ཀྲུང་གུང་ཀྲུང་དབྱང་གི་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགའི་སྐོར་གྱི་ཆོད་དོན།(སྨད་ཆ)

བཞི། དེང་རབས་ཞིང་ལས་ཧུར་ཐག་གིས་གོང་དུ་སྤེལ་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་བྱེད་དགོས། 

དེང་རབས་ཞིང་ལས་གོང་དུ་སྤེལ་ན། ངེས་པར་དུ་ཐོན་མཐོ་དང་སྤུས་ལེགས། ཕན་མཐོ། སྐྱེ་ཁམས། བདེ་འཇགས་བཅས་ཀྱི་བླང་བྱ་ལྟར། ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་དང་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་དངོས་པོའི་ལག་རྩལ་སྒྲིག་བཀོད་ལ་ཤུགས་སྣོན་པ། ཞིང་ལས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ། ས་ཞིང་གི་ཐོན་ཚད་དང་ཐོན་ཁུངས་བེད་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་མཐོར་འདེགས་བྱེད་པ། ཞིང་ལས་ཀྱི་ཉེན་འགོག་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ། མཐུད་མུར་འཕེལ་འཐུས་པའི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས། དམིགས་འབེན་གསལ་བོ་དང་འཆར་འགོད་གཏན་འབེབས་བྱེད་པ། མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་སྤྱི་ཡོངས་དང་འབྲེལ་ཞིང་། ཡུན་རིང་ལ་ཤུགས་རྐྱེན་ཐེབས་པའི་དོན་ཆེན་ལེགས་པོར་བསྒྲུབ་དགོས།

  (གཅིག) རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་དགོས། འབྲུ་རིགས་བདེ་འཇགས་ཐད་ནས་དུས་ནམ་ཡང་ལྷོད་ཡངས་སུ་གཏོང་མི་རུང་བ་དང་། ངེས་པར་དུ་དུས་ཡུན་རིང་བོར་དམ་འཛིན་ལྷོད་མེད་བྱེད་དགོས། མཁོ་འདོན་གཏན་འཇགས་ཡོང་བ་དང་གསོག་འཇོག་གིས་འདང་བ། ཚོད་འཛིན་ནུས་ལྡན་དང་སྐོར་སྐྱོད་ཕན་མཐོ་བཅས་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་གོང་དུ་སྤེལ་བ་དེ་དེང་རབས་ཞིང་ལས་འཛུགས་སྐྲུན་གྱི་གོ་གནས་ཨང་དང་པོར་བཞག་སྟེ། འདེབས་ཁྱོན་གཏན་འཇགས་ཡོང་བ་དང་ས་བོན་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། མུའུ་རེའི་ཐོན་ཚད་མཐོར་འདེགས་བྱེད་པ་བཅས་བྱས་ཏེ། ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བསྟུད་མར་ཇེ་དྲག་ཏུ་གཏོང་དགོས། ས་གནས་སོ་སོས་འབྲུ་རིགས་གོང་སྤེལ་གྱི་དམིགས་འབེན་གསལ་བོ་དང་དངོས་འབེབས་བྱེད་པ་དང་། རོགས་སྐྱོར་སྲིད་ཇུས་ཇེ་དྲག་ཏུ་གཏོང་བ། གསོག་འཇོག་ལས་འགན་དངོས་འབེབས་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ཁུར་རོགས་བྱེད་དགོས། འབྲུ་རིགས་འཐབ་ཇུས་བཟོ་འགོད་ལག་བསྟར་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་ལྟེ་གནས་ཐོན་ཁུལ་དང་རྗེས་གྲབས་ཐོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་གསར་དུ་འཕར་བའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་གི་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་བྱེད་པའི་འཆར་འགོད་དངོས་འབེབས་བྱེད་པ་ཇེ་མགྱོགས་སུ་གཏོང་བ། རྫོང་སྡེ་ཚན་བྱས་ཏེ་གཅིག་བསྡུས་སྒོས་མ་དངུལ་གཏོང་བ་དང་ཁྱོན་ཡོངས་གསར་སྤེལ་བྱེད་པ་དེ་ད་ལོ་ནས་བཟུང་རྩ་འཛུགས་དང་ལག་བསྟར་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དེ་ཐོན་ཁུལ་གཙོ་བོར་ཁ་ཕྱོགས་པ་དང་། ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་བྱེད་པའི་ལམ་ལུགས་འཛུགས་པ། འབྲུ་རིགས་གཙོ་ཐོན་རྫོང་ཆེན་པོར་ནོར་སྲིད་ཀྱི་བྱ་དགའ་དང་འབྲུ་རིགས་ཐོན་ལས་འཛུགས་སྐྲུན་གྱི་ལས་གཞི་ཐད་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། འབྲུ་རིགས་ཐོན་འཕར་དང་ཞིང་པའི་ཡོང་སྒོ་འཕར་བ། ནོར་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ཕན་ཚུན་མཐུན་སྦྱོར་ངང་འཕེལ་བ་མངོན་འགྱུར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་པས་འབྲུ་འདེབས་པ་དང་ས་གནས་ཀྱིས་འབྲུ་འདེབས་དམ་འཛིན་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱེད་དགོས། འབྲུ་རིགས་ཉེན་ཁའི་ཐེབས་རྩ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུལ་གཙོ་བོའི་མ་དངུལ་སྡེབ་སྒྲིག་རིམ་བཞིན་མེད་པར་བཟོ་དགོས། ཐོན་འཚོང་དོ་མཉམ་ཁུལ་དང་འཚོང་ཁུལ་གཙོ་བོས་འབྲུ་རིགས་གཙོ་ཐོན་རྫོང་ཆེན་པོ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ས་ཁོངས་ནང་གི་རྨོ་ཞིང་རྒྱ་ཁྱོན་ཇེ་ཉུང་དུ་མི་འགྲོ་བ་དང་འབྲུ་རིགས་ཀྱིས་རང་ཁ་རང་གསོ་ཐུབ་པའི་ཆུ་ཚད་མར་མི་འབབ་པ་ཁག་ཐེག་བྱེད་དགོས། ཚོང་ར་གློད་པ་རྒྱུན་སྲུང་བྱས་ཏེ། འཁོར་རྒྱུག་འཁྲུག་པོར་གཏོང་བ་དང་ཐོན་འཚོང་མཐུད་སྦྲེལ་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་འབྲུ་རིགས་གྲོན་ཆུང་བྱེད་པའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། ཐོན་སྐྱེད་འཛད་སྤྱོད་བྱེད་པའི་གོ་རིམ་ཡོངས་སུ་འབྲུ་རིགས་གྲོན་ཆུང་བྱེད་པའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། འབྲུ་རིགས་ཁྱབ་ཁོངས་ནས་རྒྱལ་སྤྱིའི་བརྗེ་སྤེལ་དང་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ནས། སའི་གོ་ལ་ཡོངས་ཀྱི་འབྲུ་རིགས་མཁོ་འདོན་ལེགས་སྒྱུར་བྱེད་པར་བྱས་རྗེས་འཇོག་དགོས།

  (གཉིས) ཞིང་ལས་སྒྲིག་གཞིའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་དགོས། ཚོང་རའི་དགོས་མཁོ་ལྟར་ཁྲིད་སྟོན་བྱེད་པ་དང་ཚན་རྩལ་གསར་སྤེལ་བྱེད་ཐབས་སུ་བརྩི་བ། སྤུས་ཀའི་ཁེ་ཕན་དམིགས་འབེན་བྱས་ཏེ་དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་བྱེད་དགོས། ཐོན་ལས་བཀོད་སྒྲིག་དང་འཆར་འགོད་བཟང་པོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཁོངས་ཞིང་ལས་ཀྱི་འཕེལ་རྒྱས་གཙོ་གནད་གཏན་འཁེལ་བྱས་ནས། གནས་བབ་ལེགས་པོ་འབུར་དུ་ཐོན་ཞིང་ཁྱད་ཆོས་མངོན་པར་གསལ་བའི་ཐོན་ལས་ཀྱི་མ་རྒྱུད་ཅིག་ཆགས་སུ་འཇུག་དགོས་ཤིང་། ལས་སྣོན་དང་འཁོར་རྒྱུག གསོག་ཉར་དང་སྐྱེལ་འདྲེན་བྱེད་པ་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དེ་གནས་བབ་ལེགས་པོའི་ཐོན་ཁུལ་དུ་གཅིག་བསྡུས་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་སྣུམ་རྒྱུ་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་རྩི་ཤིང་བཟའ་སྣུམ་རང་མཁོ་རང་སྤྲོད་བྱེད་པའི་ཆུ་ཚད་མཐོ་རུ་འདེགས་དགོས། གནས་བབ་ལེགས་པོའི་ཐོན་ཁུལ་དུ་གཅིག་བསྡུས་ཀྱིས་སྲིང་བལ་དང་མངར་ཆའི་རྒྱུ་ཆ་དང་ཞོག་ཁོག་སོགས་ཐོན་འབོར་ཆེ་བའི་ཐོན་རྫས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པ་དང་། སྔོ་ཚོད་དང་སིལ་ཏོག ཇ་ལོ་དང་མེ་ཏོགས་སོགས་ལྡུམ་རའི་ཐོན་རྫས་ཀྱི་རིགས་གཅིག་བསྡུས་རང་བཞིན་དང་སྒྲིག་ཆས་རང་བཞིན་སྒོས་ཐོན་སྐྱེད་བྱེད་པར་སྐུལ་འདེད་བཏང་སྟེ། ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་དང་ཞིང་སྡེའི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལ་རྒྱབ་སྐྱོར་བྱེད་པ། ཕྱུགས་རྒྱུད་ལེགས་སྒྱུར་དང་རིམས་ནད་སྔོན་འགོག་བྱེད་པར་ཤུགས་སྣོན་དགོས། ཆུ་ཐོན་དངོས་རིགས་སྐྱོན་བྲལ་ངང་གསོ་སྤེལ་བྱ་བར་སྐུལ་འདེད་གཏོང་བ་དང་རྒྱ་མཚོ་ཆེན་པོ་ནས་ཉ་འཛིན་པའི་བྱ་བར་རོགས་སྐྱོར་དང་རྒྱ་ཆེར་གཏོང་དགོས། ནགས་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་རི་ཁུལ་གྱི་དཔལ་འབྱོར་དར་རྒྱས་སུ་གཏོང་དགོས། ཞིང་ལས་ཐོན་ལས་ཅན་གྱི་བདག་གཉེར་གོང་དུ་སྤེལ་བ་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྒྲིག་གཞིའི་རིམ་པ་སྤར་བར་ཡར་སྐུལ་བྱེད་ཐོག སྣེ་ཁྲིད་ཁེ་ལས་ལ་རྒྱབ་སྐྱོར་དང་རྒྱ་བསྐྱེད་དེ་ཆས་རྟགས་མིང་གྲགས་ཅན་སྐྱེད་སྲིང་བྱེད་དགོས། ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱེད་སའི་རྫོང་ཁག་ཆེན་པོའི་ནོར་སྲིད་བྱ་དགའི་སྲིད་ཇུས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་གོང་དུ་སྤེལ་བར་ཁྲལ་བསྡུ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཚད་ལྡན་ཅན་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་འཇགས་བྱ་བར་ཤུགས་སྣོན་པ་དང་། ཐོན་ཡུལ་གྱི་ཁོར་ཡུག་དང་ཐོན་སྐྱེད་དངོས་རྫས་བཀོལ་སྤྱོད། ཐོན་སྐྱེད་ལས་རིམ་དང་ཐོན་རྫས་ཀྱི་སྤུས་ཀ་བཅས་ལ་ཐོག་མཐའ་བར་གསུམ་དུ་ལྟ་ཞིབ་དང་ཚོད་འཛིན་ནན་མོ་བྱེད་ཅིང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་བསྡུ་ཉོ། གསོག་ཉར་དང་སྐྱེལ་འདྲེན། ལས་སྣོན་དང་ཕྱིར་ཚོང་བཅས་བྱེད་པའི་གནད་འགག་སོ་སོའི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་དངོས་འབེབས་ཏན་ཏིག་བྱས་ཏེ། ཚད་དང་མི་མཐུན་པའི་ཐོན་རྫས་ཚོང་རར་ཚུད་པར་གཏན་འགོག་བྱེད་དགོས། ལྷད་མེད་ཟས་རིགས་དང་སྐྱེ་ལྡན་ཟས་རིགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་ཐོ་འགོད་དང་ས་བབ་ཀྱི་མཚོན་རྟགས་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ། མཚོ་འགག་ངོགས་གཉིས་ཀྱི་ཞིང་ལས་མཉམ་ལས་ལ་ཤུགས་སྣོན་དགོས།

  (གསུམ) ཞིང་ལས་ཚན་རྩལ་གསར་འབྱེད་ཇེ་མགྱོགས་སུ་གཏོང་དགོས། ཚན་རྩལ་གོང་འཕེལ་ནི་ཞིང་ལས་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་ཐབས་ལམ་ཞིག་ཡིན་ཕྱིར། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་རླབས་རྒྱུན་དང་མཐུན་པར་བྱེད་ཅིང་དེང་རབས་ཞིང་ལས་བསྐྲུན་པར་དམིགས་པ་དང་། ཞིང་ལས་ཚན་རྩལ་རང་བདག་གསར་སྤེལ་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་པ། གདོད་མའི་གསར་སྤེལ་དང་གཅིག་བསྡུས་གསར་སྤེལ། ནང་འདྲེན་དང་ཁོང་དུ་ཆུད་པར་བྱེད་པ་དང་བསྡུ་ལེན་བྱས་རྗེས་ཀྱི་གསར་སྤེལ་བཅས་ལ་ཤུགས་བསྣན་ཏེ། ཞིང་ལས་ལག་རྩལ་གཅིག་བསྡུས་ཅན་དང་ངལ་རྩོལ་གོ་རིམ་འཕྲུལ་ཆས་ཅན། ཐོན་སྐྱེད་བདག་གཉེར་ཆ་འཕྲིན་ཅན་བཅས་ལ་མུ་མཐུད་ནས་ཡར་སྐུལ་བྱེད་དགོས། ཞིང་ལས་ཚན་རྩལ་ཐད་མ་དངུལ་འཇོག་ཚད་ཆེ་རུ་གཏོང་བ་དང་ཞིང་ལས་ཚན་རྩལ་གསར་སྤེལ་ཐེབས་རྩ་འཛུགས་པ་དང་། ཞིང་ལས་ཀྱི་རྨང་གཞི་རང་བཞིན་དང་མདུན་སའི་རང་བཞིན་གྱི་ཚན་རིག་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ནས། གནད་འགག་ཆེ་བའི་ཁྱབ་ཁོངས་དང་སྲོག་ཤིང་ལག་རྩལ་ཐད་མཆོང་བརྒལ་ཆེན་པོ་མངོན་འགྱུར་འབྱུང་བར་བརྩོན་ལེན་བྱེད་དགོས། ཞིང་ལས་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་དང་འདུས་གྲུབ་བཅས་བྱེད་པར་ཤུགས་བསྣན་ནས། སྐྱེ་དངོས་ལག་རྩལ་དང་སོན་བཟང་གསོ་སྤེལ། ཐོན་ལེགས་འདེབས་གསོ་དང་ཞིང་ལས་ཆུ་བེད་གྲོན་ཆུང་། རིམས་ནད་སྔོན་འགོག་དང་གནོད་འགོག་གནོད་འཕྲི་བྱེད་པ་ལ་སོགས་པའི་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་སྤེལ་གཙོ་གནད་དུ་བཞག་སྟེ་རྒྱབ་སྐྱོར་བྱེད་པ་དང་། གཞི་རྒྱུ་སྤོ་སྒྱུར་བྱེད་པའི་སྐྱེ་དངོས་རིགས་གསར་བ་གསོ་སྤེལ་གྱི་ཚན་རྩལ་ཆེད་དམིགས་ཞིབ་འཇུག་གལ་ཆེན་ལག་བསྟར་བྱས་ཏེ། གང་མྱུར་གྱིས་བེད་སྤྱོད་རིན་ཐང་ལྡན་པའི་སོན་བཟང་སྐོར་ཞིག་འདེབས་གསོ་བྱེད་དགོས། ཞིང་ལས་གཞི་ཁྱོན་ཅན་དང་ཞིབ་ཚགས་ཅན། སྒྲིག་བཀོད་ཅན་ལ་སོགས་པའི་རེ་བ་དང་མཐུན་པར་བྱེད་པ་དང་ཕན་ནུས་མང་པོ་ལྡན་པའི་རིག་ནུས་ཅན་དང་དཔལ་འབྱོར་ཅན་གྱི་ཞིང་ལས་སྒྲིག་ཆས་དང་སྒྲིག་བཀོད་གསར་སྤེལ་བྱས་ཏེ། གཙོ་བོ་ཞིང་ཁར་ལས་གཉེར་བྱེད་པ་དང་སྒྲིག་བཀོད་གསོ་སྐྱོང་། གནོད་པ་མེད་པའི་གསོ་སྤེལ་དང་ལས་སྣོན་ཞིབ་ཚགས། གསོག་ཉར་སྐྱེལ་འདྲེན་བྱེད་པ་སོགས་གནད་འགག་ཐུག་ས་ནས་འཕེལ་རྒྱས་གསར་བ་ལེན་དགོས། ཞིང་ལས་ཆ་འཕྲིན་ཞབས་ཞུའི་ལག་རྩལ་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས། ཆ་འཕྲིན་འཚོལ་བསྡུ་དང་ཡང་དག་སྒོས་ལས་སྒྲུབ་བྱེད་པ། ཆ་འཕྲིན་དོ་དམ་དང་ཞིང་སྡེའི་རྒྱང་བསྟེན་གྲངས་ཀ་ཅན་དང་བལྟ་ཆོག་པ་ཅན། གནམ་གཤིས་སྔོན་དཔག་སྔོན་བརྡ་དང་གནོད་འཚེའི་ཉེན་བརྡ་གཏོང་བ་སོགས་ལག་རྩལ་གཙོ་གནད་དུ་བཞག་སྟེ་གསར་སྤེལ་བྱེད་དགོས། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་ཞིང་ལས་ཚན་རྩལ་གསར་སྐྲུན་མ་ལག་དང་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་གྱི་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཞིང་ལས་སློབ་གྲྭ་ཆེན་མོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཀྱི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཆེན་པོའི་རིགས་དང་རིག་གཞུང་ཚན་ཁག་གཙོ་བོ། ཚན་རིག་ཞིབ་འཇུག་རྟེན་གཞི་བཅས་ལ་བརྟེན་ནས་ཞིང་ལས་ཚན་རྩལ་གསར་སྐྲུན་རུ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཞིང་ལས་ཚན་རྩལ་ཐད་ཀྱི་མཐོ་རིམ་འཇོན་མི་དང་ནང་སྒོས་སུ་རྐང་འཛིན་འཇོན་མི་སྐྱེད་སྲིང་བྱེད་དགོས། ཞིང་ལས་ཚན་རྩལ་འཇོན་མིའི་རུ་ཁག་གཏན་འཇགས་དང་རྒྱ་ཇེ་ཆེར་གཏོང་བ་དང་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བར་ཤུགས་བསྣན་ནས་ཞིང་པའི་ལག་རྩལ་གསོ་སྦྱོང་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་སྤོ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་དང་སློབ་གཉེར་དང་ཞིབ་འཇུག་བྱེད་པར་ཡར་སྐུལ་གཏོང་བ། ཞིང་ལས་དང་ཚན་རྩལ་དང་སློབ་གསོ་བཅས་མཉམ་འབྲེལ་བྱེད་པར་ཡར་སྐུལ་བཏང་སྟེ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་དག་ཞིང་པའི་ཆེད་ལས་མཉམ་ལས་ཧྲེ་དང་སྣེ་ཁྲིད་ཁེ་ལས། ཞིང་ཁྱིམ་དང་ལྷན་དུ་རྣམ་པ་གང་རུང་གི་ལག་རྩལ་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། མུ་མཐུད་ནས་རྒྱལ་ཁབ་ཀྱི་ཞིང་ལས་ལག་རྩལ་མཐོ་གསར་ཐོན་ལས་དཔེ་སྟོན་ཁུལ་ལེགས་སྒྲུབ་བྱེད་དགོས་པ་དང་། རྒྱལ་དབང་ཞིང་ར་ནས་སྔོན་ཐོན་ལག་རྩལ་བཀོལ་སྤྱོད་དང་དེང་རབས་ཞིང་ལས་བསྐྲུན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས།

  (བཞི) ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ས་ཞིང་ཆུ་བེད་གཙོར་འཛིན་པའི་ཞིང་ལས་རྨང་གཞིའི་སྒྲིག་བཀོད་ནི་དེང་རབས་ཞིང་ལས་ཀྱི་དངོས་པོའི་ཆ་རྐྱེན་གཙོ་བོ་ཞིག་ཡིན། གཞི་ཁྱོན་ཆེན་པོའི་སྒོ་ནས་ས་ཞིང་ལེགས་བཅོས་ལག་ཏུ་བསྟར་བ་དང་། འཆར་འགོད་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་ཡུག་གཅིག་ཏུ་སྦྲེལ་ཏེ་སྐུལ་འདེད་གཏོང་བ་བཅས་ལེགས་པོར་བསྒྲུབ་པ། ཐོན་འབོར་འབྲིང་ཙམ་དང་དམའ་བའི་ཞིང་ས་བཅོས་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཞིང་པས་ས་ཞིང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ། ས་གཤིས་ཚད་ལེན་བྱས་ཏེ་ལུད་རྫས་འཇོག་ཚུལ་དང་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་ཁྱབ་གདལ་དུ་གཏོང་བ་དང་རྨོ་ཞིང་གི་སྤུས་ཚད་མཐོ་རུ་བཏང་སྟེ། ཐོན་ཚད་མཐོ་ཞིང་བརྟན་བརླིང་ཡིན་པའི་ཞིང་སའི་བསྡུར་ཚད་ཕྱོད་ཆེན་པོ་ས་མང་སྣོན་བྱེད་དགོས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཟང་པོ་བྱེད་པ་དང་ཆུ་བོ་དང་མཚེའུ་ཆེན་པོའི་རིགས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། གཅིག་བསྡུས་ཀྱིས་ཆུ་བེད་བཟོ་འགོད་ཆེ་འབྲིང་གཙོ་གྲས་སྐོར་ཞིག་བསྐྲུན་པ་དང་། ཞིང་ཆུ་གཏོང་ཡུལ་ཆེ་འབྲིང་རིགས་དང་ཞིང་ཆུ་འདྲེན་འབུད་འཕྲུལ་ཆས་སྡེབ་སྒྲིག་བཅོས་སྒྱུར་དང་ཆུ་ཁུངས་བཟོ་འགོད་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། 2020ལོར་ཐོན་དུས་ཞིང་ཆུ་གཏོང་ཡུལ་ཆེ་ཤོས་མཐུད་འཛུགས་ཀྱི་ཆ་ཚང་སྡེབ་སྒྲིག་དང་ཆུ་གྲོན་ཆུང་བྱེད་པའི་སྒྱུར་བཀོད་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱེད་དགོས། ཆུ་མཛོད་ཉེན་ཁའི་རིགས་ཉེན་སེལ་དང་སྲ་བརྟན་དུ་གཏོང་ཚད་ཇེ་མགྱོགས་སུ་བཏང་ནས། 2010ལོའི་ལོ་མཇུག་ལ་ཐོན་དུས་ཆུ་མཛོད་ཆེ་འབྲིང་རིགས་དང་ཆུ་མཛོད་ཆུང་བ་གཙོ་གྲས་ཅན་སྲ་བརྟན་དུ་གཏོང་བའི་ལས་འགན་ལེགས་འགྲུབ་བྱེད་དགོས། དངུལ་གཏོང་ནང་རྐྱེན་གསར་སྐྲུན་བྱེད་པ་དང་བྱ་དགས་ཁ་གསབ་བྱེད་པ་སོགས་ཀྱི་རྣམ་པ་བཀོལ་ནས། ཞིང་པས་ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་བ་དང་འབབ་རྒྱུད་ཆུང་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ལ་སོགས་པའི་ལས་གཞི་བསྐྲུན་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས། ཆུ་བེད་གྲོན་ཆུང་སྒོས་ཞིང་ཆུ་འདྲེན་པ་ཁྱབ་གདལ་དུ་གཏོང་བ་དང་སྐམ་ཞིང་དཔེ་སྟོན་བཟོ་འགོད་ལེགས་པོར་སྒྲུབ་པ། ཞིང་སྤྱོད་བཟོ་ལས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་ཞིང་ལས་འཕྲུལ་ཆས་ཅན་དུ་གཏོང་བ་ཇེ་མགྱོགས་སུ་གཏོང་དགོས། དེང་རབས་ཅན་གྱི་ཆུ་ཚད་མཐོ་ཞིང་ཁེབས་རྒྱ་ཆེ་བའི་བླང་བྱ་ལྟར། སོན་བཟང་གསོ་སྤེལ་མ་ལག་དང་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་རའི་དྲ་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། དེང་རབས་ཀྱི་འབྲུ་རིགས་དངོས་རྫས་བརྗེ་རེས་མ་ལག་དང་ཞིང་ལས་ཐོན་རྫས་གསར་བ་གྲང་ཉར་དང་བརྗེ་རེས་བྱེད་པའི་མ་ལག་འཛུགས་བསྐྲུན་ཇེ་མགྱོགས་སུ་གཏོང་དགོས།

  (ལྔ) ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་བ་ཞིག་འཛུགས་དགོས། གོ་རིམ་ཡོངས་སུ་ཁེབས་ཤིང་ཕྱོགས་བསྡུས་ཀྱིས་ཆ་ཚང་སྡེབ་སྒྲིག་བྱེད་པ། སྟབས་བདེ་ཕན་མཐོ་སྤྱི་ཚོསག་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ་ནི་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། སྤྱི་པའི་ཞབས་ཞུའི་ལས་ཁུངས་རྒྱབ་རྟེན་ཡིན་ཞིང་མཉམ་ལས་དཔལ་འབྱོར་རྩ་འཛུགས་རྨང་གཞི་ཡིན་པ། སྣེ་ཁྲིད་ཁེ་ལས་སྲོག་ཤིང་ཡིན་ཞིང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་ཁ་གསབ་ཡིན་པའི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་བདག་གཉེར་རང་བཞིན་གྱི་ཞབས་ཞུ་ཟུང་འབྲེལ་དང་། ཆེད་དོན་ཞབས་ཞུ་དང་ཕྱོགས་བསྡུས་ཞབས་ཞུ་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་བ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་པར་ཤུགས་སྣོན་པ་དང་། དོ་དམ་སྒྲིག་སྲོལ་གསར་གཏོད་དང་མི་སྣའི་སྤུས་མཚག་མཐོར་འདེགས་སུ་གཏོང་བ་དང་། ལོ་གསུམ་གྱི་ནང་རྒྱལ་ཡོངས་ནས་ཡོངས་ཁྱབ་ཏུ་ཞང་གྲོང་ངམ་ཡང་ན་ས་ཁོངས་རང་བཞིན་ཅན་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་། སྲོག་ཆགས་དང་སྐྱེ་དངོས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་ཞིབ་དོ་དམ་བྱེད་པ་སོགས་སྤྱི་པའི་ཞབས་ཞུའི་ལས་ཁུངས་འཐུས་ཚང་དུ་བཏང་སྟེ། སྡེ་བ་རིམ་པའི་ཞབས་ཞུའི་ས་ཚིགས་རིམ་གྱིས་འཛུགས་དགོས། མཁོ་འཚོང་མཉམ་ལས་ཁང་དང་ཞིང་པའི་ཆེད་དོན་མཉམ་ལས་ཁང་། ཆེད་ལས་ཞབས་ཞུ་ཀུང་ཟི་དང་ཆེད་ལས་ལག་རྩལ་མཐུན་ཚོགས། ཞིང་པ་བར་ཁེ་བ་དང་སྣེ་ཁྲིད་ཁེ་ལས་སོགས་ཀྱིས་ཐོན་སྐྱེད་བདག་གཉེར་ཞབས་ཞུ་རྣམ་པ་སྣ་ཚོགས་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཚོང་ར་གསར་གཏོད་དང་ཞིང་སྡེའི་རྒྱུན་འཁོར་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་དགོས། ཞིང་ལས་ཐོན་རྫས་ཚོང་རའི་མ་ལག་འཐུས་སྒོ་ཇེ་ཚང་དང་ཞིང་ལས་ཆ་འཕྲིན་འཚོལ་བསྡུ་དང་སྤྱི་བསྒྲགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་དེང་རབས་རྒྱུན་འཁོར་བྱེད་ཐབས་གོང་སྤེལ་དང་སྐྱེལ་འདྲེན་ཕྱིར་འཚོང་གོ་རིམ་ཁྲོད་ཀྱི་དངུལ་བསྡུ་ཉུང་འཕྲི་བྱེད་པ། ཡུན་རིང་བོར་བདེ་བགྲོད་ལམ་ཆེན་སྲིད་ཇུས་ལག་བསྟར་བྱས་ཏེ། མགྱོགས་མྱུར་སྒོས་རྒྱུན་འཁོར་མ་རྩ་ཉུང་ཞིང་འཁོར་སྐྱོད་ལས་ཆོད་མཐོ་བའི་ཞིང་ལས་ཐོན་རྫས་བདག་གཉེར་ཕྱིར་འཚོང་དྲ་བ་ཞིག་ཆགས་སུ་འཇུག་དགོས། ཞིང་སྤྱོད་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་བྱེད་པར་འགན་སྲུང་དང་ཞིང་སྡེའི་ཚོང་རའི་སྒྲིག་ལམ་དག་ཐེར་དང་ཚད་ལྡན་དུ་གཏོང་བ་དང་། ཞིང་པར་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཉེས་ཆད་ནན་མོ་གཅོད་དགོས།

  (དྲུག) ཞིང་ལས་མཐུད་མུར་འཕེལ་བར་ཡར་སྐུལ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བླང་བྱ་ལྟར། གྲོན་ཆུང་ཅན་གྱི་ཞིང་ལས་དང་འཁོར་རྒྱུག་ཞིང་ལས། སྐྱེ་ཁམས་ཞིང་ལས་བཅས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དགོས། མུ་མཐུད་ནས་ནགས་ལས་བཟོ་འགོད་གཙོ་བོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བ། སྲིད་ཇུས་འཐུས་སྒོ་ཇེ་ཚང་དང་རྨོ་བསྐྱུར་ནགས་འཛུགས་ཀྱི་འབྲས་བུ་སྲ་བརྟན་དུ་བཏང་སྟེ། སྡོང་འཛུགས་ནགས་སྐྲུན་བྱས་ནས་ནགས་ཚལ་གྱི་ཁེབས་རྒྱ་མཐོ་རུ་འདེགས་དགོས། རྩྭ་ཐང་འཛུགས་སྐྲུན་དང་སྲུང་སྐྱོང་བཟོ་འགོད་ལག་ཏུ་བསྟར་བ་དང་ཕྱུགས་བསྐྱུར་རྩྭ་སྐྱོང་བྱེད་པར་སྐུལ་འདེད་བཏང་ཞིང་། ཆུ་ཡུར་རྩྭ་ཐང་གོང་དུ་སྤེལ་ཏེ་རྩྭ་ཐང་གི་སྐྱེ་ཁམས་སྤང་ཤུན་སླར་གསོ་བྱེད་དགོས། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆུ་ཐོན་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་བྱེད་པར་ཤུགས་བསྣན་ནས་སྐྱེ་འཕེལ་དང་ཕྱིར་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འབབ་རྒྱུད་དང་ས་ཁོངས་གཙོ་བོའི་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐང་རྒོད་ཅན་དང་བྱེ་ཐང་ཅན་བཅོས་སྐྱོང་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། དངོས་རིགས་དཀོན་པོ་དང་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་བྱས་ཏེ། ཕྱིར་ཐོན་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིམས་ནད་དང་གནོད་ལྡན་དངོས་རིགས་ཀྱི་གནོད་འཚེ་སྔོན་འགོག་བྱེད་དགོས། ཐབས་ལམ་མང་པོ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ཕན་ནུས་ཁ་གསབ་མ་དངུལ་གྲབས་གསོག་བྱས་ཏེ། རིམ་བཞིན་ཁ་གསབ་བྱེད་པའི་ཚད་གཞི་ཇེ་མཐོར་གཏོང་དགོས། འབྲུ་སྣུམ་ལོ་ཏོག་མིན་པ་རྒྱུ་ཆའི་སྐྱེ་དངོས་རིགས་རྒྱུའི་ཐོན་ལས་ཧུར་ཐག་གིས་གསོ་སྤེལ་བྱེད་པ་དང་། ཞིང་ནགས་ཞོར་གསུམ་གྱི་ལས་ཐོན་རྫས་དང་བེད་མེད་དངོས་རིགས་ནུས་ཁུངས་ཅན་དང་ཐོན་ཁུངས་ཅན་སྤྱོད་པར་སྐུལ་འདེད་གཏོང་དགོས། ནུས་ཁུངས་གྲོན་ཆུང་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་ཞིང་སྡེའི་བཟོ་ལས་དང་འཚོ་བའི་སྦགས་བཙོག དེ་མིན་ཞིང་ལས་ཕྱོགས་ཀྱི་སྦགས་བཙོག་བཅས་སྔོན་འགོག་བྱེད་པར་ཤུགས་སྣོན་བྱེད་དགོས།

  (བདུན) ཞིང་ལས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། "ཚུར་ནང་འདྲེན་བྱེད་པ"དང"ཕྱི་ཕྱོགས་སུ་སྐྱོད་པ"གཉིས་ཟུང་འབྲེལ་རྒྱུན་སྲུང་བྱེད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་ཀ་དང་ཐོན་ཁུངས་གཉིས་ཀ་གཅིག་བསྡུས་སྒོས་བེད་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཞིང་ལས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། ངལ་རྩོལ་དང་ལག་རྩལ་ཚགས་དམ་པའི་ཐོན་རྫས་ཕྱིར་གཏོང་དང་སྒྲིག་གཞི་རང་བཞིན་ཅན་གྱི་ཐོན་རྫས་དཀོན་པོའི་རིགས་འོས་འཚམ་གྱིས་ནང་འདྲེན་བྱེད་པར་སྐུལ་མ་གཏོང་བའི་རྩ་དོན་ལྟར། ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པའི་འཐབ་ཇུས་འཆར་འགོད་དང་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་ཚོང་རར་ཞིབ་འཇུག་དང་ཆ་འཕྲིན་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་དགོས། ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་སྐབས་ཀྱི་ཞིབ་བཤེར་བརྟག་ཞིབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དགེ་མཚན་ལྡན་པའི་ཐོན་རྫས་ཕྱིར་གཏོང་སའི་ཟུར་སྣོན་རིན་ཐང་དང་སྤུས་ཚད་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་སྟེ་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་ལམ་དང་མཐུན་པའི་ཕྱི་རྒྱལ་ཚོང་པས་ཞིང་ལས་ཐོན་རྫས་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་བདག་གཉེར་བྱེད་པའི་ཆོག་མཐུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་སྤྱད་དེ་མངའ་ཁོངས་ནང་གི་ཞིང་ལས་ལ་འབྲེལ་བའི་ཁེ་ལས་མཉམ་སྒྲིལ་སྐོར་གྱི་བདེ་འཇགས་ཞིབ་བཤེར་ནང་རྐྱེན་འཛུགས་སྐྲུན་བྱེད་དགོས། ཕྱི་ཕྱོགས་ཞིང་ལས་མཉམ་ལས་སྤེལ་བར་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་པ་དང་། ཞིང་ལས་རྒྱལ་ཁོངས་ལས་བརྒལ་བའི་བདག་གཉེར་ཁེ་ལས་གསོ་སྐྱོང་བྱས་ཏེ། རིམ་གྱིས་ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱི་ནས་ཐོན་སྐྱེད་ཉོ་འཚོང་དང་ལས་སྣོན་དང་གསོག་ཉར། སྐྱེལ་འདྲེན་བཅས་བྱེད་པའི་མ་ལག་འཛུགས་དགོས་པ་དང་། རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་སྒྲིག་ལམ་དང་ཚད་གཞི་གཏན་འཁེལ་བྱེད་པར་ཧུར་ཐག་གིས་ཞུགས་ཏེ། དྲང་གཞག་དང་ལུགས་མཐུན་ཡིན་པའི་ཉོ་འཚོང་སྒྲིག་ལམ་ཞིག་ཆགས་པར་ཡར་སྐུལ་གཏོང་དགོས།

  ལྔ། མགྱོགས་མྱུར་སྒོས་ཞིང་སྡེའི་སྤྱི་པའི་ལས་དོན་གོང་དུ་སྤེལ་ཏེ། ཞིང་སྡེའི་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་དུ་འཕེལ་བར་ཡར་སྐུལ་གཏོང་དགོས། 

སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕུང་བོ་གཅིག་ཅན་གྱི་རྣམ་པ་གསར་བ་ཞིག་ཆགས་དགོས་ན། ངེས་པར་དུ་སྤྱི་པའི་ནོར་སྲིད་ཀྱིས་ཞིང་སྡེར་ཁེབས་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཞིང་སྡེའི་སྤྱི་པའི་ལས་དོན་གོང་དུ་སྤེལ་ཏེ། རྒྱ་ཆེའི་ཞིང་པས་སྦྱངས་ན་ཁྲིད་མཁན་ཡོད་པ་དང་ལས་གཉེར་བྱས་པར་ཐོབ་ཆ་ཡོད་པ། ན་བ་བྱུང་ཚེ་ནད་སྟོན་ཐུབ་པ་དང་རྒས་ན་འཚོ་རྟེན་ཡོད་པ། བསྡད་ན་སྡོད་ཁང་ཡོད་དུ་འཇུག་དགོས།

  (གཅིག) ཞིང་སྡེའི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་བསྐྲུན་པའི་ནང་དོན་དང་ཁག་ཐེག་གལ་ཆེན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་ཞིང་སྡེའི་གཡུལ་ས་འཛིན་པ་རྒྱུན་སྲུང་བྱེད་པ་དང་། ཞིང་པའི་ཉིན་རེ་བཞིན་ཇེ་མཐོར་འགྲོ་བའི་བསམ་པའི་རིག་གནས་དགོས་མཁོ་ཚིམ་པར་བྱས་ཏེ། ཞིང་པའི་བསམ་བློའི་ཀུན་སྤྱོད་སྤུས་མཚག་མཐོར་འདེགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སྤྱད་དེ་ཞིང་སྡེའི་ཏང་ཡོན་དག་ལ་དྲག་ཆས་སྤྲས་པ་དང་ཞིང་པ་མང་ཚོགས་ལ་སློབ་གསོ་གཏོང་བ། ཞིང་པར་སྣེ་ཁྲིད་དེ་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བརྟན་པོ་ཆགས་སུ་འཇུག་དགོས། རྒྱང་བསྒྲགས་བརྙན་འཕྲིན་སྡེ་བ་ཡོངས་སུ་ཤར་གཏོང་དང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་བྱེད་པ། ཞང་གྲོང་གི་ཕྱོགས་བསྡུས་རིག་གནས་ཚིགས་དང་སྡེ་བའི་རིག་གནས་ཁང་འཛུགས་སྐྲུན་བྱེད་པ། ཞིང་སྡེ་རུ་བརྙན་འཕྲིན་སྟོན་པ་དང་ཞིང་ཁྱིམ་དཔེ་ཀློག་ཁང་སོགས་དམངས་ལ་ཕན་པའི་རིག་གནས་ལས་གཞི་གལ་ཆེན་གྱི་རིགས་ལ་སྐུལ་འདེད་གཏོང་བ་དང་། བརྟན་བརླིང་ཡིན་པའི་ཞིང་སྡེའི་རིག་གནས་གཏོང་འཇོག་འགན་སྲུང་ནང་རྐྱེན་ཞིག་བསྐྲུན་ཏེ། ཆ་ཚང་ཅན་གྱི་ཞིང་སྡེའི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་ཅིག་གང་མྱུར་གྱིས་ཆགས་སུ་འཇུག་དགོས། ཞིང་སྡེ་བརྗོད་བྱ་ཡིན་པའི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་རོགས་སྐྱོར་གནང་བ་དང་ཞིང་པ་ཞུགས་འདོད་པ་དང་ཞུགས་བདེ་བའི་རིག་གནས་བྱ་འགུལ་སྤེལ་བ། རིག་གནས་དང་ཚན་རྩལ་དང་འཕྲོད་བསྟེན་བཅས"གཞི་རིམ་དུ་སྐྱེལ་བ་གསུམ"གྱི་ཡུན་ཕན་ནང་རྐྱེན་འཛུགས་སྐྲུན་བྱེད་པ་དང་ཞིང་པས་འཁྲབ་སྟོན་ཚོགས་པ་དང་རིག་གནས་ཚོགས་པ་གཞན་དག་གསར་འཛུགས་བྱེད་པར་རོགས་སྐྱོར་བྱེད་པ། གྲོང་ཁྱེར་རིག་གནས་ལས་ཁུངས་ཀྱིས་ཞིང་སྡེ་རུ་ཞབས་ཞུའི་བྱ་བ་རྒྱ་བསྐྱེད་པར་སྣེ་ཁྲིད་བྱེད་དགོས། ཞིང་པ་གླ་རྒྱག་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བར་མཐོང་ཆེན་བྱས་ཏེ། ཁོ་ཚོའི་སྤུས་མཚག་ཇེ་མཐོར་གཏོང་བར་རོགས་རམ་བྱེད་དགོས། དཔལ་ཡོན་གྲོང་རྡལ་དང་དཔལ་ཡོན་ཁྲོམ་ར། དཔལ་ཡོན་ཁྱིམ་ཚང་། དང་བླངས་ཞབས་ཞུ་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་རིག་གནས་གསར་སྤེལ་བྱ་འགུལ་རྒྱ་ཆེན་པོ་སྤེལ་བ་དང་། ཞིང་པས་ཚན་རིག་ལ་བརྩི་མཐོང་དང་དར་སྤེལ་གཏོང་བ། ཁ་བཤད་དོན་ལ་གནས་པ་དང་རྨོངས་དད་མིན་པ། ཡུལ་སྲོལ་སྒྱུར་བ་དང་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་བརྩི་སྲུང་བྱེད་རྒྱུ་དར་སྤེལ་དུ་བཏང་སྟེ། བདེ་ཐང་དང་དཔལ་ཡོན་ལྡན་པའི་འཚོ་བ་རོལ་སྟངས་ཤིག་ཆགས་སུ་འཇུག་པ་དང་ཕོ་མོ་འདྲ་མཉམ་དང་རྒན་བཀུར་བྱིས་སྐྱོང་། ཁྱིམ་མཚེས་བར་འགྲིག་མཐུན་ཡིན་པ་དང་ལས་བརྩོན་ཕྱུག་བསྒྱུར། དེ་མིན་དབུལ་སྐྱོར་རྒུད་སྐྱོབ་བཅས་བྱེད་པའི་སྤྱི་ཚོགས་དར་སྲོལ་ཞིག་ཆགས་སུ་འཇུག་དགོས། ཞིང་སྡེའི་རིག་རྫས་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག ལོ་རྒྱུས་དང་རིག་གནས་གྲོང་རྡལ་མིང་གྲགས་ཅན་དང་ཞིང་སྡེ་མིང་གྲགས་ཅན་སྲུང་སྐྱོང་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་ཞིང་པའི་གཟུགས་གཞི་བདེ་ཐང་བྱ་འགུལ་སྤེལ་དགོས།

  (གཉིས) ཞིང་སྡེའི་སློབ་གསོའི་ལས་དོན་ཤུགས་ཆེན་པོས་ལེགས་སྒྲུབ་བྱེད་དགོས། ཞིང་སྡེའི་སློབ་གསོ་གོང་སྤེལ་དང་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་པའི་ཚན་རིག་དང་རིག་གནས་སྤུས་མཚག་མཐོ་རུ་བཏང་སྟེ། རིག་གནས་ཡོད་ཅིང་ལག་རྩལ་ལ་བྱང་བ་དང་བདག་གཉེར་བྱེད་མཁས་པའི་ཞིང་པ་གསར་བ་སྐྱེད་སྲིང་བྱེད་དགོས། ཞིང་སྡེའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འོས་འགན་སློབ་གསོའི་སྤུས་མཚག་མཐོ་རུ་གཏོང་བ། འོས་འགན་སློབ་གསོའི་རིན་མི་ལེན་པའི་སྲིད་ཇུས་དང་གྲོན་དངུལ་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བྱིས་པ་དང་གཞིས་སྲུང་བྱིས་པ་དང་ནང་སྒོས་སུ་བྱིས་པ་བུ་མོ་རྣམས་འདྲ་མཉམ་སྒོས་སློབ་གྲྭར་ཞུགས་པ་དང་སྦྱོང་ཚན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས་ལ། ཞིང་སྡེའི་སློབ་མའི་འཚོ་བཅུད་ཀྱི་གནས་ཚུལ་ལེགས་བཅོས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས། ཞིང་སྡེའི་མཐོ་རིམ་སློབ་འབྲིང་སྐབས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་སྡེའི་འབྲིང་རིམ་ལས་རིགས་སློབ་གསོ་གཙོ་གནད་དུ་བཞག་སྟེ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། རིམ་བཞིན་རིན་མི་ལེན་པར་བྱེད་དགོས། རྫོང་ཁོངས་ཀྱི་ལས་རིགས་སློབ་གསོའི་གསོ་སྦྱོང་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། ཞིང་པའི་ལག་རྩལ་གསོ་སྦྱོང་བྱེད་པར་ཤུགས་བསྣན་ནས་ཞིང་སྡེར་མཁོ་བའི་འཇོན་མི་རྒྱ་ཆེན་པོས་སྐྱེད་སྲིང་བྱེད་དགོས། དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་ཞིང་སྡེའི་སློབ་གསོར་རོགས་སྐྱོར་ཆེན་པོ་བྱེད་དགོས། སློབ་ཆེན་གྱིས་ཞིང་སྡེར་འཇོན་མི་སྐྱེལ་བ་དང་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་ལ་འབྲེལ་བའི་རིག་གཞུང་ཚན་ཁག་དང་ཆེད་ལས་ལེགས་པོར་བསྒྲུབ་དགོས། འཇོན་མི་ཞིང་སྡེའི་འཐབ་ཕྱོགས་དང་པོར་སོང་ནས་བྱ་བ་སྒྲུབ་པར་སྐུལ་མ་གཏོང་བ་དང་། ཞིང་སྡེ་རུ་ཞབས་ཞུའི་དུས་ཡུན་ལག་བསྟར་བྱེད་པའི་མཐར་ཕྱིན་སློབ་མར་སློབ་ཡོན་དང་སློབ་རོགས་དངུལ་བུན་འཇལ་རོགས་བྱེད་པ་དང་། ཞིབ་འཇུག་སློབ་མ་བསྡུ་ལེན་དང་དགེ་རྒན་འདེམ་བསྐོ་བྱེད་སྐབས་གཟིགས་སྐྱོང་བྱེད་དགོས། ཞིང་སྡེའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཆ་དང་བྱ་བའི་ཆ་རྐྱེན་འགན་སྲུང་དང་ལེགས་བཅོས་བྱེད་དགོས་པ་དང་། ཞིང་སྡེའི་དགེ་རྒན་སྐྱེད་སྲིང་དང་གསོ་སྦྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དགེ་རྒན་གྱི་སྤུས་མཚག་མཐོར་འདེགས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བརྗེ་སྤེལ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་དུ་གྲོང་ཁྱེར་གྱི་དགེ་རྒན་གྲོང་གསེབ་ཏུ་མངགས་ཏེ་སློབ་ཁྲིད་བྱེད་དུ་འཇུག་དགོས། ཞིང་སྡེའི་སློབ་ན་མ་སོན་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་གོང་དུ་སྤེལ་དགོས། རྒྱང་བསྟེན་སློབ་གསོར་ཤུགས་བསྣན་ནས་དུས་ཐོག་ཏུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཞིང་སྡེར་བསྐྱལ་དགོས།

  (གསུམ) ཞིང་སྡེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་གོང་དུ་འཕེལ་བར་ཡར་སྐུལ་གཏོང་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་རྒྱ་ཆེའི་ཞིང་པའི་ལུས་ཕུང་བདེ་ཐང་ཡོང་བ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་འབྲེལ་ཡོད་ཕྱིར། ངེས་པར་དུ་གང་མྱུར་གྱིས་ཞིང་པ་ཡོངས་ལ་ཕན་ཐོགས་དགོས། ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། མ་དངུལ་གྲབས་གསོག་གི་ཚད་གཞི་དང་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བའི་ཁར། ནད་ལྕི་མོའི་རིགས་སྨན་ཁང་དུ་བསྡད་པར་འགན་སྲུང་བྱེད་རྒྱུ་གཙོར་འཛིན་པ་དང་སྒོ་བསྟེན་སྨན་བཅོས་ཆབས་ཅིག་ཏུ་སྒྲུབ་པའི་འགན་སྲུང་རྒྱུན་སྲུང་བྱེད་དགོས། ཞིང་སྡེའི་སྨན་བཅོས་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་རྒྱུན་སྲུང་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་ཐོན་ཁུངས་དག་ཐེར་ལེགས་སྒྲིག་བྱས་ཏེ། ཞིང་སྡེའི་རིམ་པ་གསུམ་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དྲ་བ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྫོང་རིམ་པའི་སྨན་ཁང་གཙོ་གནད་དུ་བཞག་སྟེ་ལེགས་སྒྲུབ་བྱེད་ཅིང་ཞང་དང་གྲོང་རྡལ་རེ་རེ་ནས་འཕྲོད་བསྟེན་ཁང་རེ་སྒྲུབ་པ་དང་། ཞིང་སྡེའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཞིང་པ་བདེ་ཐང་དང་གོང་ཁེའི་གཞི་རྩའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཞིང་སྡེའི་འཕྲོད་བསྟེན་འཇོན་མིའི་རུ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། ཞིང་སྡེའི་འཕྲོད་བསྟེན་འཇོན་མི་དམིགས་བཀར་གསོ་སྐྱོང་དང་གསོ་སྦྱོང་བྱེད་དགོས་པ་དང་། ཞིང་སྡེའི་སྨན་པའི་ཁ་གསབ་དངུལ་ཐག་གཅོད་འོས་འཚམ་བྱས་ཏེ་གྲོང་ཁྱེར་གྱི་སྨན་པས་ཞིང་སྡེར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྔོན་འགོག་གཙོར་འཛིན་པ་རྒྱུན་སྲུང་བྱེད་པ་དང་། ཞིང་སྡེའི་རིན་མི་ལེན་པར་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་པ་དང་རིན་མི་ལེན་པར་རིམས་འགོག་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། སགནས་རང་བཞིན་གྱི་ནད་ཡམས་དང་འགོས་ནད། དེ་མིན་མི་ཕྱུགས་གཉིས་ཀར་ནད་འགོས་པར་སྔོན་འགོག་སྨན་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་སྨན་རྫས་སྡེབ་སྐྱེལ་དང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བྱེད་དགོས་ཤིང་། རྒྱ་ལུགས་གསོ་རིག་དང་མི་རིགས་གསོ་རིག་གི་ཞབས་ཞུ་ཧུར་བརྩོན་སྒོས་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་རྒྱ་ཆེན་པོས་སྤེལ་བ་དང་། བདེ་ཐང་སློབ་གསོར་བརྩི་མཐོང་བྱེད་དགོས། ཞིང་སྡེའི་མ་བུ་བདེ་སྲུང་བྱ་བར་ཤུགས་བསྣན་ནས་རིམ་བཞིན་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་བར་ཁ་གསབ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་དགོས། འཆར་གཞི་བཙའ་སྐྱེའི་གཞི་རྩའི་རྒྱལ་ཇུས་རྒྱུན་སྲུང་བྱེད་པ་དང་། ལེགས་བཙའ་ལེགས་གསོ་སྐུལ་སྤེལ་བྱེད་ཅིང་ཞིང་སྡེའི་ཕྲུ་གུ་སྐྱེ་ཚད་དམའ་བ་གཏན་འཇགས་སུ་གཏོང་དགོས་པ་དང་། འཆར་གཞི་བཙའ་སྐྱེའི་བྱ་དགའ་སྟེར་བ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བྱས་ཏེ། ཕྲུ་གུ་སྐྱེ་འབོར་ལས་ཕོ་མོའི་བསྡུར་ཚད་ཅུང་མཐོ་བའི་གནད་དོན་ནུས་ལྡན་སྒོས་བཅོས་སྐྱོང་བྱེད་དགོས།

  (བཞི) ཞིང་སྡེའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། ཁེབས་རྒྱ་ཆེ་ཞིང་གཞི་རྩར་འགན་སྲུང་བྱེད་པ། རིམ་པ་སྣ་མང་དང་མཐུད་མུར་འཕེལ་མཐུས་པའི་རྩ་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་དགོས། མི་སྒེར་གྱིས་དངུལ་སྤྲོད་པ་དང་ཐུན་མོང་གིས་ཁ་གསབ་བྱེད་པ། སྲིད་གཞུང་གིས་ཁ་སྣོན་བྱེད་རྒྱུ་བཅས་ཟུང་དུ་སྦྲེལ་བའི་བླང་བྱ་ལྟར། ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཉེན་བཅོལ་ལམ་ལུགས་གསར་བ་འཛུགས་དགོས་ཤིང་། མཐུན་རྐྱེན་བསྐྲུན་ཏེ་གྲོང་ཁྱེར་དང་ཞིང་སྡེའི་རྒན་གསོ་ཉེན་བཅོལ་ལམ་ལུགས་ཕན་ནུས་ལྡན་པའི་ངང་འབྲེལ་མཐུད་བྱེད་པའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས། ས་ཞིང་གཞན་གྱིས་བསྡུ་ལེན་བྱས་པའི་ཞིང་པར་སྤྱི་ཚོགས་འགན་སྲུང་ལེགས་སྒྲུབ་བྱེད་པ་དང་། ཐོག་མར་འགན་སྲུང་དང་རྗེས་སུ་བསྡུ་ལེན་བྱས་ཏེ། ས་ཞིང་བསྡུ་ལེན་བྱས་པའི་ཞིང་པའི་གཞི་རྩའི་འཚོ་བ་ཡུན་རིང་བོར་འགན་སྲུང་བྱེད་དགོས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུང་ཚང་དུ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་ནོར་སྲིད་ཁ་གསབ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། འགན་སྲུང་བྱེད་འོས་པ་ཡོད་ཚད་འགན་སྲུང་བྱས་ཏེ་འགན་སྲུང་གི་ཚད་གཞི་དང་ཁ་གསབ་རོགས་སྐྱོར་བྱེད་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱེད་དགོས། ཞིང་སྡེའི་ལྔ་སྐྱོང་གསོ་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། གསོ་སྐྱོང་བྱེད་པའི་ཆུ་ཚད་ནི་ས་དེ་གའི་སྡེ་དམངས་ཀྱི་ཆ་སྙོམས་ཀྱི་འཚོ་བའི་ཆུ་ཚད་དུ་བསླེབ་པར་ཁག་ཐེག་བྱེད་དགོས། ཞིང་སྡེའི་གནོད་ཐེབས་མང་ཚོགས་ལ་སྐྱོབ་རོགས་ལམ་ལུགས་འཐུས་ཚང་གཏོང་དགོས། དམག་མིའི་ཁྱིམ་མི་དང་དཔའ་པོའི་ཁྱིམ་མི། དེ་མིན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་རྨས་མ་དང་དབང་བོ་སྐྱོན་ཅན་སོགས་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དངོས་འབེབས་བཟང་པོ་བྱེད་དགོས། རྒན་པ་དང་དབང་སྐྱོན་ཅན། དྭ་ཕྲུག་དབུལ་བོ་བཅས་ལ་སྐྱོབ་རོགས་དང་དབུལ་སྐྱོར་རྒུད་སེལ་བྱེད་རྒྱུ་དེ་གཙོ་གནད་དུ་བཞག་ཡོད་པའི་སྤྱི་ཚོགས་ཕན་བདེ་དང་སྙིང་རྗེའི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེའི་ལོ་ན་རྒན་པོར་ཞབས་ཞུ་སྒྲུབ་པ་གོང་དུ་སྤེལ་དགོས། ཞིང་སྡེ་རུ་དབང་བོ་སྐྱོན་ཅན་འབྱུང་བར་སྔོན་འགོག་དང་དབང་བོ་སྐྱོན་ཅན་གྱི་ལུས་ཕུང་བདེ་ཐང་སླར་གསོ་བྱ་བར་ཤུགས་བསྣན་ནས། ཞིང་སྡེའི་དབང་བོ་སྐྱོན་ཅན་གྱི་ལས་དོན་གོང་དུ་འཕེལ་བར་ཡར་སྐུལ་བྱེད་དགོས།

  (ལྔ) ཞིང་སྡེའི་རྨང་གཞི་སྒྲིག་བཀོད་དང་ཁོར་ཡུག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེ་འཛུགས་སྐྲུན་བྱས་ཏེ་རྒྱ་ཆེའི་ཞིང་པའི་ཁྱིམ་གཞིས་སྐྱིད་པོ་ཞིག་ཏུ་གཏོང་དགོས་ན། ངེས་པར་དུ་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དངོས་གནས་ལེགས་བཅོས་བྱེད་དགོས། ཞང་དང་གྲོང་རྡལ་གྱི་གྲོང་སྡེ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཚན་རིག་གི་སྒོ་ནས་བཟོ་དགོས། ཞིང་སྡེའི་འཐུང་ཆུ་བདེ་འཇགས་བཟོ་འགོད་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། ལོ་ལྔའི་ནང་ཞིང་སྡེའི་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་བྱེད་དགོས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། "ལྔའི་བཅུ་གཅིག"གི་དུས་མཇུག་ཏུ་ཞང་དང་གྲོང་རྡལ་དུ་སྣུམ་ཞལ(ཨར་འདམ)གཞུང་ལམ་ལས་ནས་ཕལ་ཆེར་འགྲུབ་དགོས་ཤིང་། སྲིད་འཛིན་སྡེ་བ་རུ་སྣུམ་ཞལ(ཨར་འདམ)གཞུང་ལམ་ཡོངས་ཁྱབ་ཏུ་ཤར་གཏོང་བྱས་ཏེ། རིམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ཐོན་ཁུངས་ཕན་ཚུན་འབྲེལ་མཐུད་བྱེད་ཅིང་། སྟབས་བདེ་དང་མྱུར་མོ་ཡིན་པའི་འགྲུལ་སྐྱེལ་དྲ་ཞིག་ཆགས་སུ་འཇུག་དགོས། ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གློག་དྲའི་གློག་ཤུགས་འདོན་སྐྱེལ་དང་བཀོལ་སྤྱོད་མི་འབོར་ལ་ཁེབས་པའི་གཞི་ཁྱོན་རྒྱ་ཆེར་གཏོང་དགོས་ཤིང་། རྫབ་རླངས་དང་སོག་མ་བེད་སྤྱོད་པ་དང་། ཆུ་གློག་ཆུང་བ། རླུང་ནུས་དང་ཉི་ནུས་སོགས་བསྐྱར་འབྱུང་ནུས་ཁུངས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། གཙང་དག་དང་གྲོན་ཆུང་ཅན་གྱི་ཞིང་སྡེའི་ནུས་ཁུངས་མ་ལག་ཅིག་ཆགས་སུ་འཇུག་དགོས། ཞིང་སྡེའི་གཙང་དག་བཟོ་འགོད་ལག་བསྟར་བྱེད་པ་དང་། ཆུ་དང་གསོལ་ཐབ། སྤྱོད་ཁང་དང་ཕྱུགས་ར་བཅས་མགྱོགས་མྱུར་གྱིས་བསྐྱར་བཟོ་བྱས་ནས། གད་སྙིགས་གཅིག་བསྡུས་ཀྱིས་གཙང་ཕུད་བྱས་ཏེ་ཞིང་སྡེའི་འཕྲོད་བསྟེན་ཆ་རྐྱེན་དང་འཚོ་གནས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། རྒྱང་བསྒྲགས་བརྙན་འཕྲིན་དྲ་བ་དང་གློག་འཕྲིན་དྲ། དྲ་སྦྲེལ་བཅས"དྲ་གསུམ་མཉམ་འདྲེས"བྱེད་པར་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་གྱིས་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བཟང་པོ་བྱེད་དགོས། ཞིང་སྡེའི་སྦྲག་སྲིད་ཞབས་ཞུ་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེའི་སྤྱི་པའི་སྒྲིག་བཀོད་སྲུང་སྐྱོང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱེད་པའི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས།

  (དྲུག) ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་དགོས། དུས་རིམ་གསར་བའི་སྐབས་ཀྱི་དབུལ་སྐྱོར་གསར་སྤེལ་ལེགས་པོར་བསྒྲུབ་རྒྱུ་དེས་མི་དམངས་ཡོངས་ཀྱིས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པར་ཁག་ཐེག་བྱེད་པའི་དོན་སྙིང་གལ་ཆེན་ལྡན་ཕྱིར། ངེས་པར་དུ་ཡུན་རིང་གི་ལོ་རྒྱུས་ལས་འགན་ཞིག་ཏུ་བརྩིས་ཏེ་དམ་འཛིན་དང་ལེགས་འཛིན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། རྒྱལ་ཁབ་ཀྱི་དབུལ་སྐྱོར་འཐབ་ཇུས་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་གསར་སྤེལ་རང་བཞིན་ཅན་གྱི་དབུལ་སྐྱོར་བྱེད་ཕྱོགས་རྒྱུན་སྲུང་བྱས་ཏེ། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་གཉིས་ཕན་ནུས་འབྲེལ་མཐུད་བཟང་པོ་བྱེད་དགོས། དབུལ་སྐྱོར་ཚད་གཞི་གསར་བ་ལག་ཏུ་བསྟར་བ་དང་། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་འབོར་ལ་ཁྱོན་ཡོངས་ནས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ། གང་མྱུར་གྱིས་དབུལ་སྐྱོར་བྱེད་ཡུལ་གྱི་ཁ་རྒྱབ་གཉིས་འཛོམས་ཀྱི་གནད་དོན་བརྟན་པོའི་ངང་ཐག་གཅོད་པ་དང་། དབུལ་ཐར་ཕྱུག་འགྱུར་མངོན་དུ་སྒྱུར་བ་དེ་དུས་རིམ་གསར་བའི་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་དང་པོ་འཛིན་དགོས། ཞིང་སྡེའི་དབུལ་ཕོངས་མི་འབོར་གྱི་རང་ཤུགས་ཀྱིས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་དེ་གཙོ་གནད་དུ་བཞག་ནས་མཐོ་རུ་གཏོང་དགོས་ཤིང་། ངལ་རྩོལ་ནུས་ཤུགས་སམ་ནུས་མཐུ་ཤོར་བའི་དབུལ་ཕོངས་མི་འབོར་ལ་སྤྱི་ཚོགས་སྐྱོབ་རོགས་བྱེད་དགོས། གསར་བརྗེའི་ས་ཁུལ་རྙིང་བ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་བཅས་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མུ་མཐུད་ནས་ཏང་སྲིད་ལས་ཁུངས་ཀྱིས་གནད་ས་གཏན་འཁེལ་བྱས་ནས་དབུལ་སྐྱོར་དང་ཤར་ནུབ་རྒྱུད་ཕན་ཚུན་དབུལ་སྐྱོར་རོགས་ལས་བྱས་ཏེ། དབུལ་སྐྱོར་གསར་སྤེལ་ཁྲོད་དུ་ཁེ་ལས་དང་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་དང་དམག་དཔུང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ལེགས་པོར་འདོན་དགོས། དབུལ་སྐྱོར་གསར་སྤེལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་བརྗེ་རེས་བྱེད་པར་ཤུགས་སྣོན་དགོས།

  (བདུན) ཞིང་སྡེའི་གནོད་འགོག་རྒུད་སེལ་གྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། རང་རྒྱལ་གྱི་ཞིང་སྡེ་རུ་རང་བྱུང་གནོད་འཚེ་མང་ཞིང་གནོད་ཐེབས་ས་ཁོངས་ཆེ་བ་དང་། གནོད་འགོག་གནོད་སེལ་གྱི་ནུས་པ་ཞན་པས། ངེས་པར་དུ་ཞིང་སྡེའི་གནོད་འགོག་གནོད་སེལ་བྱ་བར་ཤུགས་སྣོན་དགོས། གནོད་འཚེའི་གནམ་གཤིས་དང་ས་གཤིས་གནོད་འཚེ། ས་འགུལ་བཅས་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་ཆུ་ཚད་མཐོ་རུ་འདེགས་པ་དང་། ཉེས་ཆད་གཅོད་པའི་གྲ་སྒྲིག་ཇུས་གཞིའི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཆེད་ལས་སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ཤིང་། མཁོ་བསྟུན་སྐྱོབ་རོགས་ནུས་པ་ཆེ་རུ་གཏོང་བ་དང་གནོད་འགོག་རྒུད་སེལ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་སྟེ། གནོད་སེལ་ནུས་པ་དང་ཞིང་པས་གནོད་བྱོལ་རང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཐན་པ་དང་ཆུ་ལོག་གི་གནོད་པ་འགོག་སེལ་སྒྲིག་བཀོད་དང་ལྟ་ཞིབ་ཚད་ལེན་སྔོན་བརྡའི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པ་དང་། མགྱོགས་མྱུར་གྱིས་ཞིང་སྡེའི་རྡིབ་ཉེན་ཆེ་བའི་ཁང་བ་བསྐྱར་སྐྲུན་བྱེད་ཅིང་། ཞིང་སྡེའི་བགྲོད་ལམ་དང་གློག་དང་ཆུ་འདོན་པ་དང་། འཕྲིན་གཏོང་སྒྲིག་བཀོད་བཅས་ཀྱི་གནོད་འགོག་འགན་སྲུང་གི་ནུས་པ་མཐོ་རུ་གཏོང་བ་དང་། ཞིང་སྡེའི་སློབ་གྲྭ་དང་སྨན་ཁང་སོགས་སྤྱི་པའི་སྒྲིག་བཀོད་དང་ཨར་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་བདེ་འཇགས་ཚད་གཞི་དང་འགན་འཁྲི་དངོས་འབེབས་བྱེད་དགོས། ནུས་ཤུགས་གང་ཡོད་སྤྱད་དེ་ཝུན་ཁྲོན་ས་འགུལ་གནོད་ཁུལ་གྱི་ཞིང་སྡེ་སླར་གསོ་དང་བསྐྱར་སྐྲུན་བྱ་བ་ལེགས་སྒྲུབ་བྱེད་དགོས་པ་དང་། མ་དངུལ་གཏོང་ཚན་ཆེ་རུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་བྱེད་ཅིང་། མང་ཚོགས་སྐུལ་སློང་བྱས་ནས་གནོད་ཚད་ཆེ་རུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་བྱེད་ཅིང་། མང་ཚོགས་སྐུལ་སློང་བྱས་ནས་གནོད་ཐེབས་ཞིང་ཁྱིམ་གྱི་སྡོད་ཁང་སླར་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་སྒྲིག་བཀོད་བསྐྱར་སྐྲུན་བྱས་ཏེ། ཞིང་ལས་ཐོན་སྐྱེད་དང་ཞིང་སྡེའི་དཔལ་འབྱོར་སྔ་མོ་ནས་སླར་གསོ་བྱེད་དགོས། ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་གནོད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གང་མྱུར་སྒོས་སླར་གསོ་བྱེད་དགོས་པའི་ཁར་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།

  (བརྒྱད) ཞིང་སྡེའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དགོས། ཞིང་པར་ཞབས་འདེགས་ཞུ་བ་དང་ཞིང་པ་རྒྱབ་རྟེན་བྱེད་རྒྱུ་རྒྱུན་སྲུང་བྱེད་པ། ཞིང་སྡེའི་སྤྱི་ཚོགས་དོ་དམ་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་སྡེ་གླིང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་ཡིན་པར་ཁག་ཐེག་བྱེད་དགོས། ཏང་དང་སྲིད་གཞུང་གཙོ་ཁྲིད་ཡིན་པའི་ཞིང་པའི་ཁེ་ཕན་སྲུང་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་ཇེ་མང་དུ་གཏོང་དགོས་ཤིང་། ཞིང་སྡེའི་ཡིག་སྐུར་ངོ་གཏུག་བྱ་བ་ལེགས་སྒྲུབ་བྱེད་པ་དང་མི་དམངས་འདུམ་འགྲིག་ལ་ཤུགས་བསྣན་ནས། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བར་འདུམ་བྱེད་དགོས། ཞིང་སྡེ་ན་ཡོད་པའི་རྒྱ་ཆེའི་ལས་བྱེད་པ་རྣམས་སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་ནས་འཚམས་འདྲིའི་བྱ་བ་ལེགས་པོར་བསྒྲུབས་ཏེ། འགལ་བ་དང་གནད་དོན་གྱི་རིགས་དངོས་གནས་གཞི་རིམ་དུ་ཐག་གཅོད་པ་དང་བྱུང་མ་ཐག་པ་ནས་གཙང་སེལ་བྱེད་དགོས། བདེ་འཇགས་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་སྡེའི་སྲིད་ཁྲིམས་བྱ་བར་ཤུགས་སྣོན་དགོས། ཞིང་སྡེའི་ཉེན་རྟོག་ལས་དོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་གིས་སྔོན་འགོག་དང་བཅོས་སྐྱོང་བྱེད་པ་ལག་ཏུ་བསྟར་ནས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལེགས་སྒྲུབ་བྱེད་དགོས། ཞིང་སྡེའི་མཁོ་བསྟུན་དོ་དམ་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་སེལ་བའི་ནུས་པ་མཐོ་རུ་འདེགས་དགོས། འདྲ་མཉམ་དང་རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་དགོས། ཆོས་ལུགས་དང་རུས་རྒྱུད་སྟོབས་ཤུགས་ལ་བརྟེན་ནས་ཞིང་སྡེའི་སྤྱི་པའི་ལས་དོན་ལ་བར་ཆད་བཟོ་བར་ངོ་རྒོལ་དང་གཏན་འགོག་བྱེད་པ་དང་། ལོག་ཆོས་རྩ་འཛུགས་མཐའ་གཅིག་ཏུ་རྩ་གཏོར་བྱས་ཏེ། སྟོབས་ཤུགས་ངན་པར་རྡུང་རྡེག་ནན་མོ་བྱེད་དགོས།

  དྲུག ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆབ་སྲིད་ཀྱི་ཁག་ཐེག་བརྟན་པོ་ཞིག་འདོན་སྤྲོད་བྱེད་དགོས། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་གཙོ་བོ་ཏང་ལ་རག་ལས་ཡོད། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་འཛུགས་སྐྲུན་བྱེད་པ་དེ་གཙོ་གནད་དུ་བཞག་སྟེ། བཅོས་སྒྱུར་དང་གསར་སྐྲུན་སྙིང་སྟོབས་ཀྱིས་ཞིང་སྡེའི་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱ་འགུལ་ནན་ཏན་གྱིས་སྤེལ་བ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གསར་སྐྲུན་ནུས་པ་དང་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་གི་ནུས་པ་བཅས་ཆེ་རུ་བཏང་སྟེ། ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།

  (གཅིག) ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་ཏང་སྲིད་མཉམ་འཛིན་དོ་དམ། ཞིང་སྡེའི་བྱ་བའི་ཕྱོགས་བསྡུས་སྡེ་ཁག་རྩ་འཛུགས་དང་མཐུན་སྦྱོར་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་དཀྲིས་ཀྱི་ཞིང་སྡེ་བྱ་བའི་མགོ་ཁྲིད་ལམ་ལུགས་དང་བྱ་བའི་ནང་རྐྱེན་ལ་ཤུགས་སྣོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་སྡེའི་བྱ་བ་དེ་ཉིན་རེའི་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་འགོད་པ་རྒྱུན་སྲུང་བྱས་ཏེ། ཞིང་སྡེའི་བྱ་བ་ནི་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པའི་འཐབ་ཇུས་བསམ་བློ་དངོས་གནས་སྲིད་ཇུས་གཏན་འབེབས་དང་བྱ་བ་བཀོད་སྒྲིག ནོར་ཤུགས་གཏོང་འཇོག་དང་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཐད་ནས་མངོན་པར་མཚོན་དགོས་པ་དང་། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གནད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། ཡུལ་བབ་དང་བསྟུན་པ་དང་རིགས་དགར་ནས་མཛུབ་སྟོན་བྱེད་རྒྱུ་རྒྱུན་སྲུང་བྱས་ཏེ་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་དགོས། ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རང་ཉིད་ཀྱིས་དངོས་སུ་ཞིང་སྡེའི་བྱ་བ་དམ་འཛིན་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་ཏང་ཨུའི་འགན་ཁུར་པས་ཞིང་སྡེའི་བྱ་བར་ལས་བགོས་འགན་གཉེར་བྱེད་དགོས་ཤིང་། རྫོང(གྲོང་ཁྱེར)ཏང་ཨུས་བྱ་བའི་གཙོ་གནད་དང་སེམས་ཤུགས་གཙོ་བོ་ཞིང་སྡེའི་བྱ་བའི་སྟེང་འཇོག་དགོས། ཏང་ཨུས་ཞིང་སྡེ་བྱ་བའི་ཕྱོགས་བསྡུས་སྡེ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། འགན་ནུས་གསལ་བོ་ཡིན་ཞིང་འགན་དབང་གཅིག་གྱུར་ཡིན་པ། འཁོར་རྒྱུག་མཐུན་སྦྱོར་ཡིན་པའི་ཞིང་ལས་སྲིད་འཛིན་དོ་དམ་སྒྲིག་སྲོལ་འཛུགས་དགོས། རྫོང་དང་ཞང་གི་ཏང་སྲིད་མགོ་ཁྲིད་ཚན་པ་དང་ནང་སྒོས་སུ་འགན་ཁུར་པ་གཙོ་བོ་ལེགས་འདེམས་དང་བཀོད་སྒྲིག་བཟང་པོ་བྱེད་པར་མཐོང་ཆེན་བྱེད་དགོས། "འབྲས་ཁུག"ཧྲིན་ཀྲང་གིས་འགན་ཁུར་བའི་ལམ་ལུགས་དང"ཚོད་སླེ"ཧྲི་ཀྲང་གིས་འགན་ཁུར་བའི་ལམ་ལུགས་རྒྱུན་སྲུང་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང་སྲིད་སྐྱོང་བྱས་རྗེས་ལྟ་བའི་རེ་བ་མཚོན་པའི་ལས་བྱེད་པ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་དང་ཞིང་པའི་ཡོང་སྒོ་འཕར་སྣོན། རྨོ་ཞིང་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་། འཆམ་མཐུན་གཏན་འཇགས་ཡོང་བ་བཅས་ནི་ས་གནས་དང་ནང་སྒོས་སུ་རྫོང(གྲོང་ཁྱེར)གི་མགོ་ཁྲིད་ཚན་ཁག་གི་བྱས་རྗེས་དཔྱད་ཞིབ་བྱེད་པའི་ནང་དོན་གཙོ་བོ་ཞིག་ཏུ་བརྩི་དགོས། དམངས་འཐུས་དང་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། དམངས་གཙོ་ཏང་ཁག་དང་མི་དམངས་ཚོགས་པ་དང་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ཕན་ནུས་འདོན་སྤེལ་བྱས་ཏེ། མཉམ་དུ་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  (གཉིས) ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ནི་ཏང་གི་ཞིང་སྡེའི་བྱ་བའི་རྨང་གཞི་ཡིན། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པ་གཙོར་འཛིན་པ་དང་། ཏང་རྩ་འཛུགས་འཐུས་ཚང་དུ་གཏོང་བ་ཁག་ཐེག་བྱེད་ཅིང་རིམ་གསུམ་མཉམ་འབྲེལ་བྱ་འགུལ་དེ་ཐེག་བྱེད་བྱས་ནས། ཏང་རྩ་འཛུགས་འཛུགས་སྐྲུན་བྱས་ཏེ་ཚན་རིག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བ་དང་ཞིང་པའི་སྣེ་ཁྲིད་དེ་ཕྱུག་པོ་སྒྱུར་བ། མང་ཚོགས་དང་འབྲེལ་གཏུག་ཟབ་མོ་བྱེད་པ་དང་ཞིང་སྡེའི་གཏན་འཇགས་སྲུང་སྐྱོང་བྱེད་པའི་མགོ་ཁྲིད་ལྟེ་གནས་བརྟན་པོ་ཞིག་ཏུ་གཏོང་དགོས། ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་འདེམས་བསྐོ་བྱེད་ཐབས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། སྡེ་བའི་ཏང་རྩ་འཛུགས་ལྟེ་བར་འཛིན་པའི་སྡེ་བ་རིམ་པའི་རྩ་འཛུགས་ཆ་ཚང་སྡེབ་སྒྲིག་བྱེད་པའི་འཛུགས་སྐྲུན་ལེགས་འཙིན་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས། གུང་གཞོན་ཚོགས་པ་དང་བུད་མེད་འཐུས་མིའི་ཚོགས་ཆེན། ཡུལ་དམག་ལ་སོགས་པའི་རྩ་འཛུགས་དང་ཞང་དང་གྲོང་རྡལ་ཁེ་ལས་ཀྱི་བཟོ་ཚོགས་རྩ་འཛུགས་བཅས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྒྲིག་ལམ་ལྟར་བྱ་བ་སྒྲུབ་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་པའི་རྣམ་པ་གསར་སྐྲུན་བྱས་ཏེ། ཞིང་སྡེའི་སྡེ་གླིང་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཆེད་ལས་མཐུན་ཚོགས་དང་ཐོན་ལས་མུ་རྒྱུད་བཅས་སུ་ཏང་རྩ་འཛུགས་འཛུགས་པའི་བྱེད་ཐབས་ཁྱབ་གདལ་དུ་གཏོང་དགོས། ཞིང་པ་གླ་རྒྱག་ཁྲོད་ཀྱི་ཏང་གི་བྱ་བར་ཤུགས་སྣོན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཕན་ཚུན་རོགས་སྐྱོར་བྱེད་པའི་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་བྱ་བ་གཅིག་གྱུར་ཡིན་པའི་རྣམ་པ་གསར་བ་ཞིག་བསྐྲུན་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱ་འགུལ་སྤེལ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱས་ཏེ་ལོ་གཉིས་ནང་སྲིད་འཛིན་སྡེ་བ་ཡོངས་ལ་ཁེབས་སུ་འཇུག་དགོས།

  (གསུམ) ཞིང་སྡེའི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཡིད་ཆེས་བརྟན་པོ་དང་བྱས་རྗེས་འབུལ་ཕོད་པ། ནུས་པ་ལྡན་ཞིང་ཀུན་སྤྱོད་ལེགས་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དཔུང་སྡེ་འཛུགས་པ་དེ་ནི་ཞིང་སྡེའི་བྱ་བ་ལེགས་པོར་བསྒྲུབ་པར་མཚོན་ན་ཆེས་གལ་ཆེ་བ་ཞིག་རེད། ཞིང་སྡེའི་གཞི་རིམ་ལས་བྱེད་པའི་ཐོན་ཁུངས་རྒྱ་བསྐྱེད་པར་ཤུགས་སྣོན་པ་དང་ཁོ་ཚོའི་སྤུས་མཚག་མཐོར་འདེགས་སུ་གཏོང་བ། ཁོ་ཚོའི་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ཏེ་བྱ་བའི་བརྩོན་སེམས་སྐུལ་སློང་བྱེད་དགོས། ཞིང་སྡེའི་ཕྱུག་སྒྱུར་འཇོན་མི་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དང་རང་ཡུལ་དུ་ལོག་པའི་ཞིང་པ་གླ་རྒྱག་པ་བཅས་ཀྱི་ཁྲོད་དུ་སྡེ་བའི་ལས་བྱེད་པ་འདེམས་བསྐོ་བྱེད་པར་བརྩི་མཐོང་བྱེད་དགོས་པ་དང་། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་རྣམས་ཞིང་སྡེ་རུ་ལས་འགན་འཁུར་བར་སྣེ་ཁྲིད་བྱེད་ཅིང་སྡེ་བ་རེར་སློབ་གྲྭ་ཆེན་མོ་བ་གཅིག་རེ་བཀོད་སྒྲིག་བྱེད་པའི་འཆར་གཞི་ལག་ཏུ་བསྟར་དགོས། ཏང་སྲིད་ལས་ཁུངས་དང་ཁེ་དོན་ལས་ལས་ཁུངས་ཁྲོད་ཀྱི་ན་གཞོན་ལས་བྱེད་པ་ཕུལ་བྱུང་ཅན་རྣམས་ལ་སྐུལ་འདེད་བཏང་སྟེ་སྡེ་བ་རུ་བྱ་བ་སྤེལ་རོགས་བྱེད་དུ་འཇུག་དགོས། སྡེ་བའི་ལས་བྱེད་པ་ཕུལ་བྱུང་ཅན་རྣམས་ཞང་གྲོང་གི་གཞུང་ཞབས་པར་རྒྱུག་བླངས་ནས་བསྡུ་ལེན་བྱེད་པ་དང་གྲོང་རྡལ་གྱི་མགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྡེ་བ་གཞན་ནས་ལས་འགན་འཁུར་བའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པ་དང་། ནོར་སྲིད་བརྒྱུད་སྤྲོད་དང་ཏང་དངུལ་ཁ་གསབ་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ། ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་སྡེ་བའི་ལས་བྱེད་པར་ཐོབ་ཆ་སྤྲོད་པ། རྒན་གསོ་ཉེན་འགོག་དང་ཏང་ཡོན་ལས་བྱེད་པ་གསོ་སྦྱོང་བྱེད་པའི་མ་དངུལ་འགན་སྲུང་ནང་རྐྱེན་ཞིག་ཆགས་སུ་འཇུག་དགོས། གསོ་སྦྱོང་ཐོན་ཁུངས་དག་ཐེར་ལེགས་སྒྲིག་བྱེད་པ་དང་ཞིང་སྡེའི་གཞི་རིམ་ལས་བྱེད་པ་རྒྱ་ཆེར་གསོ་སྦྱོང་བྱས་ཏེ། ཁོ་ཚོས་ཞིང་པ་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཞིང་སྡེའི་ཏང་ཡོན་ལས་བྱེད་པར་དེང་རབས་ཀྱི་རྒྱང་བསྟེན་སློབ་གསོ་སྤེལ་བར་སྐུལ་འདེད་ཏན་ཏིག་བྱེད་པ་དང་ལོ་གཉིས་ཀྱི་ནང་དུ་རྒྱལ་ཡོངས་ཀྱི་ཞིང་སྡེ་རུ་དྲ་རྒྱ་ཕལ་ཆེར་ཁེབས་པ་མངོན་འགྱུར་བྱེད་དགོས།

  (བཞི) ཞིང་སྡེའི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཤིང་། ཏང་ཡོན་བསྡུ་ལེན་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཏང་ཡོན་སློབ་གསོ་དང་དོ་དམ་བྱེད་ཚུལ་ཇེ་ལེགས་སུ་གཏོང་བ་དང་ཏང་ཡོན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་སྤུས་མཚག་མཐོ་བའི་ཞིང་སྡེའི་ཏང་ཡོན་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། ཏང་ནང་གི་གཞི་རིམ་དམངས་གཙོ་རྒྱ་བསྐྱེད་པ་དང་ཏང་ཡོན་གྱི་རྐང་འཛིན་གོ་གནས་ལ་བརྩི་མཐོང་བྱེད་དགོས་ཤིང་། ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ལྟར་འོས་འགན་སྒྲུབ་པ་དང་ཁེ་དབང་སྤྱོད་རྒྱུ་ཁག་ཐེག་བྱེད་དགོས། ཞིང་སྡེའི་ཏང་ཡོན་རྩ་འཛུགས་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱུན་མཁོའི་ལག་རྩལ་བཅས་སློབ་སྦྱོང་བྱེད་དུ་འཇུག་དགོས། ཏང་ཡོན་གྱིས་ལས་རྐང་དང་འགན་འཁྲི་གཏན་འཁེལ་དང་ལས་གནས་ལྟར་ཁས་ལེན་བྱེད་པ། སྔོན་ཐོན་བརྩོན་ལེན་བྱེད་པ་ལ་སོགས་པའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས། ཏང་ཡོན་ལ་དོ་ཁུར་དང་གཅེས་སྐྱོང་བྱེད་པ་དང་ཏང་ནང་ཁུལ་དུ་ཡར་སྐུལ་དང་དོ་ཁུར། རོགས་སྐྱོར་བཅས་བྱེད་པའི་ནང་རྐྱེན་ཞིག་བཙུགས་ཏེ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཏང་རྩ་འཛུགས་ཀྱི་མཉམ་འདྲེས་ནུས་ཤུགས་ཆེ་རུ་གཏོང་དགོས། འཁོར་སྐྱོད་ཏང་ཡོན་དོ་དམ་བྱེད་པར་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་སྟེ། གྲོང་ཁྱེར་དང་ཞིང་སྡེ་གཅིག་བསྡུས་ཡིན་པའི་ཏང་ཡོན་གྱི་གནས་ཚུལ་དོ་དམ་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། ན་གཞོན་ཞིང་པ་ཕུལ་བྱུང་ཅན་གྱི་ཁྲོད་དུ་ཏང་ཡོན་བསྡུ་ལེན་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས་ཤིང་། ཏང་ཡོན་བསྡུ་བའི་ནང་རྐྱེན་གསར་བ་འཚོལ་ཞིབ་བྱས་ཏེ་ཏང་ཡོན་བསྡུ་ལེན་གྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།

  (ལྔ) ཞིང་སྡེའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་གི་སྔར་སྲོལ་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཆེན་པོ་བྱེད་ཅིང་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་ནི། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་བྱ་བ་ལེགས་པོར་སྒྲུབ་པ་ཁག་ཐེག་གལ་ཆེན་ཞིག་ཡིན། སློབ་གསོ་དང་ལམ་ལུགས། ལྟ་སྐུལ། བཅོས་སྒྱུར། འཆལ་ཚུལ་ཡོ་བསྲང་དང་ཉེས་ཆད་གཅོད་པ་བཅས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་ཆད་གཅོད་དང་རུལ་སུངས་སྔོན་འགོག་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཕུགས་བསམ་དང་ཡིད་ཆེས་ཀྱིས་བལྟམས་པ་དང་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱེད་པ་རྨང་གཞིར་བཟུང་སྟེ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་དུ་གཏོང་བའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། དངོས་ཐོག་བདེན་འཚོལ་དང་གཞུང་དྲང་ཚུལ་མཐུན། དཀའ་སྤྱད་འབད་བརྩོན་བཅས་བྱེད་པའི་སྤྱོད་ཚུལ་དར་སྤེལ་བཏང་ནས། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་སྤྱོད་གཙང་རང་གཅུན་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དབང་ཆ་སྤྱོད་པར་ཚོད་འཛིན་དང་ཚད་ལྡན་དུ་གཏོང་བ་ལྟེ་བར་བཟུང་སྟེ་སྲིད་དོན་སྤྱི་བསྒྲགས་དང་སྡེ་བའི་ལས་དོན་སྤྱི་བསྒྲགས། ཏང་གི་ལས་དོན་སྤྱི་བསྒྲགས་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་ཐུན་མོང་གི་མ་དངུལ་དང་རྒྱུ་ནོར་དང་ཐོན་ཁུངས་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཤིང་། ལམ་ལུགས་ལྟར་དབང་ཆ་དང་བྱ་བ་དང་མི་སྣ་བཅས་དོ་དམ་བྱེད་དགོས། ཞིང་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་གཙོར་བཟུང་སྟེ་ཏང་གི་ཞིང་སྡེའི་སྲིད་ཇུས་དངོས་འབེབས་བྱས་ཚུལ་ལ་དམིགས་ནས་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས་པ་དང་། ཞིང་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་འབུར་ཐོན་ཅན་དངོས་གནས་ཡོ་བསྲང་བྱེད་པ་དང་། ཞིང་ལས་དང་འབྲེལ་བའི་ཁྲིམས་འགལ་ལུགས་འགལ་གྱི་གྱོད་དོན་གཟབ་ནན་སྒོས་ཐག་གཅོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དབང་ཆ་དམངས་ཀྱི་དོན་དུ་བཀོལ་བ་དང་བརྩེ་སེམས་དམངས་ལ་བཅངས་པ། ཁེ་ཕན་དམངས་ཀྱི་དོན་དུ་བརྩོན་ལེན་བྱེད་པ། མང་ཚོགས་ཀྱི་སྐྱིད་སྡུག་ལ་དོ་ཁུར་བྱེད་པ་དང་མང་ཚོགས་ཀྱི་འབོད་སྐུལ་ལ་ཉན་པ་བཅས་བྱས་པ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་བདེན་བཤད་བྱེད་པ་དང་དོན་དངོས་སྒྲུབ་པ། ཕན་འབྲས་དངོས་སྙེག་པ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་གནས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། དོན་དངོས་ཀྱི་བྱས་རྗེས་ཧུར་ཐག་གིས་བསྐྲུན་དགོས།

  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་སྐབས། ཆེས་དཀའ་ཚེགས་དང་ཆེས་ལྕི་བའི་ལས་འགན་ནི་ཞིང་སྡེར་ཡོད་པ་དང་། ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྨང་གཞི་ཡང་ཞིང་སྡེར་ཡོད། ཏང་ཡོངས་ཀྱི་བློ་མཐུན་གྱིས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་དང་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་བྱེད་པ། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཞིང་སྡེའི་བྱ་བའི་རྣམ་པ་གསར་བ་གསར་གཏོད་གང་ཐུབ་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།