང་ལས་ཁྱབ་ཁོངས་སུ་ཕྱོགས་པ་དང་། འཇོན་མི་གསར་སྐྲུན་སྐུལ་འདེད་འཆར་གཞི་དང་ཞིང་ལས་ཚན་ཞིབ་ཐད་ཀྱི་འཇོན་མི་མིང་གྲགས་ཅན་གསོ་སྐྱོང་བྱེད་པའི་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱེད་ཅིང་། ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་འཇོན་མི་དང་གསར་སྐྲུན་དཔུང་ཚོགས་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཚན་ཞིབ་འཇོན་མིའི་སྐུལ་ལྕགས་ནང་རྐྱེན་དང་རང་བདག་རྒྱུན་འཁོར་ནང་རྐྱེན་བཅས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་དགོས། ཚན་ཞིབ་སྤུས་ཚད་དང་གསར་སྐྲུན་ནུས་ཤུགས། གྲུབ་འབྲས་བཀོལ་སྤྱོད་བཅས་ཁྲིད་ཕྱོགས་བྱས་པའི་གདེང་འཇོག་ཚད་གཞི་གཏན་འབེབས་བྱེད་དགོས། གཞི་རིམ་གྱི་ཞིང་རྩལ་ཁྱབ་གདལ་མི་སྣ་རིམ་དབྱེ་རིགས་དབྱེའི་དུས་བཅད་གསོ་སྐྱོང་སྒོ་ཀུན་ནས་ཁྱབ་སྤེལ་བྱེད་དགོས། གཞི་རིམ་ཞིང་རྩལ་ཁྱབ་གདལ་མི་སྣའི་ཐོབ་ཐང་དཔྱད་འཇོག་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་ལས་འབྲས་དང་ཁྱབ་གདལ་དངོས་ཕན་ལ་དོ་སྣང་བྱེད་ཅིང་། ཐོབ་ཐང་གི་གནས་གྲངས་གྲོང་རྡལ་དང་ཐོན་སྐྱེད་ཡུལ་དངོས་སུ་ཕྱོགས་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་འདེགས་ལས་གནས་ཁྱད་པར་ཅན་གྱི་འཆར་གཞིའི་ཚོད་ལྟ་ཁྱབ་སྤེལ་བྱས་ནས། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་མ་སྐོར་ཞིག་བདམས་ནས་གྲོང་རྡལ་དུ་ལས་གནས་ཁྱད་པར་ཅན་གྱི་འགན་འཁུར་དུ་འཇུག་དགོས། ཞིང་པ་ལག་རྩལ་མི་སྣའི་དཔེ་སྟོན་སྐུལ་ཁྲིད་ནུས་པ་ཧུར་ཐག་གིས་འདོན་སྤེལ་དང་ལས་འགན་ཁུར་གྲངས་ལྟར་འོས་འཚམ་གྱི་རོགས་གསབ་སྟེར་དགོས།

  16.ཞིང་སྡེའི་དངོས་སྤྱོད་འཇོན་མི་ཤུགས་ཡོད་རྒུས་གསོ་སྦྱོང་བྱེད་དགོས།

  ཚན་རྩལ་བྱང་ཚད་དང་ལས་རིགས་རྩལ་ནུས། བདག་གཉེར་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ་སྲོག་ཤིང་བྱས་ཏེ། ཞིང་སྡེའི་དངོས་སྤྱོད་འཇོན་མིའི་གསོ་སྦྱོང་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱེད་དགོས། སྡེ་ཁག་དང་ལས་རིགས་སོ་སོའི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱེད་པ་དང་། ཞིང་སྡེའི་འཇོན་མི་གསོ་སྦྱོང་འཆར་གཞི་སྣ་ཚོགས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དང་། གསོ་སྦྱོང་གཞི་ཁྱོན་ཇེ་ཆེར་བཏང་ནས་རོགས་གསབ་ཚད་གཞི་ཇེ་མཐོར་གཏོང་དགོས། སྡེ་བའི་ལས་བྱེད་པ་དང་ཞིང་པ་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་པ། སྡེ་བའི་ལས་འགན་འཁུར་པའི་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་མ་སོགས་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་པ་དང་། ཞིང་པའི་རྩི་ཤིང་སྲུང་མཁན་དང་རིམས་ནད་འགོག་མཁན། ཆུ་བེད་པ། ཆ་འཕྲིན་པ། རྫབ་རླངས་པ་སོགས་ཞིང་སྡེའི་རྩལ་ནུས་ཞབས་འདེགས་ཅན་གྱི་འཇོན་མི། འདེབས་འཛུགས་དུད་ཆེན་དང་ཞིང་ལས་འཕྲུལ་ཆས་དུད་ཆེན། བར་ཁེ་པ་སོགས་ཞིང་སྡེའི་ཐོན་སྐྱེད་བདག་གཉེར་ཅན་གྱི་འཇོན་མི་བཅས་ཀྱི་གསོ་སྦྱོང་ཇེ་མགྱོགས་སུ་གཏོང་དགོས། ལས་རིགས་གསར་བའི་ཞིང་པ་ཤུགས་ཡོད་རྒུས་གསོ་སྦྱོང་བྱེད་པ་དང་། སློབ་རིམ་མ་སྤར་བའི་ཞིང་སྡེའི་མཐོ་འབྲིང་དང་དམའ་འབྲིང་མཐར་ཕྱིན་སློབ་མར་གྲོན་མི་དགོས་པར་ཞིང་ལས་ལག་རྩལ་གསོ་སྦྱོང་བྱེད་དགོས་ཤིང་། ཆ་རྐྱེན་དང་མཐུན་པའི་ཞིང་སྡེ་ན་གཞོན་གྱིས་ཞི་གཉེར་ལས་སྐྲུན་དང་གླ་རྒྱག་ཞིང་པ་ཕྱིར་འོངས་ཏེ་ལས་གཞི་སྐྲུན་པར་རོགས་གསབ་དང་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་དགོས།

  ལྔ། སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་ཏེ་ཞིང་ལས་འཕེལ་རྒྱས་དངོས་པོའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་བྱེད་དགོས།

  17.ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ཀྱིས་ཤུགས་སྣོན་གཏོང་དགོས།

  ཆུ་ཁུངས་བཟོ་འགོད་འཛུགས་སྐྲུན་དང་གཙང་ཆེན་ཆུ་ཆེན་མཚོ་ཆེན་དང་ཆུ་འབྲིང་ཆུང་གི་བདག་བཅོས། ཉེན་ཡོད་ཆུ་མཛོད་ཀྱི་འགག་སྒོའི་ཉེན་སེལ་སྲ་བཟོ། ཆུ་ལོག་གི་ས་གཤིས་གནོད་འཚེ་སྔོན་འགོག་བཅས་མགྱོགས་སྤེལ་བྱེད་ཅིང་། ཆུ་གཏོང་ཁུལ་ཆེ་འབྲིང་ཅན་གྱི་མུ་སྐྲུན་ཆ་ཚང་དང་ཆུ་གྲོན་སྒྱུར་དཀོད། ཆུ་གཏོང་ཁུལ་ཆེ་འབྲིང་ཅན་གྱི་ཆུ་འབུད་ས་ཚུགས་ཀྱི་གསར་བཅོས་སྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ས་ཆུ་ཐོན་ཁུངས་འཛོམས་པའི་ས་ཁུལ་དུ་ཆུ་གཏོང་ཁུལ་སྐོར་ཞིག་གསར་སྐྲུན་བྱས་ཏེ། ཕན་ཡོད་པའི་ཆུ་གཏོང་རྒྱ་ཁྱོན་ཧུར་ཐག་གིས་རྒྱ་ཇེ་ཆེར་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ཁའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གྱི་རོགས་གསབ་ཆེད་དངུལ་མུ་མཐུད་དུ་འཕར་སྣོན་བྱེད་ཅིང་། ཞིང་ཁའི་ཆུ་བེད་ཆུང་བའི་གཙོ་གནད་རྫོང་གི་འཛུགས་སྐྲུན་དེ་ཕལ་ཆེར་ཞིང་ལས་རྫོང་ཆེན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་དགོས། དེའུ་འབུར་རི་ཁུལ་གྱི"ཆུ་བེད་ཆུང་བ་ལྔའི"བཟོ་འགོད་འཛུགས་སྐྲུན་དང་ཞིང་སྡེའི་ཆུ་རྐའི་ཕྱོགས་བསྡུས་བདག་སྐྱོང་། ཆུ་རགས་ཀྱི་འདམ་ཐོན་ཤུགས་ཚད་ཇེ་ཆེར་བཏང་ནས་འབྲོག་ཁུལ་གྱི་ཆུ་བེད་གོང་དུ་སྤེལ་དགོས། ཕན་མཐོ་ཆུ་གྲོན་གྱི་ཆུ་གཏོང་ལག་རྩལ་གསར་བ་དང་སྒྲིག་ཆས་གསར་བ་ཤུགས་ཆེན་གྱིས་ཁྱབ་གདལ་དང་། སྒྲིག་ཆས་ཉོ་བསྡུའི་རོགས་གསབ་ཁྱབ་ཁོངས་དང་དངུལ་བུན་སྐྱེད་ཀའི་གཞི་ཁྱོན་རྒྱ་ཇེ་ཆེར་བཏང་ནས། ཆུ་གྲོན་གཏོང་ཆས་ཀྱི་ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་གྱི་དོ་དམ་ནང་རྐྱེན་གསར་སྐྲུན་བྱེད་ཅིང་ས་ཞིང་ནང་བཤུག་གཏོང་བའི་ཁེ་ཕན་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་བཀོལ་བའི་མ་དངུལ་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཞིང་ལས་ཀྱི་ཆུ་གཏོང་ཕུད་འཁོར་སྐྱོད་ཀྱི་དོ་དམ་གྲོན་དངུལ་ནོར་སྲིད་ཀྱིས་འོས་འཚམ་གྱི་ཁ་གསབ་བྱེད་པའི་སྲིད་ཇུས་དངོས་འབེབ་བྱེད་དགོས། ཆུ་བེད་ཚན་རྩལ་ཁྱབ་གདལ་དང་ཆུ་ཐན་སྔོན་འགོག ཆུ་གཏོང་ཚོད་ལྟ་སོགས་ཕྱོགས་ཀྱི་ཆེད་ལས་ཅན་གྱི་ཞབས་འདེགས་རྩ་འཛུགས་གོང་དུ་སྤེལ་དགོས།

  18.ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས།

  ཡུན་རིང་གི་གཞི་རྩའི་ཞིང་ཁའི་འཆར་འགོད་བྱ་བ་ཇེ་མགྱོགས་སུ་བཏང་ནས་རྨོ་ཞིང་སྲུང་སྐྱོབ་ཁ་གསབ་ཚོད་ལྟའི་འགོ་རྩོམ་དགོས། རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་གྱི་སྤྱི་ཡོངས་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་གཏན་འབེབས་བྱེད་པ་དང་། མ་དངུལ་ཐབས་གང་མང་གིས་གྲབས་གསོག་བྱེད་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་དངུལ་གཏོང་ཇེ་མང་གཏོང་བ། ཞིང་སྡེའི་ས་ཞིང་བདག་བཅོས་བཟོ་འགོད་ཆེན་པོ་དང་དཔེ་སྟོན་འཛུགས་སྐྲུན་སྤེལ་བ། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་བརྟན་འབབ་ཆེའི་ཞིང་ཁའི་འཛུགས་སྐྲུན་སྐུལ་འདེད་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཤར་བྱང་ཞིང་ཆེན་དང་ལྗོངས་བཞིའི་ནུས་ཆེ་ཆུ་གྲོན་གི་ཞིང་ལས་ཆུ་གཏོང་བཟོ་འགོད་ལག་བསྟར་བྱས་ནས་རྨོ་ཞིང་གི་མུ་མཐུད་ཐོན་སྤེལ་ནུས་ཤུགས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། རྨོ་ཞིང་འཛིན་སྤྱོད་བྱས་པའི་བཟོ་འགོད་གལ་ཆེན་གྱིས"ས་སྤོ་ལུད་འཇོག"གི་ཉམས་མྱོང་དང་བྱེད་ཐབས་ཧུར་བརྩོན་གིས་སྐུལ་སྤེལ་བྱེད་དགོས། ཞིང་སའི་སྤུས་ཚད་བརྟག་དཔྱད་དང་ཞིབ་བཤེར་ཚད་ལེན་བྱ་བ་མུ་མཐུད་དུ་ལེགས་སྒྲུབ་བྱེད་པ་དང་། ས་རྒྱུར་དཔག་པའི་ལུད་སྦྱོར་ལུད་རྒྱག་གཏིང་ཟབ་སྒོས་སྐུལ་འདེད་བྱེད་པ། ས་རྒྱུར་སྐྱེ་ལྡན་རྫས་བཅུད་འཕར་བའི་ཁ་གསབ་གཞི་ཁྱོན་རྒྱ་ཆེར་བཏང་ནས་སྐམ་འདེབས་ཞིང་ལས་བཟོ་འགོད་མུ་མཐུད་དུ་ལག་བསྟར་བྱེད་དགོས། སྒྲིག་བཀོད་ཞིང་ལས་ཀྱི་སྒྲིག་ཆས་དང་ལག་རྩལ་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། སྦོལ་ཁུལ་དུ་ཐོག་མར་དེང་རབས་ཅན་གྱི་ཞིང་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

  19.ཞིང་ལས་འཕྲུལ་ཆས་ཅན་ཇེ་མགྱོགས་སུ་གཏོང་དགོས།

  ཞིང་ལས་འཕྲུལ་ཆས་ཀྱི་ཕྱོགས་བསྡུས་ལག་རྩལ་དང་མ་རྩ་གྲོན་ཆུང་ཕན་འབྲས་མཐོ་བ། གཞི་ཁྱོན་བདག་གཉེར་སྐུལ་འདེད་བྱེད་པའི་གལ་ཆེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཡུལ་མུ་མཐུད་དུ་རྒྱ་ཇེ་ཆེར་བཏང་ནས་ཞིང་ལས་འཕྲུལ་ཆས་ཀྱི་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། འབྲས་དང་མ་རྨོས་ལོ་ཏོག ཡོངས་དཀར། ཤིང་མངར། སྲིང་བལ་འཕྲུལ་ཆས་བསྡུ་ལེན་སོགས་གནད་དོན་འབུར་གཙོ་ཤུགས་ཕུད་ནས་ཐག་གཅོད་པ་དང་། སྒྲིག་བཀོད་ཞིང་ལས་དང་ཕྱུགས་ལས་ཆུ་ཐོན་གསོ་སྤེལ་སོགས་འཕྲུལ་ཆས་ཤུགས་ཆེན་གྱིས་གོང་དུ་སྤེལ་ནས། ཞིང་ལས་ཡོངས་སུ་འཕྲུལ་ཆས་ཅན་དུ་བསྒྱུར་བའི་ཐོན་སྐྱེད་མ་དཔེ་འཚོལ་ཞིབ་བྱེད་དགོས། སྤུས་དག་འདེབས་འཛུགས་དང་རྫས་འགྱུར་ལུད་ཟབ་གཏོང་། སྲུང་སྐྱོང་རང་བཞིན་གྱི་འདེབས་ལས་སོགས་ལག་རྩལ་ཧུར་ཐག་གིས་ཁྱབ་སྤེལ་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཀྱི་གནད་འགོག་ལྷུ་ལག་དང་ཐོན་རྫས་གཙོ་གནད་ཀྱི་ཞིབ་འཇུག་གསར་གཏོད་ལ་ཤུགས་སྣོན་ཞིང་། ཞིང་ལས་འཕྲུལ་ཆས་བཟོ་ལས་ལག་རྩལ་བཅོས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ནས་ཐོན་རྫས་ཀྱི་བཀོལ་སྤྱོད་རང་བཞིན་དང་སྟབས་བདེ་རང་བཞིན། བདེ་འཇགས་རང་བཞིན་བཅས་མཐོར་དེགས་སུ་གཏོང་དགོས། དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འདེབས་འཛུགས་དུད་ཆེན་དང་ཞིང་ལས་འཕྲུལ་ཆས་དུད་ཆེན། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་གིས་ཞིང་ལས་འཕྲུལ་ཆས་ཡོ་བྱད་ཆེ་འབྲིང་ཉོ་བར་སྐུལ་འདེབས་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཅན་གོང་དུ་སྤེལ་བའི་ཁྲལ་གྲོན་གཟིགས་སྐྱོང་གི་སྲིད་ཇུས་ལ་རྒྱབ་སྐྱོར་དང་དངོས་འབེབ་བྱེད་ཅིང་། ཞིང་ལས་འཕྲུལ་ཆས་ཞབས་འདེགས་ཚོང་ར་ཅན་དང་ཐོན་ལས་ཅན་སྐུལ་འདེད་བྱས་ནས། ཞིང་ལས་འཕྲུལ་ཆས་བཙོང་རྗེས་ཞབས་འདེགས་དང་ཞིང་ལས་འཕྲུལ་ཆས་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་དངོས་གནས་ཤུགས་སྣོན་གཏོང་དགོས།

  20.སྐྱེ་ཁམས་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས།

  རྨོ་སྐྱུར་ནགས་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རྨ་འབྲིའི་འབྱུང་ཡུལ་དང་། མཚོ་དང་ཆུ་མཛོད་ཀྱི་མཐའ་འཁོར་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་སྐྱེ་ཁམས་རྩོལ་ནུས་ཁུལ་དུ་འོས་འཚམ་གྱིས་རྨོ་སྐྱུར་ནགས་འཛུགས་ཀྱི་གཞི་ཁྱོན་རྒྱ་སྐྱེད་དགོས། རང་བྱུང་ནགས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་བཟོ་འགོད་ཀྱི་ལས་རིམ་གཉིས་པའི་ལག་བསྟར་ཇུས་གཞི་དངོས་འབེབ་བྱེད་པ་དང་། ལས་ཞུགས་དཀའ་ཡོད་པར་ཐེངས་གཅིག་རང་བཞིན་གྱིས་ལས་བཟོ་པ་བཀོད་སྒྲིག་བྱེད་པའི་སྤྱི་ཚོགས་ཉེན་སྲུང་གསབ་དངུལ་གནད་དོན་གཅིག་གྱུར་འཆར་འགོད་བྱས་ཏེ་ཐག་གཅོད་དགོས། འགོག་སྲུང་ནགས་ཀྱི་ནགས་སྐྲུན་དངུལ་གཏོང་གི་ཀྲུང་དབྱང་རོགས་གསབ་ཚད་གཞི་རིམ་གྱིས་ཇེ་མཐོར་གཏོང་བ་དང་། "བྱང་གསུམ"དང་མཚོ་ངོགས། འབྲི་ཆུ་སོགས་ཀྱི་འགོག་སྲུང་ནགས་མ་ལག་བཟོ་འགོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། པེ་ཅིན་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་བཟོ་འགོད་སྐབས་གཉིས་པའི་འཆར་འགོད་མྱུར་དུ་སྒྲིག་བཟོ་བྱེད་པ་དང་། རྡོ་བྱེ་ཅན་དུ་འགྱུར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ས་གཞི་བྱེ་འགྱུར་གྱི་བཀག་སྡོམ་སྲུང་སྐྱོང་རོགས་གསབ་ཚོད་ལྟ་བྱེད་གནས་སྤེལ་དགོས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་བཟོ་སྐྲུན་བྱེད་པ་དང་། ས་ཁོངས་རང་བཞིན་གྱི་གཙོ་གནད་སྐྱེ་ཁམས་བཟོ་འགོད་ཀྱི་འགོ་རྩོམ་དགོས། ལྗོན་ཤིང་གི་སོན་བཟང་དང་ནགས་སྐྲུན་གསབ་དངུལ་གྱི་གཞི་ཁྱོན་འོས་འཚམ་གྱིས་རྒྱ་སྐྱེད་པ་དང་ནགས་ཚལ་གྱི་གསོ་སྐྱོང་གསབ་དངུལ་སྲིད་ཇུས་འཐུས་ཚང་དུ་གོགགཏོང་དགོས། ནགས་དབང་གཏའ་འཇོག་དངུལ་བུན་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དངུལ་བུན་སྐྱེད་སྤྲོད་གཞི་ཁྱོན་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་སླུ་ཉོ་བྱེད་པའི་ནང་རྐྱེན་འཚོལ་ཞིབ་བྱེད་དགོས། ཤིང་ཏོག་འབྲུ་སྣུམ་དང་ནགས་རྟེན་དཔལ་འབྱོར། ནགས་ཚལ་ཡུལ་སྐོར། སྨྱག་ཐག་སོགས་ནགས་ཐོན་ལས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཐོན་ལས་ཅན་གྱི་བྱེད་ཐབས་སྤྱད་དེ་བྱེ་འགོག་བྱེ་བཅོས་ཀྱི་ལས་སྒོ་སྤེལ་བར་སྐུལ་མ་གཏོང་དགོས། ཕྱུགས་བསྐྱུར་རྩྭ་འདེབས་བཟོ་འགོད་ལག་ཏུ་བསྟར་བའི་ཁྱབ་ཁོངས་ཇེ་ཆེར་གཏོང་བ་དང་། སྤང་ལྗོངས་རྩྭ་ར་དང་གཟན་རྩྭ་རྟེན་གཞི། ཕྱུགས་གསོ་ར་བ་བཅས་ཀྱི་འཛུགས་སྐྲུན་དང་རྩྭ་ཐང་ཉམས་འགྱུར་ཚབས་ཆེན་ཅན་ལེགས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འབྲོག་ཁུལ་དང་རོང་མ་འབྲོག་ཁུལ་གྱི་རྩྭ་ཐང་ལྟ་སྐུལ་དོ་དམ་བྱར་བར་ཤུགས་སྣོན་དགོས། མུ་མཐུད་དུ་ཉ་ལས་གསོ་སྤེལ་ཕྱིར་གཏོང་བྱ་བ་སྤེལ་དགོས། རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བྱེད་པའི་གཙོ་གནད་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། རི་ངོས་རྨོ་ཞིང་སྒྱུར་བཀོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། དྭངས་གཙང་གི་འབབ་རྒྱུད་ཆུང་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ས་ཆུ་ཤོར་བའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་གྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་ཁོར་ཡུག་བདག་སྐྱོང་དེ་ཁོར་ཡུག་སྲུང་སྐྱོང་བྱ་བའི་གཙོ་གནད་དུ་བཟུང་སྟེ། བྱ་དགའ་བྱིན་ནས་བདག་སྐྱོང་བྱེད་པར་སྐུལ་མ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། རིམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་སྐྱོང་བྱེད་པར་སྐུལ་འདེད་བྱེད་དགོས། ཞིང་ལས་དྭངས་གཙང་ཐོན་སྐྱེད་སྐུལ་སྤེལ་བྱས་ཏེ། ཞིང་པས་ལུགས་མཐུན་གྱིས་རྫས་འགྱུར་ལུད་དང་ཞིང་སྨན་སྤྱོད་པར་སྣེ་ཁྲིད་བྱེད་པ་དང་། ཞིང་སྡེའི་རྫོབ་རླུང་བཟོ་འགོད་དང་ཆུ་གློག་ཆུང་བས་འབར་རྫས་ཀྱི་ཚབ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ཁུངས་ངོས་འབག་བཙོག་བཅོས་སྐྱོང་དང་། ཞིང་སྡེའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱ་བ་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེའི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།

  དྲུག ཚོང་རའི་འཁོར་རྒྱུག་ལས་ཆོད་ཇེ་མཐོར་བཏང་སྟེ། ཞིང་ལས་ཐོན་རྫས་གཏན་འཇགས་དང་ཆ་སྙོམས་ཀྱིས་མཁོ་སྤྲོད་ཐུབ་པ་དངོས་གནས་འགན་སྲུང་བྱེད་དགོས།

  21.ཞིང་ལས་ཐོན་རྫས་འཁོར་རྒྱུག་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས།

  རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་འཁོར་རྒྱུག་སྒྲིག་བཀོད་ཀྱི་རྣམ་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་ཞིང་ལས་ཐོན་རྫས་འཁོར་རྒྱུག་དྲ་བ་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་ཆེ་གྲས་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་པར་སྐུལ་འདེད་བྱེད་པ་དང་། ཉོ་ཚོང་སྤེལ་ར་དང་གློག་རྡུལ་རྩིས་རྒྱག ཆ་འཕྲིན་ཐག་གཅོད། ཞིབ་བཤེར་ཚད་ལེན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་གཙོར་བཟུང་ནས་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་དང་། གྲོང་ཁྱེར་སྡེ་ཁུལ་གྱི་སྔོ་ཚལ་ཚོང་ར། གྲོང་རྡལ་གྱི་ཚོང་འདུས་ཚོང་ར་སོགས་ཀྱི་འཛུགས་སྐྲུན་དེ་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་ནང་འགོད་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་དང་འཁོར་རྒྱུག་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ས་སྤྱོད་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་དངུལ་གཏོང་མ་རྐང་འཛིན་པ་དང་། རྒྱུ་དབང་སྒྲིག་བརྗེ་བྱེད་པ། སྤྱི་འཛུགས་ཆ་ཚང་སྡེབ་སྒྲིག ཕྱིར་ཉོ་ཕྱིར་བོགས་ལེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁེ་མེད་རང་བཞིན་གྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་དང་སིལ་འཚོང་ཚོང་ར་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། འབྲུ་རིགས་དང་སྲིང་བལ། ཟས་སྣུམ། ཀ་ར་སོགས་ཞིང་ལས་ཐོན་རྫས་ཆེ་གྲས་ཀྱི་མཛོད་ཉར་དངོས་འདྲེན་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་ཚོང་གཉེར་དྲ་རྒྱའི་མཁོ་ཚོང་མཉམ་ལས་ཁང་དང་སྦྲག་སྲིད་དངོས་འདྲེན། འབྲུ་རིགས་འཁོར་རྒྱུག ཉོ་ཚོང་ཁེ་ལས་ཆེ་གྲས་སོགས་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་དང་མཛོད་ཉར་དངོས་འདྲེན་མ་ལག་གི་འཛུགས་སྐྲུན་བདག་གཉེར་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། སོས་གསོན་ཞིང་ལས་ཐོན་རྫས་ཀྱི་མུ་འབྲེལ་སྡེབ་སྐྱེལ་དངོས་འདྲེན་ལྟེ་གནས་མགྱོགས་མྱུར་གྱིས་གོང་དུ་སྤེལ་བ་དང་། གཞི་གཅིག་ཅན་གྱི་འཁྱགས་སྦྲེལ་དངོས་འདྲེན་མ་ལག་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས། ཐོན་ཡུལ་གྱི་ཞིང་ལས་ཐོན་རྫས་བསྡུ་ཉོ་དང་ལས་སྣོན། ཐུམ་རྒྱག ཉར་འཇོག་སོགས་ཆ་ཚང་སྡེབ་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོག་མའི་ལས་སྣོན་དང་ཉར་གསོག་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་སྟེ་ཁ་གསབ་རོགས་དངུལ་སྟེར་དགོས།

  22.ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་སྟངས་གསར་གཏོད་བྱེད་དགོས།

  དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཐབས་བཀོད་བེད་སྤྱོད་གང་ལེགས་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་གློག་རྡུལ་ཚོང་དོན་སོགས་དེང་རབས་ཀྱི་ཉོ་ཚོང་བྱེད་སྟངས་གོང་དུ་སྤེལ་དགོས། ཐོན་སྐྱེད་དང་འཛད་སྤྱོད་ཕན་ཡོད་སྒོས་སྦྲེལ་མཐུད་བྱེད་པ་དང་སྟབས་བསྟུན་སྣ་མང་གི་ཞིང་ལས་ཐོན་རྫས་ཀྱི་ཐོན་འཚོང་མ་དཔེ་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། འཁོར་རྒྱུག་ལྷུ་ལག་ཇེ་ཉུང་དུ་བཏང་ནས་འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་གཏོང་དགོས། མངགས་འདེབས་ཞིང་ལས་ཤུགས་ཆེན་གྱིས་གོང་དུ་སྤེལ་བ་དང་། ཐོན་སྐྱེད་བྱེད་མཁན་དང་སྡེབ་འཚོང་ཚོང་ར། ཞིང་ལས་ཉོ་ཚོང་ཁྲོམ་ར། སྒོ་རྩིས་ཚོང་ཁང་། མགྲོན་གསོལ་ཁང་། སློབ་གྲྭ། ཁེ་ལས་ཀྱི་ཟ་ཁང་སོགས་ཐད་ཀར་འབྲེལ་མཐུད་བྱེད་པར་སྐུལ་འདེད་བྱེད་པ་དང་། ཐོན་སྐྱེད་རྟེན་གཞི་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཁྱེར་སྡེ་ཁུལ་དུ་ཐད་ཀར་མཁོ་འཚོང་བྱེད་ས་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། གཏན་འཇགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འབྲེལ་བ་ཆགས་པར་འཇུག་དགོས། མཁོ་འཚོང་མཉམ་ལས་ཁང་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གྲོང་ཁྱེར་དང་གྲོང་གསེབ་ཚོང་རའི་འབྲེལ་མཐུད་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་གཉིས་འབྲེལ་རྒྱུག་དྲ་རྒྱ་ལ་རོགས་སྐྱོར་བྱེད་དགོས། "ལྷོ་ཚལ་བྱང་འདྲེན"དང"ནུབ་སིལ་ཤར་སྐྱེལ"གྱི་དེང་རབས་ཀྱི་འབྲེལ་རྒྱུག་ཕྱོགས་བསྡུས་ཚོད་ལྟ་ཁྱབ་སྤེལ་བྱེད་དགོས། ཞིང་སྡེའི་ཚོང་དོན་ཆ་འཕྲིན་ཞབས་འདེགས་སྤེལ་བ་དང་། རྣམ་པ་མང་བ་དང་རིམ་པ་མང་བའི་ཞིང་ལས་ཐོན་རྫས་འགྲེམ་འཚོང་བྱེད་སྒོ་སྤེལ་ནས། རྒྱལ་ཡོངས་རང་བཞིན་དང་ས་གནས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འགྲེམ་ཚོགས་ཀྱི་མིང་རྟགས་གྲགས་ཅན་གསོ་སྐྱོང་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་དུས་སྐབས་ཚོང་རས་ཐོན་སྐྱེད་ལ་སྣེ་ཁྲིད་དང་ཉེན་ཁར་ཡོལ་བྱོལ་བྱེད་པའི་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། སྔོ་ཚོད་སྡེབ་འཚོང་དང་སིལ་འཚོང་ལྷུ་ཚིགས་འཕར་རིན་དཔྱ་ཁྲལ་མེད་པར་བྱེད་པ་དང་། ཞིང་ལས་ཐོན་རྫས་ནང་འདྲེན་ཁྲལ་དངུལ་ཞིབ་བཤེར་གཏན་འབེབས་ཀྱིས་འཕྲི་གཅོག་བྱེད་པའི་ཚོད་ལྟ་ཁྱབ་སྤེལ་བྱེད་པ་དང་། སོས་གསོན་ཞིང་ལས་ཐོན་རྫས་ཀྱི་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་སྲིད་ཇུས་དངོས་འབེབ་དང་འཐུས་ཚང་དུ་བཏང་སྟེ། ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་དང་གྲོང་ཁྱེར་སྡེ་ཁུལ་གྱི་སྔོ་ཚོད་ཚོང་ར། གྲོང་རྡལ་གྱི་ཚོང་འདུས་ཚོང་ར། སྒོ་རྩིས་ཚོང་ཁང་བཅས་ཀྱིས་གླ་ལེན་པ་གཙང་སེལ་བྱེད་པའམ་མར་ཕབ་དགོས།

  23.ཞིང་ལས་ཐོན་རྫས་ཚོང་རའི་ལེགས་སྒྲིག་ཚོད་འཛིན་འཐུས་ཚང་དུ་གཏོང་དགོས།

  རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཐོན་རྫས་ཚོང་རའི་འགྱུར་ལྡོག་འཁྲུལ་བ་མེད་པར་ཁོང་དུ་ཆུད་པར་བྱེད་ཅིང་། དམིགས་ཡོད་རང་བཞིན་གྱི་ལེགས་སྒྲིག་ཚོད་འཛིན་བྱེད་ཐབས་བཀོལ་སྤྱོད་བྱས་ནས་ཞིང་ལས་ཐོན་རྫས་གཙོ་བོའི་ཕན་ཡོད་མཁོ་སྤྲོད་དང་ཚོང་ར་གཏན་འཇགས་ཁག་ཐེག་བྱེད་པ་དང་རིན་གོང་ལུགས་མཐུན་ཆུ་ཚད་སྲུང་འཛིན་བྱེད་དགོས། གྲོ་དང་འབྲས་ཀྱི་ཆེས་དམའ་བའི་བསྡུ་ཉོ་རིན་གོང་གོམ་ཁ་བརྟན་པོའི་ངང་ཇེ་མཐོར་གཏོང་བ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན། སྐེ་ཚེ། སྲིང་བལ། ཀ་ར་སོགས་དུས་དང་འཚམ་པའི་སྒོ་ནས་གནས་སྐབས་བསྡུ་གསོག་བྱས་ཏེ། འབྲུ་རིགས་དང་སྲིང་བལ་ཟས་སྣུམ་ཀ་ར་སོགས་ཞིང་ལས་ཐོན་རྫས་ཀྱི་གསོག་ཉར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སོས་གསོན་ཞིང་ལས་ཐོན་རྫས་ཚོང་རའི་ལེགས་སྒྲིག་ཚོད་འཛིན་བྱེད་ཐབས་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ་དང་། གསོན་ཕག་ཚོང་རའི་རིན་གོང་ལེགས་སྒྲིག་ཚོད་འཛིན་ཇུས་གཞི་ཆ་ཚང་དུ་བཏང་སྟེ། སྔོ་ཚལ་རིགས་སྣ་གཙོ་བོའི་རིན་གོང་གཏན་འཇགས་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་འཛུགས་དགོས། རྒྱལ་ཁབ་ཕྱི་ནང་གི་ཞིང་ལས་ཐོན་རྫས་ཚོང་རར་ལྟ་འཇལ་དང་ཉེན་བརྡ་སྔོན་གཏོང་བྱེད་པར་ཤུགས་སྣོན་པ་དང་། ཕྱིར་གཏོང་ནང་འདྲེན་དང་འདོན་འཇུག་མཐུན་སྦྱོར་སོགས་ཐབས་བཀོད་ཕྱོགས་བསྡུས་སྒོས་བེད་སྤྱད་ནས། རྒྱལ་ནང་གི་ཞིང་ལས་ཐོན་རྫས་ཚོང་ར་གཏན་འཇགས་ཡོང་བར་བྱེད་དགོས། ཞིང་ལས་ཐོན་རྫས་ནང་འདྲེན་གྱི་སྒོ་ཁྲལ་བགོ་གྲངས་དོ་དམ་འཐུས་ཚང་དུ་བཏང་སྟེ། ལྐོག་འཚོང་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། རྒྱལ་ཡོངས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཆ་འཕྲིན་སྤྱི་སྤྱོད་ལས་སྟེགས་མྱུར་དུ་འཛུགས་པ་དང་། ཞིང་ལས་སྡོམ་རྩིས་ཞིབ་བཤེར་དང་སྔོན་དཔག་དབྱེ་ཞིབ་ལ་ཤུགས་བསྣན་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་རྫོང་ཆེན་པོའི་སྡོམ་རྩིས་ཞིབ་བཤེར་ནུས་པ་ཇེ་མཐོར་གཏོང་དགོས། ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་ཕྱིར་མངོན་པ་དང་དབང་གྲགས་ལྡན་པའི་སྤྱི་བསྒྲགས་ལམ་ལུགས་སྐུལ་འདེད་བྱས་ཏེ། ཆ་འཕྲིན་རྫུན་མ་སྣ་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་དང་ཞིང་པའི་ཁེ་ཕན་ལ་གནོད་སྐྱེལ་བར་སྔོན་འགོག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་ཐོག་མཐའ་བར་གསུམ་དུ"ཞིང་གསུམ"གནད་དོན་ཐག་གཅོད་ལེགས་པོ་བྱ་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དུ་འཇོག་དགོས་པ་དང་། ཞིང་ལས་དང་ཞིང་སྡེའི་བྱ་བའི་འགོ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་གནས་ལག་ལེན་མཐའ་འཁྱོལ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས"ཞིང་གསུམ"ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་ལེགས་པོ་ཆགས་པར་ཧུར་བརྩོན་བྱེད་དགོས། ཏང་གི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚང་འཛོམས་ཐེངས་དྲུག་པའི་དགོང་དོན་སྒོ་ཀུན་ནས་ལག་བསྟར་དངོས་འབེབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གྱི་རིག་གནས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་རིག་གནས་ཞབས་འདེགས་ཞུ་བའི་སྤྱི་གྲངས་ཇེ་མང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་འཕེལ་རྒྱས་ཀྱི་བར་ཐག་ཇེ་ཆུང་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ཏེ། ཞིང་སྡེའི་དམངས་འཚོ་འདངོས་གནས་གན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཞིང་སྡེའི་སྤྱི་གཞུང་གི་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། 《ཀྲུང་གོའི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་རྩ་གནད(2011ལོ་ནས-2020ལོ་བར)》ནན་ཏན་གྱིས་དངོས་འབེབ་བྱེད་དགོས། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་གཞི་རིམ་རང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཁྲིམས་ལུགས་ཆ་ཚང་བར་བྱེད་པ། ཞིང་སྡེའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་བཅས་བརྒྱུད་དེ། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ཞིང་ལས་ཞིང་སྡེའི་བྱ་བར་དངོས་གནས་ཤུགས་སྣོན་པ་དང་། ཞིང་ལས་ཚན་རྩལ་གསར་གཏོད་མགྱོགས་མྱུར་ངང་སྤེལ་ཏེ། ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་པའི་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་ནི་འགན་འཁྲི་གཟི་བརྗིད་ལྡན་ཞིང་འགན་ཁུར་ཤིན་ཏུ་ལྕི་བ། ལས་འགན་དཀའ་ཚགས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོར་བྱས་ནས། བློ་བརྟན་འགྱུར་མེད་དང་དངོསའཛིན་དངོས་སྒྲུབ་བྱས་ཏེ། ཕུལ་བྱུང་གྲུབ་འབྲས་བླངས་ནས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོད་བརྒྱད་པ་རྒྱལ་ཁའི་ངང་ཚོགས་པར་སྔོན་བསུ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།