ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་ནུས་བསྟུད་མར་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ།(སྟོད་ཆ)

ཀྲུང་སྤེལ(2012)ཡིག་ཨང1པ།

  2011ལོར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཇུས་གཞི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་ཏན་ཏིག་གིས་བྱ་བ་བསྒྲུབས་ཏེ། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་ནས། ཞིང་ལས་དང་ཞིང་སྡེའི་ཐད་ནས་འཕེལ་ཕྱོགས་བཟང་པོ་སྲུང་འཛིན་བྱས། འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་ངང་སྐས་རིམ་གསར་བའི་སྟེང་བུད་པ་དང་། ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཤིང་། ཆུ་བེད་འཛུགས་སྐྲུན་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་བ་དང་། ཞིང་སྡེའི་དམངས་ཀྱི་འཚོ་བ་བསྟུད་མར་ཇེ་ལེགས་སུ་བཏང་ནས་ཞིང་སྡེའི་སྤྱི་ཚོགས་ལ་བདེ་འཇགས་འཆམ་མཐུན་གྱི་རྣམ་པ་མངོན། ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་བས། དཔལ་འབྱོར་བརྟན་འཇགས་དང་ཅུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་འདེགས་སྐྱོར་བྱས་པ་དང་། བཅོས་སྒྱུར་དང་གོང་སྤེལ། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་ནུས་ཡོད་སྒོས་སྲུང་སྐྱོང་བྱས་པ་རེད། 2012ལོའི་ཞིང་ལས་དང་ཞིང་སྡེའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཞིང་ལས་ཐོན་སྐྱེད་བརྟན་འཇགས་ངང་གོང་དུ་སྤེལ་ནས་ཞིང་ལས་ཐོན་རྫས་ནུས་ཡོད་ཀྱིས་མཁོ་སྤྲོད་བྱེད་པ་ཁག་ཐེག་བྱ་རྒྱུ་དེ། ཁྱོན་ཡོངས་ཀྱི་བྱ་བར་སྐུལ་འདེད་དང་འཐབ་ཇུས་ཀྱི་རང་འགུལ་བརྩོན་ལེན་བྱེད་པར་གལ་འགངས་ཤིན་ཏུ་ཆེ། དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་རྙོག་འཛིང་དང་ཛ་དྲག་ཆེ་བ་དང་། འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པས། རང་རྒྱལ་གྱི་རྨོ་ཞིང་དང་ཚྭ་མེད་ཆུའི་ཐོན་ཁུངས་དཀོན་པའི་གནོན་ཤུགས་ཇེ་ཆེར་སོང་ཞིང་། ཞིང་ལས་གོང་སྤེལ་གྱི་མདུན་དུ་ལྷགས་པའི་ཉེན་ཁ་དང་ངེས་གཏན་བྱེད་དཀའ་ས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། ཞིང་ལས་དང་ཞིང་སྡེའི་གནས་བབ་བཟང་པོ་བརྟན་སྲུང་དང་གོང་དུ་སྤེལ་བའི་ལས་འགན་ཤིན་ཏུ་ལྕི་བ་རེད། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོས་ཟིན་གསལ་བོ་སྲུང་འཛིན་བྱེད་དགོས་པ་ལས། བསྟུད་མར་ལོ་དུ་མར་ཐོན་ཚད་དང་ཡོང་སྒོ་ཇེ་མང་དུ་སོང་བའི་དབང་གིས་བསམ་བློའི་སྟེང་ནས་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་ལ། ཞིང་སྡེའི་རྣམ་པ་ལེགས་བཅོས་ཅུང་ཟད་ཐོབ་པའི་དབང་གིས་མ་དངུལ་འཇོག་ཚད་ཇེ་ཉུང་དུ་གཏན་ནས་གཏོང་མི་རུང་བ་དང་། ཞིང་སྡེའི་འཕེལ་ཕྱོགས་བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་པའི་དབང་གིས་བྱ་བ་ལྷོད་གཡེང་དུ་གཏན་ནས་མི་གཏོང་བར་ངེས་པར་དུ་ཡང་འབད་བསྐྱར་འབད་བྱེད་པ་དང་། དཀའ་ངལ་གདོང་གིས་བསུས་ཏེ་གསར་གཏོད་ཡར་བརྩོན་བྱས་ནས། འགོ་འཛུགས་ས་མཐོན་པོའི་སྟེང་ནས་འགག་སྒོ་གསར་བ་གཏོར་བ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཡང་ཡང་ལེན་པར་འབད་བརྩོན་བྱེད་དགོས། ཞིང་ལས་བསྟུད་མར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་དང་། ཞིང་ལས་ཐོན་རྫས་ནུས་ཡོད་ཀྱིས་མཁོ་སྤྲོད་བྱེད་པ་ཡུན་རིང་བོར་ཁག་ཐེག་བྱེད་པའི་རྩ་བའི་ཐབས་ལམ་ནི་ཚན་རྩལ་ཡིན། ཞིང་ལས་ཚན་རྩལ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བའི་རྨང་གཞིའི་འདེགས་སྐྱོར་ཡིན་ལ། ཐོན་ཁུངས་ཁོར་ཡུག་གི་བཀག་རྒྱ་གཏོར་བའི་དགོས་ངེས་ཀྱི་གདམ་གསེས་ཡིན་པ་དང་། དེང་རབས་ཞིང་ལས་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་པའི་འགག་རྩར་ཐུག་པའི་སྟོབས་ཤུགས་ཡིན་ཞིང་། སྤྱི་སྤྱོད་རང་བཞིན་དང་རྨང་གཞིའི་རང་བཞིན། སྤྱི་ཚོགས་རང་བཞིན་བཅས་མངོན་གསལ་ལྡན་པ་རེད། འཛམ་གླིང་གི་ཚན་རྩལ་གསར་བརྗེ་དབྱར་མཚོ་ལྟར་རྒྱས་བཞིན་པའི་ལོ་རྒྱུས་ཀྱི་གོ་སྐབས་ངེས་པར་དུ་དམ་འཛིན་བྱས་ཏེ། ཚན་སློབ་ལ་བརྟེན་ནས་ཞིང་ལས་དར་རྒྱས་སུ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཐོག ཞིང་ལས་ཚན་རྩལ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། སྒྲིག་སྲོལ་ནང་རྐྱེན་གྱི་འགལ་རྐྱེན་རྦད་ཆོད་ཀྱིས་སེལ་བ་དང་། ཞིང་ལས་ཚན་རྩལ་ཐད་མ་དངུལ་འཇོག་ཚད་ཇེ་མང་དུ་བཏང་ནས། ཞིང་ལས་ཚན་རྩལ་ཐོལ་བརྒལ་གྱིས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་ཚད་དང་ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ཞིང་སྡེ་དར་རྒྱས་སུ་གཏོང་བར་སྒུལ་ཤུགས་དྲག་པོ་བསྣན་དགོས། 2012ལོའི་ཞིང་ལས་དང་ཞིང་སྡེའི་བྱ་བའི་སྤྱི་ཡོངས་བླང་བྱ་ནི། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དངོས་འབེབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་པ་གསུམ"གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དངོས་འབེབ་གཏིང་ཟབ་མོ་བྱེད་པ་དང་། བཟོ་ལས་ཅན་དང་མཁར་གྲོང་ཅན།ཞིང་ལས་དེང་རབས་ཅན་ལ་དུས་མཉམ་དུ་སྐུལ་འདེད་བཏང་ཐོག ཚན་རྩལ་ཤུགས་དྲག་ཏུ་བཏང་ནས་འཕེལ་རྒྱས་ཁག་ཐེག་དང་། ཐོན་སྐྱེད་ཤུགས་དྲག་ཏུ་བཏང་ནས་མཁོ་སྤྲོད་ཁག་ཐེག དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ནས་བརྟན་འཇགས་ཁག་ཐེག་བཅས་བྱེད་པ་དང་། ཞིང་ལས་སྟོབས་ལྡན་དང་ཞིང་པར་ཕན་ཁེ་བསྐྲུན་པ། ཞིང་པ་ཕྱུག་པོར་སྒྱུར་བ་བཅས་སྐོར་གྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་སྔར་ལས་ལྷག་པར་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་ལ་ཐོན་འབབ་བཟང་པོ་འབད་བརྩོན་གྱིས་བརྩོན་ལེན་བྱེད་པ་དང་། ཞིང་པའི་ཡོང་སྒོ་མགྱོགས་མྱུར་ངང་ཇེ་མང་དུ་འགྲོ་བར་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་བཏང་ནས། ཞིང་སྡེའི་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་འབད་བརྩོན་སྒོས་སྲུང་སྐྱོང་བྱེད་དགོས།

  གཅིག མ་དངུལ་གཏོང་ཤུགས་དང་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཞིང་ལས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་བསྟུད་མར་སྐུལ་འདེད་གཏོང་དགོས།

  1.འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་དུ་མི་གཏོང་བར་ལེགས་འཛིན་བྱེད་དགོས།

  ཞིང་ལས་ཐོན་རྫས་ནུས་ཡོད་ཀྱིས་མཁོ་སྤྲོད་བྱེད་པ་འགན་སྲུང་བྱེད་པར། ཐོག་མར་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་བཏང་ནས། མར་ཆག་པའི་གནས་ཚུལ་མི་འབྱུང་བ་ཁག་ཐེག་བྱེད་དགོས། "འབྲུ་སྣོད"ལ་ཧྲིན་ཀྲང་གིས་འགན་ཁུར་བའི་ལམ་ལུགས་དངོས་གནས་དངོས་འབེབ་བྱས་ནས། འབྲུ་རིགས་ཐོན་ཚད་བརྟན་འཇགས་ངང་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་བ་དང་། འབྲུ་རིགས་འདེབས་རྒྱ་ཐབས་བརྒྱ་ཇུས་སྟོང་གིས་བརྟན་འཇགས་སུ་བཏང་ཐོག འབྲུ་རིགས་དཀོན་པོའི་རིགས་ཐོན་སྐྱེད་བྱེད་པའི་རྒྱ་བསྐྱེད་པ་དང་། ཤུགས་ཡོད་རྒུས་མུའུ་རེའི་ཐོན་ཚད་ཇེ་མང་དང་རྒྱུ་སྤུས་ཇེ་ལེགས་སུ་གཏོང་དགོས། རྒྱལ་ཡོངས་སུ་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་ཆེན་པོ་མང་དུ་ཐོན་སྐྱེད་བྱེད་ནུས་ཀྱི་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་རྫོང(གྲོང་ཁྱེར། ཆུས། ར་བ)ཆེན་པོ800ཡི་ཐོན་སྐྱེད་ནུས་པ་གང་མགྱོགས་ཀྱིས་ཇེ་དྲག་ཏུ་གཏོང་དགོས། འབྲུ་རིགས་ཐོན་འབབ་ཇེ་ལེགས་སུ་གཏོང་བའི་ཚན་རྩལ་བཟོ་འགོད་དང་། རིམ་འདས་འབྲས་སྣ་ཁ་གསར་བ་འདེམས་གསོ་དང་དཔེ་སྟོན་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་དགོས། ཁྱད་སྟོབས་ལྡན་པའི་ཐོན་ཁུལ་དུ་སྲང་བལ་དང་སྣུམ་རྒྱུ། ཀ་རའི་རྒྱུ་ཆ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་པ་དང་། སྔར་ལས་ལྷག་པར་ཁྱབ་སྟངས་ལེགས་སྒྲིག་དང་གཙོ་བོ་མུའུ་རེའི་ཐོན་ཚད་སྤར་བར་རྩོལ་བ་སྤྱད་དེ་ཕན་འབྲས་ཇེ་ལེགས་སུ་གཏོང་དགོས། འབྲུ་རིགས་དང་སྲང་བལ། སྣུམ་རྒྱུ། ཀ་རའི་རྒྱུ་ཆ་བཅས་ཀྱི་ཐོན་ཚད་མཐོན་པོ་བསྐྲུན་པར་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ་དང། ཧུར་ཐག་གིས་གཞི་ཁྱོན་རྒྱ་བསྐྱེད་ཅིང་། རྨང་གཞིའི་ཆ་རྐྱེན་བཟང་བ་དང་ཐོན་ཚད་ཇེ་མང་དུ་གཏོང་བར་སྦས་ཤུགས་ཆེན་པོ་ལྡན་པའི་རྫོང་དང་ཞང་བདམས་ནས་སྒྲིག་གཞི་གསར་གཏོད་བྱེད་དགོས། གནད་འགག་གི་ཞིང་ལས་དུས་སྐབས་དང་ཁྱབས་ཁོངས་གཙོ་བོ་རུ་གནོད་འགོག་གནོད་འཕྲིའི་ལག་རྩལ་མཛུབ་སྟོན་དང་ཐོན་སྐྱེད་ཞབས་འདེགས་ཞུ་བར་ཤུགས་ཆེན་པོས་རོགས་སྐྱོར་བྱེད་པ་དང་། ཞིང་ལས་ལོ་ཏོག་གི་ནད་དགྲ་འབུ་དགྲ་ཆེད་ལས་ཅན་ལྟར་གཅིག་གྱུར་གྱིས་འགོག་བཅོས་བྱེད་པར་གང་མགྱོགས་ཀྱིས་སྐུལ་འདེད་བཏང་ཐོག ནད་འབུ་འགོ་བའི་གནས་ཚུལ་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པར་རོགས་སྐྱོར་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

  2."ཚོད་སླེའི"ཐོན་རྫས་མཁོ་སྤྲོད་བྱ་བ་དམ་འཛིན་བྱེད་དགོས།

  "ཚོད་སླེ"ལེགས་འཛིན་བྱེད་པར་ངེས་པར་དུ་ཚོད་ར་ལེགས་པོར་བསྐྲུན་དགོས་པ་དང་། སྔོ་ཚོད་ཚོང་ར་དོ་དམ་བཟང་པོ་བྱེད་དགོས། ཁྱབ་ཁོངས་ཅན་དུ་བཀོད་སྒྲིག་དང་ཚད་ལྡན་ཅན་དུ་ཐོན་སྐྱེད། གཞི་ཁྱོན་ཅན་དུ་གསོ་སྐྱོང་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། "ཚོད་སླེའི"ཐོན་རྫས་སྤྱི་ཡོངས་མཁོ་སྤྲོད་འགན་སྲུང་བྱེད་ནུས་དང་སྤུས་ཚད་གནོད་མེད་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། སྒྲིག་བཀོད་ཞིང་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། ལྡུམ་རའི་ལོ་ཏོག་གི་ཚད་ལྡན་ར་བ་དང་ཕྱུགས་བྱ་དང་ཆུ་ཐོན་དངོས་རྫས་དཔེ་སྟོན་ར་བ་མུ་མཐུད་དུ་གསར་སྐྲུན་བྱེད་པ་དང་། ཞིང་ལས་ཚད་ལྡན་ཅན་དུ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བའི་དཔེ་སྟོན་རྫོང་བསྐྲུན་འགོ་བརྩམ་དགོས། རྒྱལ་ཡོངས་ཀྱི་སྔོ་ཚོད་ཐོན་ལས་གོང་སྤེལ་འཆར་གཞི་ལག་བསྟར་བྱེད་པ་དང་། ཁྱད་སྟོབས་ལྡན་པའི་ས་ཁོངས་ལ་སྔོ་ཚོད་འདེབས་ཞིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས། ཕག་བརྟན་འཇགས་ངང་ཐོན་སྐྱེད་དང་། སྐམས་ལུག་ཤ་ཐོན་སྐྱེད་རྫོང་ཆེན་པོས་ཚད་ལྡན་ཅན་དུ་གསོ་སྤེལ་དང་གདོད་མའི་རྒྱུད་བཟང་ར་བ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ཐོག འོ་མའི་ལས་རིགས་དར་སྤེལ་འགུལ་སྐྱོད་ལག་བསྟར་བྱེད་འགོ་བརྩམ་པ་དང་། ཕག་དང་བཞོན་མ་གཞི་ཁྱོན་ཅན་དུ་གསོ་སྤེལ་བྱེད་པའི་སྡེ་གླིང་ཆུང་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་གཉིས་པའི་འཆར་གཞི་གཏན་འབེབ་བྱས་ནས་ལག་བསྟར་དང་། རིམས་ནད་ཚབས་ཆེན་དུས་ཐོག་ཏུ་ཐག་གཅོད་དགོས། ཆུ་ཐོན་དངོས་རྫས་གསོ་སྤེལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱ་བ་ཚོད་ལྟ་བྱེད་པ་དང་། རྒྱང་སྐྱོད་ཉ་གྲུ་གསར་བརྗེ་སྒྱུར་བཀོད་བྱེད་པར་རོགས་སྐྱོར་བྱས་ཐོག ཉ་ལས་འཛུགས་སྐྲུན་དང་དོ་དམ་ཐད་ཤུགས་སྣོན་དགོས། "ཚོད་སླེའི"ཐོན་རྫས་ཐོན་སྐྱེད་དང་འཁོར་རྒྱུག་བྱེད་པའི་ཁྲོད་ཞིང་ལས་ཐོན་ལས་ཅན་དུ་སྒྱུར་བའི་སྣེ་ཁྲིད་ཁེ་ལས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཟས་རིགས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དང་ཕྱོགས་བསྡུས་མཐུན་སྦྱོར་བྱེད་ཐད་ཤུགས་སྣོན་པ་དང་། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་མ་ལག་དང་ཁུངས་འདེད་མ་ལག་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁར་གདེང་འཇོག་བྱེད་དགོས། ཕན་ནུས་ཆེ་ཞིང་གནོད་མེད་བདེ་འཇགས་ཡིན་པའི་རྫས་འགྱུར་ལུད་དང་། དུག་ཤེད་ཆུང་ཞིང་ཤུལ་ལུས་ཉུང་བའི་ཞིང་སྨན་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ་དང་། ཟས་རིགས་དང་གཟན་ཆས་ཀྱི་སྦྱོར་རྟ་གཟབ་ནན་སྒོས་ཚད་གཞི་ལྟར་བེད་སྤྱོད་དགོས། "ཚོད་སླེ"ལ་ཧྲི་ཀྲང་གིས་འགན་ཁུར་བའི་ལམ་ལུགས་དངོས་འབེབ་བྱེད་པ་དང་། གྲོང་ཁྱེར་གྱི་ཞིང་ལས་ཀྱི་བབ་བསྟུན་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་ཁྱེར་ཆེ་འབྲིང་གིས་སྔོ་ཚོད་སོགས་ཟས་རིགས་སོས་པ་དང་གསོན་པོ་རང་མཁོ་རང་སྤྲོད་བྱེད་པའི་ནུས་པ་ངེས་ཅན་ཞིག་སྲུང་འཛིན་བྱེད་དགོས།

  3.ཞིང་ལས་ཐད་མ་དངུལ་འཇོག་ཤུགས་དང་ཁ་གསབ་རོགས་དངུལ་སྟེར་ཤུགས་ཇེ་ཆེར་གཏོང་དགོས།

  ནོར་སྲིད་ཀྱིས"ཞིང་གསུམ"ཐད་ལ་གཏོང་བའི་འགྲོ་སྒོ་མུ་མཐུད་དུ་ཇེ་མང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་འཇོག་པ་ལས་ཞིང་ལས་དང་ཞིང་སྡེར་མ་དངུལ་འཇོག་ཚད་བསྟུད་མར་ཇེ་མང་དུ་བཏང་ཐོག ཞིང་ལས་ཚན་རྩལ་ཐད་ལ་མ་དངུལ་འཇོག་ཚད་མུ་མཐུད་དུ་ཇེ་མང་དུ་བཏང་ནས། འཕར་ཚད་དང་བསྡུར་ཚད་ཚང་མ་ཇེ་མཐོར་འགྲོ་བར་ཁག་ཐེག་བྱེད་དགོས། ཞིང་ལས་ཚན་རྩལ་ཐད་མ་དངུལ་འཇོག་པའི་ཁྲོད་ཀྱི་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ནོར་སྲིད་ཀྱིས་ཞིང་ལས་ཚན་རྩལ་ཐད་མ་དངུལ་བཞག་པ་འཕར་ཚད་དེ་ནོར་སྲིད་ཀྱི་རྒྱུན་ལྡན་གྱི་ཡོང་སྒོ་འཕར་ཚད་ལས་མང་བ་ཁག་ཐེག་བྱེད་པ་དང་། ཞིང་ལས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་བཞག་པ་དེས་ཞིང་ལས་ཀྱི་འཕར་སྣོན་རིན་ཐང་ལས་ཟིན་པའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས་ཤིང་། མ་དངུལ་འཇོག་ཚད་བརྟན་འཇགས་ངང་འཕར་བའི་ཡུན་རིང་ཕན་པའི་ནང་རྐྱེན་གསར་འཛུགས་བྱེད་དགོས། བསྡོམས་འབོར་ཇེ་མང་དུ་གཏོང་བ་དང་ཁྱབ་ཁོངས་རྒྱ་བསྐྱེད་པ། ནང་རྐྱེན་འཐུས་ཚང་དུ་གཏོང་བའི་བླང་བྱ་ལྟར། ཞིང་ལས་ལ་ཁ་གསབ་རོགས་དངུལ་སྟེར་བའི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། གསར་དུ་བསྣན་པའི་རོགས་དངུལ་དེ་ཐོན་སྐྱེད་ས་ཁུལ་གཙོ་བོ་དང་གསོ་སྤེལ་བྱེད་མཁན་ཁྱིམ་ཆེན། ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅས་ལ་གཟིགས་སྐྱོང་བྱེད་དགོས། འབྲུ་རིགས་འདེབས་མཁན་ཞིང་པར་ཐད་ཀར་ཁ་གསབ་རོགས་དངུལ་སྟེར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐད་ལ་ཕྱོགས་བསྡུས་ཀྱིས་ཁ་གསབ་རོགས་དངུལ་སྟེར་བར་སྟབས་བསྟུན་ལེགས་སྒྲིག་ནང་རྐྱེན་དངོས་འབེབ་བྱས་ནས། དུས་ཐོག་ཏུ་ཁ་གསབ་རོགས་དངུལ་ཇེ་མང་དུ་གཏོང་དགོས། སོན་བཟང་ཕྱོགས་ལ་ཁ་གསབ་རོགས་དངུལ་སྟེར་ཤུགས་ཇེ་ཆེར་གཏོང་དགོས། ཞིང་སྤྱོད་འཕྲུལ་ཆས་ཉོ་སྒྲུབ་བྱེད་པར་ཁ་གསབ་རོགས་དངུལ་སྟེར་བའི་གཞི་ཁྱོན་དང་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཁ་གསབ་རོགས་དངུལ་སྟེར་བའི་ནང་རྐྱེན་དང་དོ་དམ་བྱེད་ཐབས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་དགོས། ཐོན་སྐྱེད་ས་ཁུལ་གྱི་ཁེ་ཕན་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས(སྣུམ་རྒྱུ)ཐོན་སྐྱེད་རྫོང་ཆེན་པོར་བྱ་དགའི་མ་དངུལ་ཇེ་མང་དུ་གཏོང་བ་དང་། ཕག་འདྲེན་གཏོང་རྫོང་ཆེན་ལ་བྱ་དགའ་སྟེར་ཤུགས་ཇེ་ཆེར་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཚོལ་ཞིབ་ཁྲོད་འཐུས་ཚང་དུ་གཏོང་དགོས། སྤྱི་ཕན་ནགས་ཚལ་ལ་ཁ་གསབ་སྟེར་བའི་ཚད་གཞི་སྟབས་བསྟུན་ལེགས་སྒྲིག་ནང་རྐྱེན་ཞིབ་འཇུག་བྱས་ནས་བཙུགས་ཐོག བརླན་ས་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ལྷག་པར་ཇེ་ཆེར་གཏོང་དགོས། རྩྭ་ཐང་གི་ཕྱུགས་ལས་གོང་དུ་སྤེལ་སྟངས་གང་མགྱོགས་ཀྱིས་སྒྱུར་བ་དང་། ཕྱུགས་ལས་དང་འབྲོག་ཁུལ། འབྲོག་པ་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་དེ་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་འབྲོག་ཁུལ་དང་རོང་མ་འབྲོག་གི་རྫོང(གྲོང་ཁྱེར། ཆི)དུ་ཁྱབ་པར་བྱེད་དགོས། སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་འཛུགས་སྐྲུན་གྱི་དོན་དག་རེ་ལ་གྲོས་མོལ་རེ་བྱེད་པའི་ནོར་སྲིད་ཀྱིས་བྱ་དགའི་ཚུལ་གྱི་ཁ་གསབ་རོགས་དངུལ་སྟེར་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཞིང་པ་དང་སྤྱི་ཚོགས་ཀྱི་མ་དངུལ"ཞིང་གསུམ"ཐད་ལ་འཇོག་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་གཏོང་འཇོག་མ་དངུལ་ནུས་ཡོད་ཀྱིས་ལེགས་སྒྲིག་བྱས་ཏེ། མ་དངུལ་གྱི་བེད་སྤྱོད་ཕན་འབྲས་ཇེ་ཆེར་གཏོང་དགོས། ནོར་སྲིད་ཀྱིས"ཞིང་གསུམ"ཐད་ལ་བཞག་པའི་མ་དངུལ་དང་ཁ་གསབ་རོགས་དངུལ་བེད་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཐད་དངོས་གནས་ཤུགས་བསྣན་ཏེ། རྫུན་ཞུ་དང་གཡོ་ལེན། བཀག་ཉར། གཞན་སྤྱོད་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྦད་ཆོད་ཀྱིས་འགག་འགོག་དང་ཞིབ་གཅོད་ནན་མོ་བྱེད་དགོས།

  4.ཞིང་སྡེར་དངུལ་ལོར་ཞབས་འདེགས་ཞུ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། 

ཞིང་སྡེར་དངུལ་ལོར་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་སྡེར་ཡིད་རྟོན་དངུལ་བུན་གཏོང་ཚད་བསྟུད་མར་ཇེ་མང་དུ་བཏང་ནས། དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་ཞིང་ལས་དང་འབྲེལ་བའི་དངུལ་བུན་བཏང་བའི་འཕར་ཚད་དངུལ་བུན་ཡོངས་རྫོགས་ཀྱི་ཆ་སྙོམས་ཀྱི་འཕར་ཚད་ལས་མཐོ་བ་ཁག་ཐེག་བྱེད་དགོས། ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་ཁྲལ་བསྡུ་སྐུལ་བསྟོད་ནང་རྐྱེན་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། དངུལ་ལོར་ལས་ཁུངས་ཀྱིས་རྫོང་ཁོངས་སུ་དངུལ་ལོར་ཞབས་འདེགས་ཞུ་བར་ཞིབ་དཔྱད་གདེང་འཇོག་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། རྫོང་ཁོངས་དངུལ་ཁང་ལས་རིགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་ཞིང་སྡེར་དངུལ་ལོར་ཞབས་འདེགས་ཞུ་ཤུགས་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱེད་དགོས། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཞིང་པ་ཁྱིམ་ཚང་གི་ཡིད་རྟོན་གདེང་འཇོག་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཡིད་རྟོན་ཁང་བཅོས་སྒྱུར་གཏིང་ཟབ་མོ་བྱེད་པ་དང་། རྫོང(གྲོང་ཁྱེར)གི་ཞིང་སྡེའི་ཡིད་རྟོན་ཁང་གི་ཁྲིམས་མིའི་གོ་གནས་བརྟན་འཇགས་སུ་གཏོང་དགོས། རྒྱུ་མང་ཅན་གྱི་ཞིང་སྡེའི་དངུལ་ལོར་ལས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཁྲོད་ཀྱི་མ་དངུལ་ཞིང་སྡེའི་དངུལ་ལོར་ཞབས་འདེགས་ཁྱབ་ཁོངས་སུ་འཇོག་པར་སྐུལ་བསྟོད་བྱེད་དགོས་ཤིང་། ཚོང་ལས་དངུལ་ཁང་ནུབ་དབུས་རྒྱུད་ས་ཁུལ་གྱི་རྫོང་ཁོངས་སུ་སོང་ནས་གྲོང་གསེབ་དངུལ་ཁང་འཛུགས་པར་རོགས་སྐྱོར་བྱེད་དགོས། ཞིང་སྡེའི་མ་དངུལ་ཕན་ཚུན་རོགས་རེས་རྩ་འཛུགས་སྒྲིག་ཡོད་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ལས་ཆེད་ལས་མཉམ་ལས་ཁང་གིས་ཚད་ལྡན་ངང་ཡིད་རྟོན་མཉམ་ལས་སྤེལ་བར་ཁྲིད་སྟོན་བྱེད་དགོས། ཞིང་སྡེའི་དངུལ་ཁང་ལས་རིགས་དང་དངུལ་ལོར་ལས་ཁུངས་དང་བྱེད་སྒོའི་ཁྱད་ཆོས་དང་མཐུན་པའི་བར་ཁྱད་ཅན་དུ་ལྟ་སྐུལ་དོ་དམ་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་དང་འབྲེལ་བའི་དངུལ་བུན་ཉེན་ཁ་བཟོད་སྒོམ་མཐོར་འདེགས་འོས་འཚམས་བྱས་ཏེ། ཚད་གཞི་རན་པོའི་ཚོང་རར་ཞུགས་ཆོག་དང་། བབ་བསྟུན་བཅོལ་དངུལ་དང་དངུལ་བུན་བསྡུར་ཚད་ཀྱི་སྲིད་ཇུས་ལག་ལེན་བསྟར་དགོས། ཞིང་པའི་ཁྱིམ་ཚང་གི་གྲངས་འབོར་ཆུང་བའི་ཡིན་རྟོན་དངུལ་བུན་གྱི་བྱེད་སྒོ་མུ་མཐུད་དུ་འཕེལ་རྒྱས་བཏང་སྟེ། འདེབས་གསོའི་དུད་ཆེན་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་། རྫོང་ས་ཁོངས་ཀྱི་ཁེ་ལས་ཆུང་གྲས་ཉམས་གྲས་ཀྱི་ཡིད་རྟོན་གཏོང་འཇོག་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཚན་རྩལ་རང་བཞིན་གྱི་ཞིང་སྡེའི་ཁེ་ལས་དང་། ཚན་རྩལ་ཆེད་མངག་པ་གཤམ་འོག་ནས་ལས་སྐྲུན་བྱེད་པའི་ཡིད་རྟོན་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ལས་ཚན་རྩལ་ཆེད་ཁེ་དེས་མ་དངུལ་འདུ་འཁོར་གཏར་མ་འཇོག་པའི་བྱེད་སྒོ་ཐད་ལ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། ཞིང་ལས་འཕེལ་རྒྱས་དངུལ་ཁང་ལ་རྒྱབ་སྐྱོར་བྱེད་པ་དང་ཞིང་ལས་དང་འབྲེལ་བའི་དངུལ་ལོར་བུན་གཏོང་གི་བྱེད་སྒོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས། ཞིང་ལས་ཀྱི་ཉེན་འགོག་ཉེན་རིགས་དང་ཁྱབ་རྒྱ་ཇེ་ཆེར་བཏང་སྟེ། སྒྲིག་བཀོད་ཞིང་ལས་ཀྱི་ཉེན་འགོག་གྲོན་དངུལ་ཁ་གསབ་ཀྱི་ཚོད་ལྟ་སྤེལ་བ་དང་། ནགས་ཚལ་གྱི་ཉེན་འགོག་གྲོན་དངུལ་ཁ་གསབ་ཀྱི་ཚོད་ལྟ་བྱེད་ཁོངས་རྒྱ་སྐྱེད་པ། ཉ་ལས་རོགས་རེས་ཀྱི་ཉེན་འགོག་འཕེལ་རྒྱས་བཏང་སྟེ། ས་གནས་ཀྱིས་ཁྱད་སྟོབས་ཞིང་ལས་ཐོན་ཐོན་རྫས་ཀྱི་ཐོན་སྐྱེད་ཉེན་འགོག་སྤེལ་བར་རོགས་སྐྱོར་བྱེད་དགོས། ཞིང་ལས་ཡང་བསྐྱར་ཉེན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག་གི་ཞིང་ལས་གནོད་འཚེ་ཆེན་པོའི་ཉེན་འགོག་སྤོ་སྒྱུར་དང་ཐ་ཐོར་གཏོང་བའི་ནང་རྐྱེན་རིམ་བཞིན་འཛུགས་དགོས།

  5.ཞིང་ལས་ཀྱི་ས་ཞིང་སྲིད་ཇུས་གཏན་འཇགས་དང་འཐུས་ཚང་དུ་གཏོང་དགོས།

  འབྲེལ་ཡོད་ཀྱི་བཅའ་ཁྲིམས་བཟོ་བཅོས་དང་འཐུས་ཚང་ཇེ་མགྱོགས་སུ་བཏང་སྟེ། ད་ཡོད་ཀྱི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་གཏན་འཇགས་ཡོང་བར་རྒྱུན་འཁྱོངས་བྱེད་པ་མ་ཟད་ཡུན་རིང་མི་འགྱུར་བའི་སྲིད་ཇུས་དངོས་འབེབ་བྱེད་དགོས། ཁྲིམས་ལྟར་རང་འཐད་དང་རིན་དོད་ཡོད་པའི་རྩ་དོན་ལྟར། ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་དབང་ཆ་རྒྱུན་འཁོར་ལ་ཁྲིད་སྟོན་བྱེད་པ་དང་། རྣམ་པ་སྣ་མང་ལྡན་པའི་བདག་གཉེར་གཞི་ཁྱོན་ཚད་རན་པོ་བྱེད་པ་འཕེལ་རྒྱས་བཏང་སྟེ། ཞིང་ལས་ཐོན་སྐྱེད་བདག་གཉེར་ཀྱི་དཔེ་དབྱིབས་གསར་སྐྲུན་སྐུལ་སྤེལ་གཏོང་དགོས། ཞིང་སྡེའི་ས་ཁོངས་ཞིབ་བཤེར་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་སྟེ། 2012ལོར་ཞིང་སྡེའི་ཐུན་མོང་གི་ས་ཞིང་སྣ་ཚོགས་ཀྱི་རང་བདག་དབང་ཆ་གཏན་ཁེལ་ཐོ་འགོད་དང་དཔང་ཡིག་སྟེར་བའི་ལས་འགན་ཕར་ཆེར་འགྲུབ་ཐུབ་པ་དང་། ཞིང་པ་ཁྱིམ་ཚང་གི་ཁང་ས་འདུས་པའི་ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་ཐད་ཀྱི་བེད་སྤྱོད་ས་ཞིང་གི་རང་བདག་དབང་ཆ་གཏན་ཁེལ་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་སྐུལ་སྤེལ་གཏོང་བ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་ཐོ་འགོད་ཀྱི་ཚོད་ལྟ་བརྟན་བརླིང་ངང་སྐུལ་སྤེལ་བཏང་སྟེ། ནོར་སྲིད་ཀྱིས་བྱ་བའི་གྲོན་དངུལ་ཁ་གསབ་འོས་འཚམ་བྱེད་དགོས། ས་ཞིང་འགན་གཙང་ལེན་བདག་གཉེར་གྱི་དབང་ཆ་རྒྱུན་འཁོར་དོ་དམ་དང་ཞབས་འདེགས་ཞུ་བར་ཤུགས་བསྣན་ཏེ། ས་ཞིང་འགན་གཙང་ལེན་བདག་གཉེར་ཐད་ཀྱི་རྩོད་གླེང་འདུམ་འགྲིག་དང་ཐག་གཅོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ས་ཞིང་དོ་དམ་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེའི་ཐུན་མོང་ས་ཞིང་བསྡུ་ལེན་བྱེད་པའི་འབྲེལ་ཡོད་དོན་ཚན་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་གཟབ་ནན་ལྡན་པའི་ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འབྲོག་ཁུལ་གྱི་རྩྭ་ས་འགན་གཙང་ལེན་གྱི་བྱ་བ་མགྱོགས་མྱུར་ངང་སྐུལ་སྤེལ་གཏོང་དགོས། ཐུན་མོང་གི་ནགས་ཚལ་དབང་ཆ་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ནགས་ཞིང་ཁྱིམ་ཚང་འགན་གཙང་ལེན་གྱི་འབྲེལ་བ་གཏན་འཇགས་སུ་བཏང་སྟེ། 2012ལོར་རྒྱུ་ནོར་བདག་དབང་གསལ་ཞིང་འགན་གཙང་ལེན་ཁྱིམ་ཚང་དུ་འབབ་ཏུ་འཇུག་པའི་བཅོས་སྒྱུར་ལས་འགན་ཕར་ཆེར་འགྲུབ་པར་བྱས་ཏེ། འབྲེལ་ཡོད་ཀྱི་ཆ་ཚང་སྡེག་སྒྲིག་གི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རྒྱལ་དབང་ནགས་ར་དང་རྒྱལ་དབང་ནགས་ཁུལ་གྱི་བཅོས་སྒྱུར་ཚོད་ལྟ་བཟང་སྒྲུབ་བྱེད་དགོས། ཞིང་སྡེའི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་ཁྱབ་སྤེལ་བདང་། ཞིང་སྡེའི་བཅོས་སྒྱུར་ཚོད་ལྟ་ས་ཁུལ་གྱི་བྱ་བར་ཤུགས་སྣོན་དགོས།

  གཉིས། ཚན་རྩལ་གསར་སྐྲུན་གྱི་འདེད་སྐུལ་ལ་རྒྱབ་བརྟེན་ཏེ། དེང་རབས་ཞིང་ལས་ཀྱི་འཛུགས་སྐྲུན་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་དགོས།

  6.ཞིང་ལས་ཚན་རྩལ་གྱི་གསར་སྐྲུན་ཁ་ཕྱོགས་གསལ་བོར་བྱེད་དགོས། རྒྱང་རིང་གི་འཕེལ་རྒྱས་ལ་གཞིགས་ཏེ། ཞིང་ལས་མདུན་ཕྱོགས་ཀྱི་ལག་རྩལ་དང་རྨང་གཞིའི་ཞིབ་འཇུག་ལ་དེང་ཚད་བརྒལ་བའི་བཀོད་སྒྲིག་བྱས་ཏེ། འཛམ་གླིང་ཞིང་ལས་ཀྱི་ལག་རྩལ་ཁྱབ་ཁོངས་ཁྲོད་དུ་གོ་ས་གལ་ཆེན་འཛིན་ཐུབ་པ་བརྩོན་ལེན་བྱེད་དགོས། ཐོན་ལས་ཀྱི་དགོས་མཁོར་ཁ་ཕྱོགས་ཏེ། ཞིང་ལས་ཀྱི་གནད་འགག་ལག་རྩལ་གལ་ཆེན་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་འགག་སྒོ་ལས་སྒྲོལ་བར་ཤུགས་འབྱིན་པ་དང་། ཚན་རྩལ་དང་དཔལ་འབྱོར་ཐ་དད་དུ་གྱུར་བའི་གནད་དོན་དངོས་གནས་ཐག་གཅོད་དགོས། རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་ལ་རྐང་འཛུགས་པ་དང་། ཞིང་ལས་ལག་རྩལ་གྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་ལས་འགན་གཙོ་བོར་འཇོག་པ་དང་། ས་ཞིང་ཐོན་སྐྱེད་བྱེད་ཚད་དང་། ཐོན་ཁུངས་བེད་སྤྱོད་བྱེད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་དམིགས་འབེན་གཙོ་བོར་འཇོག་པ། ཐོན་འཕར་དང་ཡོང་འཕར་གལ་ཆེ་ཆུང་གཅིག་ཏུ་འཛིན་པ། སོན་བཟང་དང་ཐབས་བཟང་ཆ་ཚང་སྒྲིག་པ། ཞིང་ལས་འཕྲུལ་ཆས་དང་ལག་རྩལ་ཟུང་དུ་སྦྲེལ་བ། ཐོན་སྐྱེད་དང་སྐྱེ་ཁམས་མཐུན་སྦྱོར་བྱེད་པ་བཅས་དེ་དག་གཞི་རྩའི་བླང་བྱར་བརྩིས་ཏེ། ཞིང་ལས་ལག་རྩལ་ཕྱོགས་བསྡུས་ཅན་དང། ངལ་རྩོལ་བརྒྱུད་རིམ་འཕྲུལ་ཆས་ཅན། ཐོན་སྐྱེད་བདག་གཉེར་ཆ་འཕྲིན་ཅན་སོགས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཐོན་ཚད་མཐོ་ཞིང་སྤུས་ཚད་བཟང་བ་དང་། ཕན་འབྲས་ཆེ་བ། སྐྱེ་ཁམས་དོ་སྙོམ། གནོད་མེད་བདེ་འཇགས་བཅས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་ལག་རྩལ་མ་ལག་གསར་འཛུགས་བྱེད་དགོས།

  7.ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་དགོས། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་དང་མདུན་ཕྱོགས་རང་བཞིན། སྤྱི་ཕན་རང་བཞིན་བཅས་ལ་བརྟན་བརླིང་ངང་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་ཆེན་པོ་བསྣན་ཏེ། ཞིང་ལས་སྐྱེ་དངོས་ཀྱི་རྒྱུད་འཛིན་སྙོམ་སྒྲིག་ཚོད་འཛིན་དང་འདུས་རྡུལ་སོན་གསོ། ཞིང་ནགས་ཀྱི་སྐྱེ་དངོས་དང་སྲོག་ཆགས་ཀྱི་ལྡོག་འགོག་རྐྱེན་རྩ། ཞིང་ཁའི་ཐོན་ཁུངས་ཕན་ནུས་ཀྱིས་བེད་སྤྱོད་པ། ཞིང་ནགས་སྐྱེ་ཁམས་སླར་གསོ། གནོད་ཡོད་སྐྱེ་དངོས་ཚོད་འཛིན། སྐྱེ་དངོས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་སོགས་ཐད་ནས་རྨང་གཞིའི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་སྐོར་ཞིག་འགག་སྒོ་ལས་སྒྲོལ་བ་བྱེད་དགོས། མདུན་ཕྱོགས་ཀྱི་ལག་རྩལ་ཞིབ་འཇུག་བྱེད་པ་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་སྟེ། ཞིང་ལས་ཀྱི་སྐྱེ་དངོས་ལག་རྩལ་དང་ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པའི་ལག་རྩལ། སྔོན་ཐོན་བཟོ་སྐྲུན་ལག་རྩལ། སྤུས་དག་གི་ཞིང་ལས་ལག་རྩལ་སོགས་ཐད་ནས་རང་བདག་གསར་སྐྲུན་གྱི་གྲུབ་འབྲས་ཆེན་པོ་སྐོར་ཞིག་ཐོབ་པར་བྱས་ཏེ། དེང་རབས་ཞིང་ལས་ཚན་རྩལ་གྱི་མཐོ་གནོན་བཙན་ས་མྱུར་འཕྲོག་བྱེད་དགོས། ཞིང་ལས་ལག་རྩལ་གྱི་འགག་མདོ་ལས་ཐར་བར་ཤུགས་འབྱིན་ཏེ། སོན་བཟང་གསོ་སྤེལ་དང་། མ་གནས་བསྲི་ཞིང་ཟད་གྲོན་ཆུང་བ། ཞིང་ཆུ་བསྲི་འདྲེན། ཞིང་ལས་འཕྲུལ་ཆས་གོ་སྒྲིག སྨན་སྦྱོར་ལུད་རྫས་གསར་པ། འགོས་ནད་འགོག་བཅོས་དང་ཚོད་འཛིན། ལས་སྣོན་དང་གསོག་འཇོག སྐྱེལ་འདྲེན། འཁོར་རྒྱུག་ཞིང་ལས། མཚོ་ཁོངས་ཞིང་ལས། ཞིང་སྡེའི་དམངས་འཚོ་སོགས་ཐད་ནས་གོ་ཆོད་ལག་རྩལ་གྱི་གྲུབ་འབྲས་ཆེན་པོ་སྐོར་ཞིག་ཐོབ་པར་བྱེད་དགོས།

  8.ཞིང་ལས་ཚན་རྩལ་གྱི་གསར་སྐྲུན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྡེ་ཁག་དང་ས་ཁོངས། ཚན་རིག་བཅས་ཀྱི་དབྱེ་མཚམས་མེད་པ་བཟོས་ཏེ། ཚན་རྩལ་ཐོན་ཁུངས་ནུས་ལྡན་གྱིས་མཉམ་སྒྲིག་བྱེད་པ་དང་། རོགས་ལས་གསར་སྐྲུན་གྱི་ནང་རྐྱེན་བཙུགས་ཏེ། ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་དང་། ཞིང་ལས་དང་ཚན་རྩལ། སློབ་གསོ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་དགོས། དོན་ལས་སྡེ་ཁག་གི་རིགས་འབྱེད་བཅོས་སྒྱུར་གྱི་བླང་བྱ་ལྟར། ཞིང་ལས་ཚན་རྩལ་ཞིབ་འཇུག་ཁང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིབ་འཇུག་ཁང་གི་རང་བདག་དབང་ཆ་རྒྱ་ཆེར་བསྐྱེད་དེ། ཞིབ་འཇུག་མི་སྣས་རིག་པ་བསྒྲིམས་ནས་ཞིབ་འཇུག་བྱས་པའི་སྲིད་ཇུས་ཁོར་ཡུག་འབད་པས་སྐྲུན་དགོས། ཞིང་ལས་ཚན་རྩལ་ཞིབ་འཇུག་གི་ལས་གཞི་འཛུགས་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། དམིགས་བཀར་གྱིས་་མངག་བཅོལ་དང་རང་དབང་གིས་ཁ་བྱང་གདམ་པ་དང་ཕན་ཚུན་ཟུང་འབྲེལ་དང་། གཏན་བརླིང་ངང་རྒྱབ་སྐྱོར་དང་ཚད་རན་པོའི་འགྲན་རྩོད་བྱེད་པ་དང་ཕན་ཚུན་ཟུང་འབྲེལ་བྱེད་པ་ལག་ལེན་བསྟར་དགོས། ཞིང་ལས་ཚན་རིག་ཞིབ་འཇུག་གི་གདེང་འཇོག་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། རིགས་བཀར་གདེང་འཇོག་རྒྱུན་འཁྱོངས་བྱེད་པ་དང་། གནོད་དོན་དངོས་ཐག་གཅོད་པར་གཙིགས་སུ་བཟུང་སྟེ། དཔྱད་རྩོམ་ལ་གཙིགས་ཆེ་དང་གསར་གཏོད་ལ་གཙིགས་ཆུང་དང་། གྲངས་ཀར་གཙིགས་ཆེ་དང་སྤུས་ཚད་ལ་གཙིགས་ཆུང་། གྲུབ་འབྲས་ལ་གཙིགས་ཆེ་དང་བཀོལ་སྤྱོད་ལ་གཙིགས་ཆུང་བཅས་བྱེད་པའི་གནས་ཚུལ་སྒྱུར་བཅོས་བྱེད་དགོས། དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་ཤུགས་ཆེན་གྱིས་སྐུལ་སྤེལ་བཏང་སྟེ། ཐོན་ལས་དགོས་མཁོ་ཁྲིད་སྟོན་དུ་བྱེད་པ་དང་། ཞིང་ལས་ཐོན་རྫས་སྡེ་ཚན་དུ་བྱེད་པ། ཐོན་ལས་མུ་འབྲེལ་གཙོ་ཆེན་བྱེད་པ། ཕྱོགས་བསྡུས་ཚོད་ལྟ་བྱ་ཡུལ་གནས་གཞི་བྱེད་པ་བཅས་ཀྱི་ཞིང་ལས་གསར་པའི་ཞིང་ལས་ཚན་རྩལ་ཐོན་ཁུངས་ཀྱི་ཚན་སྡེབ་དཔེ་དབྱིབས་གསར་པ་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་ཁྲོད་ཀྱི་ལག་རྩལ་དཀའ་གནད་དུས་ཐོག་ཏུ་མཐོང་ཐུབ་པ་དང་ཐག་གཅོད་བྱས་ཏེ། ལག་རྩལ་གསར་སྐྲུན་དང་ཚོད་ལྟ་དཔེ་སྟོན། ཁྱབ་འགྱེད་སྐུལ་ཁྲིད་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁྲལ་སྡུད་ཆག་ཡང་དང་ཁེ་ལས་ཀྱི་ཞིབ་འཇུག་གསར་གཏོད་ཀྱི་འགྲོ་གྲོན་གཉིས་གཅིག་ཏུ་བསྣན་ནས་ཕྱིར་འཐེན་དང་། མཐོ་གསར་ལག་རྩལ་གྱི་གཟིགས་སྐྱོང་སྲིད་ཇུས་སོགས་དངོས་འབེབ་བྱས་ཏེ། ཁེ་ལས་ཀྱིས་ལག་རྩལ་ཞིབ་འཇུག་དང་གསར་གཏོད། རིམ་སྤར་བཅས་ཤུགས་སྣོན་པར་རྒྱབ་སྐྱོར་དང་། ཁེ་ལས་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་སྣ་ཚོགས་ཁག་འགན་ཁུར་བར་སྐུལ་བསྟོད་བྱས་ཏེ། རང་བདག་གསར་སྐྲུན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་གསར་སྐྲུན་གྱི་འཐབ་ཇུས་གནའ་འབྲེལ་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། ཞིང་ལས་དང་འབྲེལ་བའི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཞིང་ལས་ལག་རྩལ་སྤོ་སྒྱུར་དང་གྲུབ་འབྲས་གཞན་དུ་གྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཀྱི་ཤེས་བྱ་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཞིང་ལས་ཀྱི་ལག་རྩལ་བརྗེ་རེས་ཚོང་ར་བརྟན་བརླིང་ངང་འཕེལ་རྒྱས་གཏོང་དགོས།

  9.ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི་སྣ་ཚོགས་ཞིང་ལས་ཁྱབ་ཁོངས་སུ་ཕྱོགས་པའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་འཁོར་སྐྱོད་གྲོན་དངུལ་འགན་སྲུང་གི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་ཐེབས་རྩ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། དངུལ་ལོར་ཡིད་རྟོན་དངུལ་བུན་དང་ཉེན་ཁ་རང་བཞིན་གྱི་གཏོང་འཇོག་མ་དངུལ་སོགས་སྤྱི་ཚོགས་ཀྱི་མ་དངུལ་དེ་ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་ནང་དུ་ཞུགས་པར་ཧུར་ཐག་གིས་སྣེ་ཁྲིད་དང་སྐུལ་བསྟོད་བྱེད་དགོས། རྒྱུད་འཛིན་གྱི་སྐྱེ་དངོས་སྒྱུར་བའི་རིགས་རྒྱུད་གསར་པ་གསོ་སྐྱོང་བྱེད་པའི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཞིང་ལས་དང་འབྲེལ་བའི་སྤྱི་ཕན་རང་བཞིན་གྱི་ལས་རིགས་ཚན་རྩལ་ཞིབ་འཇུག་ཐད་ཀྱི་ཆེད་དོན་རྣམ་གྲངས་ཀྱི་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་ཀྱི་ཞིང་ལས་མཐོ་གསར་ལག་རྩལ་གྱི་ཐོན་ལས་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་སྡེ་གླིང་གི་འཛུགས་སྐྲུན་སྐུལ་འདེད་གཏོང་དགོས། གཅིག་གྱུར་གྱིས་འཆར་འགོད་དང་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་ལོངས་སྤྱོད་པའི་བླང་བྱ་ལྟར། ཞིང་ལས་ཁྱབ་ཁོངས་སུ་འབྲེལ་བའི་རྒྱལ་ཁབ་ཀྱི་བཟོ་འགོད་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་། རྒྱལ་ཁབ་ཀྱི་བཟོ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས། ཚན་རྩལ་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་པའི་ལས་སྟེགས་ཀྱི་གྲངས་ཀ་བཅས་ཇེ་མང་དུ་གཏོང་བ་དང་། སྡེ་ཁག་གི་སྒོ་འབྱེད་ཚོད་ལྟ་ཁང་དང་ཚོད་ལྟ་དཔེ་སྟོན་གྱི་རྟེན་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། གྲོང་ཁྱེར་དང་ཏིས་ཀྱི་ཞིང་ལས་འབྲེལ་བའི་ཚན་རྩལ་ཞིབ་འཇུག་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆ་རྐྱེན་ལྡན་པའི་ས་ཁུལ་ཞིག་ཡིན་ཕྱིན་ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་ལས་ཁུངས་སུ་བཞག་སྟེ་ཐད་ཀར་དོ་དམ་བྱེད་པར་སྐུལ་བསྟོད་བྱེད་དགོས། རྒྱལ་སྤྱིའི་ཞིང་ལས་ཚན་རིག་ཞིབ་འཇུག་བརྗེ་རེས་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། ཕྱི་རྒྱལ་གྱི་སྔོན་ཐོན་སྔོན་ཐོན་ཞིང་ལས་ལག་རྩལ་ནང་འདྲེན་དང་གོ་ཤེས། བསྡུ་ལེན་བཅས་བྱེད་དགོས། ཞིང་ལས་ཀྱི་གནམ་གཤིས་ཞིབ་འཇུག་དང་ཚོད་ལྟའི་བྱ་བར་ཤུགས་བསྣན་ཏེ། མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་རྨང་གཞིའི་སྒྲིག་ཆས་དང་ཚན་རྩལ་ནུས་ཤུགས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས།

  10.སོན་ལས་ཀྱི་ཚན་རྩལ་གསར་སྐྲུན་ལེགས་འཛིན་བྱེད་པར་ཤུགས་འབྱིན་དགོས།

  ཚན་རྩལ་གྱིས་ཞིང་ལས་དར་སྤེལ་གཏོང་བ་དང་། སོན་བཟང་སྔོན་དུ་གསོ་སྤེལ་བྱེད་དགོས། སོན་ལས་ཀྱི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་གཏོང་འཇོག་ཇེ་མང་དུ་བཏང་སྟེ། ས་བོན་སྤུས་ལེགས་ཀྱི་ཐོན་ཁུངས་འཚོལ་སྡུད་དང་སྲུང་སྐྱོང་། གསལ་འབྱེད་བཅས་བྱེད་པར་ཤུགས་སྣོན་པ་དང་། སོན་གསོ་ལེགས་སྒྱུར་གྱི་རྒྱུ་ཆ་གསར་བཟོ་བྱས་ཏེ། འགག་སྒྲོལ་རང་བཞིན་གྱི་ས་བོན་སྣ་ཁ་གསར་པ་སྐོར་ཞིག་གསོ་སྤེལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། སོན་གསོ་ཚན་རིག་ཞིབ་འཇུག་གི་ལས་གཞི་གལ་ཆེན་གྱིས་རིགས་རྒྱུད་གསོ་སྤེལ་དེས་ཕུང་པོ་གཅིག་ཏུ་གྱུར་བའི་ས་བོན་ཁེ་ལས་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་གཙོ་བྱེད་པའི་ཚོང་ལས་ཅན་སོན་གསོའི་ནང་རྐྱེན་གསར་པ་མགྱོགས་མྱུར་གྱིས་འཛུགས་དགོས། ས་བོན་ཁེ་ལས་ཀྱི་བཀོད་སྟངས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ཏེ། ཚོང་རར་ཞུགས་ཆོག་གི་སྒོ་ཐེམ་ཇེ་མང་དུ་གཏོང་བ་དང་། ས་བོན་ཁེ་ལས་ཟླ་སྒྲིལ་དང་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། ཁེ་ལས་ཆེ་གྲས་སྡུད་ཉོ་དང་མ་རྐང་འཇོག་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་སོན་ལས་སུ་ཞུགས་པར་བསྐུལ་བསྟོད་བྱེད་དགོས། སོན་ལས་ཀྱི་འཕེལ་རྒྱས་ཐེབས་རྩ་བཙུགས་ཏེ། རིགས་རྒྱུད་གསོ་སྤེལ་གྱིས་ཕུང་པོ་གཅིག་ཏུ་གྱུར་བའི་ས་བོན་ཁེ་ལས་སྐུལ་འདེད་གཏོང་བའི་རྐང་འཛིན་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱེད་པ་དང་། ཁེ་ལས་དང་ཁྱད་སྟོབས་ཚན་ཞིབ་ལས་ཁུངས་དང་མཉམ་དུ་སོན་གསོ་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་མི་སྣ་རྣམས་ཁེ་ལས་དང་མཉམ་ལས་སྒོས་གྲུབ་འབྲས་ལོངས་སུ་སྤྱོད་པར་བསྐུལ་བསྟོད་བྱེད་དགོས། སྲོག་ཆགས་དང་སྐྱེ་དངོས་སོན་བཟང་གི་བཟོ་འགོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ནུབ་བྱང་དང་ནུབ་ལྷོ། མཚོ་ལྷོ་སོགས་ཀྱི་ཁྱད་སྟོབས་ས་བོན་གསོ་སྤེལ་གྱི་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ས་བོན་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ཁང་དང་མཉམ་དུ་ལྟོས་བཅས་ཀྱིས་གཅིག་བསྡུས་དང་གཏན་འཇགས་ཡིན་པའི་ས་བོན་ཐོན་སྐྱེད་རྟེན་གཞི་འཛུགས་པར་བསྐུལ་བསྟོད་བྱས་ཏེ། འབྲུ་རིགས་དང་སྲིང་བལ། སྣུམ་རྒྱུ་བཅས་ཀྱི་ཐོན་སྐྱེད་རྫོང་ཆེན་དུ་སོན་བཟང་གསར་པ་ནང་འདྲེན་གྱི་དཔེ་སྟོན་ར་བ་འཛུགས་དགོས། ཆ་རྐྱེན་དང་མཐུན་པའི་ས་བོན་ཐོན་སྐྱེད་བྱེད་པར་ཉེན་འགོག་ཚོད་ལྟ་ཁྱབ་སྤེལ་བཏང་སྟེ། ས་བོན་གྲབས་གསོག་ཐད་ལ་ནོར་སྲིད་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སོན་རིགས་ཞིབ་བཤེར་གཏན་འབེབ་དང་སྲུང་སྐྱོང་། ཕྱིར་འཐེན་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་བོན་ཐོན་སྐྱེད་དང་བདག་གཉེར་བྱེད་ཁྲོད་ཀྱི་སྲིད་འཛིན་ཆོག་འཐུས་དོ་དམ་ཇེ་དྲག་ཏུ་བཏང་སྟེ། རྫུན་མ་སྤུས་ངན་བཟོས་ནས་བཙོང་བ་དང་། ཚོང་རྟགས་གྲགས་ཅན་བརྫུས་ནས་དབང་ཆར་གནོད་འཚེ་གཏོང་བ། ཧབ་ཐོབ་བརྒྱབ་ནས་རྫུན་ཉོ་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོར་གཏོང་དགོས།

  གསུམ། ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་ནུས་པ་མཐོ་རུ་བཏེགས་ཏེ། ཞིང་ལས་སྤྱི་ཚོགས་ཅན་དུ་ཞབས་འདེགས་ཞུ་བར་ཞུགས་ཆེན་གྱིས་འཕེལ་རྒྱས་གཏོང་དགོས། 

11.གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་གཏོང་བའི་ཞབས་འདེགས་ཇེ་དྲག་ཏུ་གཏོང་དགོས།

  རིམ་པ་སོ་སོའི་ཞིང་ལས་ལག་རྩལ་ཁྱབ་སྤེལ་གཏོང་བའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་སྤེལ་གཏོང་བའི་ཞབས་འདེགས་ནུས་པ་ཇེ་དྲག་ཏུ་གཏོང་བར་ཤུགས་འབྱིན་ཏེ། ཁྱིམ་ཚང་གིས་བདག་གཉེར་བྱེད་པ་དེ་སྔོན་ཐོན་ཚན་རྩལ་དང་ཐོན་སྐྱེད་བྱེད་སྟངས་བེད་སྤྱོད་པའི་ཕྱོགས་སུ་སྒྱུར་དགོས། ཞང་གྲོང་དང་ཡང་ན་ས་ཁོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་འགོས་ནད་འགོག་བཅོས་དང་ཚོད་འཛིན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་སོགས་སྤྱི་པའི་ཞབས་འདེགས་ལས་ཁུངས་ཡོངས་ཁྱབ་ཏུ་འཐུས་ཚང་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་གནས་ས་གཏན་ཁེལ་གསལ་བོར་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་སྟེ་བྱས་ཏེ། སྤྱི་པའི་ཞབས་འདེགས་ལས་ཀྱི་ལས་གནས་འཛུགས་དགོས། གདན་ཞུས་སྐུལ་སྤྱོད་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། ལས་གནས་སུ་ཞུགས་པའི་ཆ་རྐྱེན་གཟབ་ནན་བྱེད་པ། ལས་གནས་ཀྱི་འགན་འཁྲི་དངོས་འབེབ་བྱས་ཏེ། རྫོང་གི་གཙོར་གཉེར་སྡེ་ཁག་དང་ཞང་གྲོང་སྲིད་གཞུང་། ཞིང་པ་གསུམ་ཕྱོགས་ཀྱི་ཐད་ནས་དཔྱད་བསྡུར་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཏུ་རྩ་བ་བཙུགས་པ་དང་། ཞིང་པར་ཞབས་འདེགས་ཞུ་བ་། དཀའ་སྤྱད་ཀྱིས་སྟོབས་ཤུགས་འབུལ་བའི་ཞིང་ལས་ཚན་རྩལ་ཁྱབ་སྤེལ་མི་སྣ་རྣམས་ཀྱི་གླ་ཕོགས་དངོས་གནས་མཐོར་འདེགས་གཏོང་བ་དང་། ཟླ་ཕོགས་གཟིགས་སྐྱོང་དང་བྱས་རྗེས་དང་ལས་ཆོད་ཀྱི་ཟླ་ཕོགས་སྲིད་ཇུས་དངོས་འབེབ་བྱས་ཏེ། ལས་གནས་མི་སྣའི་ཟླ་ཕོགས་ཡོང་སྒོ་དེ་གཞི་རིམ་དོན་ལས་སྡེ་ཁག་མི་སྣའི་ཟླ་ཕོགས་ཡོང་སྒོའི་ཆ་སྙོམས་ཆུ་ཚད་དང་ཕན་ཚུན་འབྲེལ་མཐུད་བྱེད་པ་མངོན་འགྱུར་བྱེད་དགོས། གྲོང་རྡལ་གྱི་ཞིང་ལས་སྤྱི་པའི་ཞབས་འདེགས་དོ་དམ་སྒྲིག་སྲོལ་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་སྟེ། ཞིང་ལས་ཚན་རྩལ་ཁྱབ་གདལ་བྱ་བའི་དོ་དམ་དང་མཛུབ་སྟོན་ལ་ཤུགས་སྣོན་གཏོང་དགོས། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་བྱ་བའི་ཆ་རྐྱེན་དངོས་གནས་ལེགས་བཅོས་བྱེད་པ་དང་། འདེབས་འཛུགས་གཞི་ཁྱོན་དང་ཞབས་འདེགས་ཕན་འབྲས་ལྟར་ཁྱབ་གདལ་བྱ་བའི་འགྲོ་དངུལ་བཀོད་སྒྲིག་བྱེད་དགོས། 2012ལོར་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་མ་ལག་གི་བཅོས་བསྒྱུར་དང་དཔེ་སྟོན་རྫོང་གི་ལས་གཞི་འཛུགས་སྐྲུན་ཕལ་ཆེར་ཞིང་ལས་རྫོང(གྲོང་ཁྱེར་དང་ཆུའུ། ར་བ)ལ་ཁེབས་སུ་འཇུག་པ་དང་། ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་ཁུངས་ཀྱི་ཆ་རྐྱེན་འཛུགས་སྐྲུན་ལས་གཞི་གྲོང་རྡལ་ཡོངས་ལ་ཁེབས་སུ་འཇུག་དགོས། ཞིང་ལས་ཀྱི་གནོད་འགོག་གནོད་འཕྲི་དང་ཐོན་བརྟན་ཐོན་སྤར་གྱི་གནད་འགག་ལག་རྩལ་ཐབས་བཟང་གསབ་དངུལ་ཁ་སྣོན་མང་པོ་བྱེད་དགོས། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་ལས་ཁུངས་ཀྱི་བདག་གཉེར་རང་བཞིན་གྱི་འགན་ནུས་དབྱེ་འབྱེད་མགྱོགས་པོར་བཏང་ནས། ཚོང་ར་ཅན་གྱི་འཁོར་སྤྱོད་བྱེད་སྟངས་ལྟར་སྤྱི་ཕན་རང་བཞིན་གྱི་ཞབས་འདེགས་སྣ་མང་གི་མངོན་འགྱུར་རྣམ་པ་འཚོལ་ཞིབ་བྱེད་དགོས། གཞི་རིམ་ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་ཞབས་འདེགས་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་། རྒྱང་བསྒྲགས་དང་བརྙན་འཕྲིན། དེབ་ཚགས། དྲ་རྒྱ། ལག་ཁྱེར་ཁ་པར་སོགས་དང་སྨྱན་བྱེད་དང་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས། ཞིང་པར་ལས་ཆོད་མཐོ་ཞིང་སྟབས་བདེ། བསྡུས་གསལ་ཐད་མཐོང་། ཕྱོགས་གཉིས་མཉམ་འགུལ་གྱི་ཞབས་འདེགས་འདོན་སྤྲོད་བྱེད་དགོས། གྲོང་བརྡལ་དང་ཡང་ན་འབབ་རྒྱུད་ཆུང་བའི་ཆུ་བེད་དང་གཞི་རིམ་ནགས་ལས་སྤྱི་པའི་ཞབས་འདེགས་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བཏང་ནས། ཞིང་ལས་ཚད་ལྡན་ཅན་གྱི་ཞབས་འདེགས་མ་ལག་འཇུས་ཚང་དུ་གཏོང་དགོས། ཞིང་ལས་དང་ཞིང་སྡེའི་སྤྱི་པའི་གནམ་གཤིས་ཞབས་འདེགས་ཁེབས་ཚད་རྒྱ་ཇེ་ཆེར་བཏང་ནས། ཞིང་ལས་གནམ་གཤིས་ཞབས་འདེགས་དང་ཞིང་སྡེའི་གནམ་གཤིས་གནོད་འཚེ་སྔོན་འགོག་གི་ཚན་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

  12.ཚན་ཞིབ་སློབ་གསོའི་ལས་ཁུངས་ཀྱིས་ཞིང་ལས་ཚན་རྩལ་ཞབས་འདེགས་ཧུར་བརྩོན་གྱིས་ཁྱབ་སྤེལ་བྱེད་པར་ཁྲིད་སྟོན་བྱེད་དགོས།

  མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་ཁང་བཅས་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ནུས་ཤུགས་གལ་ཆེན་ཡིན་པར་ཁྲིད་སྟོན་བྱེད་པ་དང་། "ཞིང་གསུམ"ལ་ཞབས་འདེགས་ཞུ་བའི་ལས་འགན་ཇེ་དྲག་ཏུ་གཏོང་བ། སྐུལ་སློང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཚན་ཞིབ་སློབ་ཁྲིད་མི་སྣ་གཞི་རིམ་དུ་སོང་ནས་ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་འདེགས་བྱ་བ་སྒྲུབ་པར་སྐུལ་འདེབས་བྱེད་དགོས། མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་ཁང་གིས་ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་གཞི་འགན་ཁུར་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་བའི་ཞབས་འདེགས་ཕན་འབྲས་དེ་ཆེད་ལས་ལག་རྩལ་ཐོབ་ཐང་གི་ཞིབ་དཔྱད་དང་གདན་ཞུས་སྐུལ་སྤྱོད། བྱ་བའི་དཔྱད་ཞིབ་བཅས་སུ་བཀོད་ནས་དགེ་རྒན་ཆེན་མོ་ཁྱབ་གདལ་དང་ཞིབ་འཇུག་པ་ཁྱབ་གདལ་ཅན་གྱི་ལམ་ལུགས་སྐུལ་སྤེལ་བྱེད་དགོས། མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་ཁང་གིས་ཞིང་ལས་ཚོད་ལྟའི་དཔེ་སྟོན་རྟེན་གཞི་འཛུགས་པ་ཁྱབ་སྤེལ་དང་། ཆེད་མཁས་པ་སྡོད་པའི་སྡེ་ཁུལ་དང་སློབ་གྲྭ་དང་ཚོང་ར་མཉམ་སྐྲུན། ཚན་ཞིབ་ཁང་དང་རྫོང་མཉམ་སྐྲུན་སོགས་ཀྱི་ཞབས་འདེགས་མ་དཔེ་ཁྱབ་སྤེལ་བྱེད་པ་དང་། ཞིང་ལས་ཚན་རྩལ་གྲུབ་འབྲས་གཅིག་བསྡུས་དང་དུལ་པོར་གྱུར་པ། ཁྱབ་གདལ་བཅས་བྱེད་དགོས། ཚན་རྩལ་ཆེད་མངག་པའི་ཞིང་སྡེའི་ཚན་རྩལ་ལས་སྐྲུན་གྱི་བྱ་འགུལ་ཤུགས་ཆེན་གྱི་སྤེལ་ནས། ཚན་རིག་ཅན་གྱི་ཁེ་ལས་དང་ལག་རྩལ་མཉམ་ལས་རྩ་འཛུགས་སྐུལ་ལྕགས་བྱས་ནས་གསར་འཛུགས་བྱེད་དགོས།

  13.ཞིང་ལས་སྤྱི་ཚོགས་ཅན་གསར་བའི་ཞབས་འདེགས་རྩ་འཛུགས་ལ་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་དགོས།

  སྲིད་གཞུང་གི་མངག་ཉོ་དང་ཕྱོགས་གཏན་མངག་བཅོལ། སུས་འཇོན་དེ་འགུག་སོགས་བྱེད་སྟངས་རྒྱུད་དེ། ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་འདོན་ཚོང་མཉམ་ལས་ཁང་། ཆེད་ལས་ལག་རྩལ་མཐུན་ཚོགས། ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་། ཞིང་འབྲེལ་ཁེ་ལས་སོགས་སྤྱི་ཚོགས་ནུས་ཤུགས་ཞིང་ལས་ཀྱི་ཐོན་སྔོན་དང་ཐོན་དཀྱིལ། ཐོན་རྗེས་བཅས་ཀྱི་ཞབས་འདེགས་ཁྲོད་སྒོ་ཀུན་ནས་ཞུགས་པར་རོགས་སྐྱོར་བྱེད་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་པ་རྩ་འཛུགས་བྱས་ནས་ཚོང་རར་ཞུགས་པ་དང་སྔོན་ཐོན་ལག་རྩལ་བཀོལ་སྤྱོད། དེང་རབས་ཞིང་ལས་གོང་དུ་སྤེལ་བའི་ཧུར་ཐག་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ཁྲིད་སྟོན་ཞབས་འདེགས་ཞུ་བར་ཤུགས་སྣོན་པ། དཔེ་སྟོན་ཁང་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཚད་ལྡན་འཁོར་སྐྱོད་སྐུལ་སྤེལ་བྱེད་དགོས། ཞིང་པའི་ཆེན་ལས་མཉམ་ལས་ཁང་གིས་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་དང་ཡང་ན་མ་རྐང་བཞག་པའི་སྣེ་ཁྲིད་ཁེ་ལས་བཅས་གསར་འཛུགས་བྱེད་པར་རྒྱས་སྐྱོར་བྱེད་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བ་དང་ཕན་ཡོད་ཀྱི་མངོན་འགྱུར་རྣམ་པ་འཚོལ་ཞིབ་བྱས་ཏེ། ཐུན་མོང་རྩ་འཛུགས་ཀྱིས་ཞིང་ཁྱིམ་ཐོན་སྐྱེད་བདག་གཉེར་གྱི་ཞབས་འདེགས་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཆ་རྐྱེན་ལྡན་པའི་གཞི་རིམ་ཁང་གིས་ཞིང་ལས་ཞབས་ཕྱི་ཅན་གྱི་ཁེ་ལས་སྒྲུབ་ཏུ་འཇུག་རྒྱུ་་དང་། ཚན་བཟོ་ཚོང་གསུམ་ཕུང་བོ་གཅིག་ཅན་གྱི་ཞབས་འདེགས་ཅན་གྱི་ཁེ་ལས་གསར་སྐྲུན་བྱེད་པར་སྐུལ་འདེབས་བྱེད་པ་དང་། ཚན་བཟོ་ཚོང་གསུམ་གཞི་གཅིག་ཅན་ཡིན་པའི་ཞབས་འདེགས་ཀྱི་ཁེ་ལས་ཅན་ཚོད་ལྟ་ཁྱབ་སྤེལ་བྱེད་པ་དང་། སྲིད་གཞུང་གིས་དེར་སྤྱི་པའི་ཞབས་འདེགས་བསྡུ་ཉོ་བྱེད་བྱེད་དགོས། ཞིང་སྡེའི་ཕྱོགས་བསྡུས་ཞབས་འདེགས་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཞིང་སྡེའི་ཆ་འཕྲིན་ཅན་སྒོ་ཀུན་ནས་སྤེལ་བ་དང་། ཞིང་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་སྤུས་ཚད་བེད་འཇགས་ཚོད་འཛིན། ཚོང་ར་རྒྱུན་འཁོར་གྱི་ཆ་འཕྲིན་ཞབས་འདེགས་ཆུ་ཚདམཐོར་འདེགས་སུ་གཏོང་བར་གཙོ་ཤུགས་ཕུད་དགོས། ཞིང་སྡེའི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོ་སོགས་དྲ་རྒྱའི་ཐོན་ཁུངས་སྡེབ་སྒྲིག་བཀོལ་སྤྱོད་བྱས་ནས་དྲ་གསུམ་མཉམ་སྦྲེལ་གྱི་ཆ་འཕྲིན་ཞབས་འདེགས་ཀྱི་མགྱོགས་ལམ་འཛུགས་དགོས། རྒྱལ་ཁབ་ཀྱི་ཞིང་སྡེ་ཆ་འཕྲིན་ཅན་དཔེ་སྟོན་ཞིང་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང། གཞི་རིམ་ལ་ཁ་གཏད་པའི་ཞིང་འབྲེལ་ཆ་འཕྲིན་ཞབས་འདེགས་ས་ཚུགས་དང་ཆ་འཕྲིན་དཔེ་སྟོན་སྡེ་བ་འཛུགས་སྐྲུན་གཙོ་གནད་དུ་བཞག་སྟེ་ཤུགས་སྣོན་དགོས། སྐར་མེ་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཚན་རྩལ་ལ་རྟེན་ནས་དམངས་ཕྱུག་རྫོང་དར་གྱི་བྱ་འགུལ་དང་ཚན་རིག་ལ་བརྟེན་ནས་ཞིང་ཕན་སྡེ་དར་འཆར་གཞི་སོགས་བྱ་བ་སྐུལ་འདེད་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།