ཀྲུང་གུང་ཀྲུང་དབྱང་གི་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགའི་སྐོར་གྱི་ཆོད་དོན།(སྟོད་ཆ)

ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ།ཀྲུང་སྤེལ〔2008〕ཡིག་ཨང16པ།

  2008ལོའི་ཟླ10པའི་ཚེས12ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་།ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནས་བབ་དང་ལས་འགན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཤིང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་སུམ་བཅུ་ལོན་པའི་སྐབས་སུ། རང་རྒྱལ་གྱི་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གཟི་འོད་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ཉམས་མྱོང་རྩ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱི་མིག་ལྟ་བ་དང་སྤྱི་སྡོམ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ངོས་ཟིན་སྔར་བས་གཅིག་གྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་འཆར་འགོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ནི། ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་མཐར་ཕྱིན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་གསར་བ་ལེན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་བ་གསར་གཏོད་བྱེད་པ་བཅས་ལ་གལ་ཆེ་ཞིང་ཕུགས་རིང་བའི་དོན་སྙིང་ལྡན་པ་རེད། ཚང་འཛོམས་གྲོས་ཚོགས་སྟེང་གནས་བབ་གསར་བའི་འོག་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགར་ཞིབ་འཇུག་བྱས་ནས། གཤམ་གྱི་ཆོད་དོན་བཏོན་པ་སྟེ། 

གཅིག གནས་བབ་གསར་བའི་འོག་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན།

  ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོ་ནས། ང་ཚོ་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དེ་རང་རྒྱལ་གྱི་བྱེ་བྲག་གི་དོན་དངོས་དང་ཟུང་དུ་སྦྲེལ་བ་རྒྱུན་སྲུང་བྱས་ཏེ། ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ལ་དུས་ནམ་ཡང་གཙིགས་མཐོང་ཆེན་པོ་བྱས་པ་དང་ལྟ་སྟངས་ཡང་དག་བཟུང་ནས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པས། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་གསར་བའི་རྒྱལ་ཁའི་བགྲོད་ལམ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བགྲོད་ལམ་བཟང་པོ་ཞིག་བཏོན་པ་རེད། 1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་སྟེང་བཞག་པ་དང་། བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཆོད་བཏོན། ང་ཚོ་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁོང་དུ་ཆུད་པ་དང་། ཞིང་པའི་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། སྔོན་ལ་ཞིང་སྡེ་ནས་བཅོས་སྒྱུར་བྱེད་འགོ་བརྩམས་པ་མ་ཟད། རྒྱལ་ཡོངས་སུ་ཁྱབ་གདལ་ཤུགས་དྲག་བྱས་ཏེ། མི་དམངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་འབྲི་བར་སྣེ་ཁྲིད་བྱས། ཟིལ་རླབས་དགུང་དུ་འཕྱུར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད། ང་ཚོ་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་བཅས་ཀྱིས་མཛུབ་སྟོན་གནང་བ་རྒྱུན་སྲུང་བྱས་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཤིང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་ལྷན་སྐྱོད་བཅས་བྱས་ཏེ། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་བསྟུད་མར་སྐུལ་འདེད་བཏང་བས། རང་རྒྱལ་གྱི་ཞིང་སྡེའི་འཕེལ་རྒྱས་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། མི་དམངས་ཀུང་ཧྲེ་མེད་པར་བཏང་སྟེ། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་བདག་གཉེར་བྱེད་སྟངས་རྨང་གཞི་ཡིན་པ་དང་། གཅིག་གྱུར་དང་ཁ་འགྲེམ་གཉིས་ཟུང་འབྲེལ་བྱེད་པའི་ཉིས་བརྩེགས་ཅན་གྱི་བདག་གཉེར་སྒྲིག་སྲོལ་བཙུགས་ཏེ། ཞིང་ལས་ཐོན་རྫས་ཚོང་ར་ཁྱོན་ཡོངས་ནས་སྒོ་འབྱེད་བྱས་པ་དང་། ཞིང་ལས་དཔྱ་ཁྲལ་མེད་པར་བཟོས་ནས། ཞིང་པར་ཐད་ཀར་ཁ་གསབ་བྱེད་པ་ལག་བསྟར་བྱས་པས། རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྤྱི་ཚོགས་ཐོན་སྐྱེད་ནུས་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་ཞིང་སྡེའི་དཔལ་འབྱོར་སྒྲིག་སྲོལ་རགས་ཙམ་ཆགས་པ་དང་། འབྲུ་རིགས་ཐོན་སྐྱེད་ཐད་ནས་བསྟུད་མར་སྐས་རིམ་གསར་བར་སྤོས་པ་དང་། ཞིང་ལས་ཐོན་རྫས་མཁོ་འདོན་ཐད་ནས་ཉིན་བཞིན་ཕུན་སུམ་ཚོགས་པར་སོང་ཞིང་། ཞིང་པའི་ཡོང་སྒོ་ཕྱོད་ཆེན་པོས་ཇེ་མང་དུ་སོང་ལ། དབུལ་སྐྱོར་གསར་སྤེལ་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ་དང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་འབོར་དུང་ཕྱུར་བཅུ་གསུམ་གྱི་ཁ་རྒྱབ་གནད་དོན་ཐག་བཅད་པ་རེད། ཞང་དང་གྲོང་རྡལ་ཁེ་ལས་ཞེས་པའི་སྟོབས་ཤུགས་གསར་བ་ཞིག་གློ་བུར་དུ་བྱུང་ཞིང་། གྲོང་རྡལ་ཆུང་བ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་ལ། ཞིང་སྡེའི་ཚོང་ར་དར་ཞིང་རྒྱས་པ། ཞིང་སྡེའ་ངལ་རྩོལ་པ་གཞི་ཁྱོན་ཆེ་བའི་སྒོ་ནས་གནས་སྤོ་ལས་ཀར་ཞུགས་ཤིང་། ཞིང་པ་གླ་རྒྱག་པ་དུང་ཕྱུར་མང་པོ་ཞིག་ཐོན་ལས་བཟོ་པའི་གྲུབ་ཆ་གལ་ཆེན་དུ་གྱུར་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བཟོ་ལས་ཅན་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སྐུལ་འདེད་ཇེ་མགྱོགས་སུ་བཏང་བས། དུས་སྐབས་གསར་བའི་བཟོ་ཞིང་མནའ་འབྲེལ་དངོས་གནས་སྲ་བརྟན་དུ་བཏང་། ཞིང་སྡེའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་བསྟུད་མར་ཤུགས་བསྣན་པ་དང་། སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་ངང་གོང་དུ་སྤེལ་བས། རྒྱ་ཆེའི་ཞིང་པའི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད། བདེ་ཐང་སྤུས་མཚག་བཅས་མཐོར་འདེགས་མངོན་གསལ་བྱུང་བ་དང་། ཞིང་སྡེའི་ཏང་གི་འཛུགས་སྐྲུན་ལ་བསྟུད་མར་ཤུགས་བསྣན་པ་དང་། སྡེ་བའི་ཏང་རྩ་འཛུགས་ལྟེ་བ་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་ཆ་ཚང་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས། ཏང་གིས་ཞིང་སྡེ་ནས་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་བཏང་། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རླབས་ཆེ་བའི་ལག་ལེན་ལས་ཞིང་པ་དུང་ཕྱུར་མང་པོའི་བརྩོན་སེམས་ལ་སྐུལ་སློང་ཆེན་པོ་བཏང་བ་དང་། ཞིང་སྡེའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པར་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་ཐོབ་ལ། རྒྱ་ཆེའི་ཞིང་པའི་དངོས་པོ་དང་རིག་གནས་འཚོ་བ་ལེགས་སྒྱུར་ཆེན་པོ་བྱས་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི། ཞིང་སྡེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རླབས་ཆེ་བའི་ལག་ལེན་ལས་རང་རྒྱལ་རྒྱལ་སྤྱི་ཚོགས་རིང་ལུགས་དམའ་རིམ་དུས་སྐབས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་བྱས་པས། མི་དམངས་ཀྱི་འཚོ་བའི་ཐད་ནས་ཁ་རྒྱབ་གནད་དོན་གནད་དོན་ཐག་གཅོད་མི་ཐུབ་པ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་བསྐྱོད་པའི་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱེད་པར་བྱས་རྗེས་་ཆེན་པོ་བཞག་ལ། དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ལས་རྒྱལ་བ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་གཏན་འཇགས་ཡོང་བ་རྒྱུན་སྲུང་བྱེད་པར་རྨང་གཞི་བརྟན་པོ་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པར་ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་པ་རེད། ལག་ལེན་ལས་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་སྲུང་དང་། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་རྒྱུན་སྲུང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་བྱེད་པའི་ཁ་ཕྱོགས་རྒྱུན་སྲུང་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་སྲུང་། ཞིང་པའི་དངོས་པོའི་ཁེ་ཕན་དང་དམངས་གཙོ་ཁེ་དབང་འགན་སྲུང་བྱེད་པ་རྒྱུན་སྲུང་བཅས་བྱས་ཚེ། ད་གཟོད་ཞིང་སྡེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བསྟུད་མར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་སྟེ། ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་ཐུབ་པ་ར་སྤྲོད་བྱུང་།

  མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་མུ་མཐུད་དུ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ལ། རང་རྒྱལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས་དེ་གནད་འགག་གི་དུས་རིམ་དུ་ཐོན་ཡོད། ང་ཚོས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དུས་ཡུན་དམ་འཛིན་དང་བེད་སྤྱོད་གང་ལེགས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཆེན་པོ་རྒྱལ་ཁའི་ངང་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ན། སྔར་ལས་རང་འགུལ་གྱིས་བསམ་བློ་བཅིངས་འགྲོལ་བྱེད་པ་དེ་བཅོས་སྒྱུར་སྒོ་འབྱེད་རྒྱུན་སྲུང་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་སྟེང་དངོས་འབེབས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་བྱས་ཏེ། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་རླབས་ཆེ་བའི་ལག་ལེན་འདི་དང་ངེས་པར་དུ་ཟུང་འབྲེལ་དམ་པོ་བྱས་ནས། བློ་སྤོབས་ཆེན་པོས་འཚོལ་ཞིབ་དང་གསར་གཏོད་བྱས་པ་དང་། འདུ་ཤེས་གསར་བ་དང་རིགས་ལམ་གསར་བར་བརྟེན་ནས་ཞིང་སྡེ་འཕེལ་རྒྱས་ཐད་ཀྱི་དཀའ་གནད་གསེད་འགྲོལ་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་འབྱེད་དང་། ལག་ལེན་གསར་འབྱེད་ལ་སྐུལ་འདེད་གཏོང་བར་རྒྱུན་མི་འཆད་པའི་འབྱུང་ཁུངས་འདོན་སྤྲོད་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་རྒྱུན་སྲུང་བྱེད་ན། ངེས་པར་དུ་ཞིང་སྡེ་བཅོས་སྒྱུར་གྱི་གཙོ་གནད་འདི་དམ་འཛིན་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་བཅོས་སྒྱུར་ཐད་ནས་ཐོད་བརྒལ་ཆེན་པོ་ལེན་དགོས་ལ། ཞིང་སྡེ་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་འདོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གསོན་ཤུགས་གསར་བ་བསྣན་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞིར་ངེས་པར་དུ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་འདོན་བྱེད་པར་ཁག་ཐེག་བྱེད་དགོས་ལ། ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་སྒོ་འཕར་བ། ཞིང་སྡེ་དར་སྤེལ་བཅས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་དང་མཐུད་མར་འཕེལ་འཐུས་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ན། ངེས་པར་དུ་ཞིང་སྡེ་གཏན་འཇགས་ཡོང་བའི་སྤྱི་ཡོངས་འདི་དམ་འཛིན་བྱས་ཏེ། ཞིང་སྡེའི་སྤྱི་ཚོགས་དོ་དམ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། ཞིང་པ་བདེ་སྡོད་སྐྱིད་སྣང་ཡོང་བར་ཁག་ཐེག་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། རང་རྒྱལ་གྱི་ཞིང་སྡེ་ལ་དངོས་གནས་སྒྱུར་བཅོས་གསར་བ་བྱུང་དང་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་ཞིང་ལས་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་པ་དང་འགྲན་རྩོད་དེ་དངོས་གནས་རྣམ་པ་གསར་བར་ཐུག་ཡོད་པས། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ལྡན་གྱི་ཆ་རྐྱེན་མང་པོ་ལྡན་པ་དང་། དཀའ་ཁག་དང་འགྲན་སློང་ཡང་མི་ཉུང་བ་ཞིག་ལ་ཁ་གཏད་དགོས་ཤིང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཚུལ་ལས་བཟོས་པའི་འགལ་བ་གཏིང་ཟབ་དེ་འབུར་དུ་ཐོན་ཡོད་པ་རེད། ཞིང་སྡེའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་མིན་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་བདག་གཉེར་རྩ་འཛུགས་ཅན་དུ་བསྒྱུར་ཚད་དམའ་བ། ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་མ་ལག་དང་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་མ་ལག རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་མིན་པ་བཅས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་ཅན་དུ་བསྒྱུར་བའི་སྒྲིག་སྲོལ་ནང་རྐྱེན་འཛུགས་པའི་རེ་བ་ཁ་ཚ་དགོས་གཏུག་ཏུ་གྱུར་པ་རེད། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་སྔར་བཞིན་རགས་ལས་ཡིན་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ལག་རྩལ་སྒྲིག་ཆས་སྔར་བཞིན་རྗེས་ལུས་ཡིན་པ། རྨོ་ཞིང་ཇེ་ཉུང་དུ་སོང་བ། མི་འབོར་གྱི་ཐོན་ཁུངས་དང་ཁོར་ཡུག་གི་བཀག་རྒྱ་ཇེ་དྲག་ཏུ་སོང་བ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ཚད་ཇེ་དྲག་ཏུ་སོང་བ། རང་བྱུང་གནོད་འཚེ་རྒྱུན་དུ་འབྱུང་བ་བཅས་ཀྱིས་རྒྱལ་སྤྱིའི་འབྲུ་རིགས་མཁོ་འདོན་ཐད་ཀྱི་འགལ་བ་འབུར་དུ་ཐོན་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་དོ་མཉམ་ཡོང་བ་འགན་སྲུང་བྱེད་པའི་གནོན་ཤུགས་ཇེ་ཆེར་སོང་བ་རེད། ཞིང་སྡེའི་སྤྱི་ཚོགས་བྱ་གཞག་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཅུང་དམའ་བ་དང་། ས་ཁོངས་འཕེལ་རྒྱས་དང་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་བར་ཁྱད་ཇེ་ཆེར་སོང་བས། ཞིང་སྡེའི་རྗེས་ལུས་རྣམ་པ་བསྒྱུར་བའི་ལས་འགན་ཧ་ཅང་ལྕི་བ་དང་། ཞིང་སྡེའི་སྤྱི་ཚོགས་ཁེ་ཕན་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་། ས་གནས་ཁ་ཤས་ཀྱི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ནུས་མེད་ཉམས་ཞན་ཡིན་པ་བཅས་ཀྱིས། ཞིང་སྡེའི་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན། སྤྱི་ཚོགས་དོ་དམ་བཅས་ལ་ཤུགས་སྣོན་པའི་ལས་འགན་ཧ་ཅང་ལྕི་བ་རེད། མདོར་ན། ཞིང་ལས་ཀྱི་རྨང་གཞི་ད་དུང་ཉམས་ཞན་ཡིན་པས་ངེས་པར་དུ་ཤུགས་སྣོན་དགོས་པ་དང་། ཞིང་སྡེའི་འཕེལ་རྒྱས་སྔར་བཞིན་རྗེས་ལུས་ཡིན་པས་ངེས་པར་དུ་རོགས་སྐྱོར་བྱེད་དགོས། ཞིང་པའི་ཡོང་སྒོ་སྔར་བཞིན་ཉུང་བས་ངེས་པར་དུ་ཇེ་མགྱོགས་སུ་གཏོང་དགོས། ང་ཚོས་ངེས་པར་དུ་བདེ་སྡོད་ཉེན་བསམ་དང་འབད་པ་ལྷུར་ལེན་བྱས་ཏེ། ཞིང་སྡེའི་གནས་བབ་བཟང་པོ་བསྟུད་མར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ངོས་ཟིན་གཏིང་ཟབ་བྱས་ཏེ། ཞིང་ལས་ནི་གནམ་འོག་བདེ་བར་སྡོད་པ་དང་དམངས་སེམས་ལྷོད་འབབ་པའི་འཐབ་ཇུས་ཐོན་ལས་ཡིན་པ་དང་། ཞིང་ལས་དེང་རབས་ཅན་མེད་ན་རྒྱལ་ཁབ་དེང་རབས་ཅན་མེད་པ་དང་། ཞིང་སྡེ་དར་རྒྱས་དང་གཏན་འཇགས་མི་ཡོང་ན་རྒྱལ་ཡོངས་ཀྱི་དར་རྒྱས་དང་གཏན་འཇགས་མེད་ལ། ཞིང་པ་ཁྱོན་ཡོངས་ནས་འབྱོར་འབྲིང་མི་ཡོང་ན་རྒྱལ་ཡོངས་མི་དམངས་ཁྱོན་ཡོངས་ནས་འབྱོར་འབྲིང་མི་ཡོང་བ་བཅས་ངོས་འཛིན་གཏིང་ཟབ་བྱེད་དགོས། རང་རྒྱལ་གྱི་སྤྱིའི་ཆ་ནས་བཟོ་ལས་ལ་བརྟེན་ནས་ཞིང་ལས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་ལ་བརྟེན་ནས་གྲོང་གསེབ་ཁྲིད་པའི་འཕེལ་རྒྱས་དུས་རིམ་དུ་ཐོན་པ་དང་། སྲོལ་རྒྱུན་ཞིང་ལས་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་ཐོན་ཡོད་ལ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཚུལ་མེད་པར་གཏོང་བ་དང་། ཞང་གྲོང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་འདུས་ཅན་གྱི་རྣམ་པ་གསར་བ་ཆགས་པའི་དུས་སྐབས་གལ་ཆེན་དུ་བསླེབས་ཡོད། ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་དུས་སྐབས་ཀྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མིག་སྔར་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དམ་འཛིན་གང་ལེགས་བྱས་ཏེ། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་མཐུན་ཞིང་། ཞིང་པ་དུང་ཕྱུར་མང་པོའི་བདེ་སྐྱིད་ཀྱི་འཚོ་བར་སྙེག་པའི་རེ་སྒུག་གསར་བ་དང་འཕྲོད་པར་བྱས་ནས། གོ་སྐབས་དམ་འཛིན་དང་གནས་བབ་དང་བསྟུན་ནས་མདུན་དུ་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་ཆེན་པོ་གསར་གཏོད་གང་ཐུབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་གཏོད་དགོས། 

གཉིས། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་ལས་འགན་དང་རྩ་དོན་ཆེན་པོ། 

གནས་བབ་གསར་བའི་འོག་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ཏང་གི་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེངས་ནས། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་གནང་བ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དེ་འཐབ་ཇུས་དང་ལས་འགན་དུ་བརྩི་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་དེ་གཞི་རྩའི་ཁ་ཕྱོགས་སུ་བརྩི་བ། ཞང་གྲོང་དཔལ་འབྱོར་ཐད་འཕེལ་རྒྱས་གཅིག་གྱུར་ཅན་དུ་འགྱུར་བའི་རྣམ་པ་གསར་བ་ཆགས་པ་དེ་གཞི་རྩའི་བླང་བྱར་བརྩི་བ་བཅས་བྱས་ནས། བཟོ་ལས་ཀྱིས་ཞིང་ལས་གསོ་བ་དང་གྲོང་ཁྱེར་གྱིས་ཞིང་སྡེར་རྒྱབ་སྐྱོར་བྱེད་པ། མང་སྟེར་ཉུང་ལེན་དང་འཁྲུག་པོར་གཏོང་བའི་བྱེད་ཕྱོགས་རྒྱུན་སྲུང་བྱས་ཏེ། སྒྲིག་སྲོལ་ནང་རྐྱེན་གསར་འབྱེད་བྱེད་པ་དང་། ཞིང་ལས་རྨང་གཞིར་ཤུགས་སྣོན་པ། ཞིང་སྡེ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཞིང་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ་བཅས་བྱས་ནས། ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་བར་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྟེང་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་འབད་འཐབ་དམིགས་འབེན་གྱི་བླང་བྱ་གསར་བ་དང་ཐོན་སྐྱེད་གོང་སྤེལ་དང་འཚོ་བ་ཕྱུག་པོ་ཡིན་པ། ཡུལ་སྲོལ་དཔལ་ཡོན་དང་ལྡན་པ། སྡེ་བ་རྣམ་པ་གཙང་ཞིང་གྲལ་དག་པ། དམངས་གཙོ་དོ་དམ་བཅས་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་བླང་བྱ་ལྟར། 2020ལོར་ཐོན་དུས། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ཐད་ཀྱི་གཞི་རྩའི་དམིགས་འབེན་དང་ལས་འགན་ནི། ཞིང་སྡེའི་དཔལ་སྦྱོར་སྒྲིག་སྲོལ་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་དཔལ་འབྱོར་གྱི་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་ཅན་དུ་བསྒྱུར་བའི་སྒྲིག་སྲོལ་ནང་རྐྱེན་ཕལ་ཆེར་ཆགས་པ། དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་ནས་འཕེལ་ཚུལ་མངོན་གསལ་ལེན་པ་དང་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པར་མཐོར་འདེགས་མངོན་གསལ་ཡོང་བར་བྱེད་རྒྱུ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་ཐད་ནས་འགན་སྲུང་ནུས་ལྡན་ཡོད་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ2008ལོ་ལས་ལྡབ་གཅིག་འཕར་བ། འཛད་སྤྱོད་ཆུ་ཚད་མཐོར་འདེགས་ཆེན་པོ་ཡོང་བ་དང་། དབུལ་ཕོངས་དབུལ་ནག་གི་སྣང་ཚུལ་ཕལ་ཆེར་མེད་པར་བཟོ་བ་བཅས་བྱེད་རྒྱུ་དང་། ཞིང་སྡེ་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་པ་དང་། སྡེ་དམངས་རང་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། ཞིང་པའི་དམངས་གཙོ་ཁེ་དབང་དངོས་གནས་འགན་སྲུང་ཐོབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་ཚད་མངོན་གསལ་གྱིས་སྐུལ་འདེད་གཏོང་བ། ཞིང་སྡེའི་རིག་གནས་སྔར་བས་དར་རྒྱས་སུ་གཏོང་བ། ཞིང་པའི་གཞི་རྩའི་རིག་གནས་ཁེ་དབང་སྔར་བས་དངོས་འབེབས་བྱེད་རྒྱུ་དང་། ཞིང་སྡེའི་མི་ཚང་མས་སློབ་གསོ་མྱོང་བའི་གོ་སྐབས་བཟང་པོ་ལོངས་སུ་སྤྱོད་རྒྱུ། ཞིང་སྡེའི་གཞི་རྩའི་འཚོ་བའི་འགན་སྲུང་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་སྤྱི་ཚོགས་དོ་དམ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་ཞིང་ལས་ཐོན་སྐྱེད་མ་ལག་ཕལ་ཆེར་ཆགས་པ་དང་། ཞིང་སྡེའི་མི་སྡོད་དང་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་རྒྱུ། མཐུད་མུར་འཕེལ་འཐུས་པའི་ནུས་པ་བསྟུད་མར་ཇེ་དྲག་ཏུ་གཏོང་རྒྱུ་བཅས་ཡིན།གོང་གི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་ན། གཤམ་གྱི་གྱི་རྩ་དོན་ཆེན་པོར་བརྩི་འཇོག་བྱེད་དགོས་ཏེ། ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ངེས་པར་དུ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་བསྣན་ཏེ། མི་འབོར་དུང་ཕྱུར་བཅུ་ལྷག་གི་ཁ་རྒྱབ་གནད་དོན་ཐག་གཅོད་པ་དེ་དུས་ནམ་ཡང་རྒྱལ་སྐྱོང་བདེ་འགོད་བྱེད་པའི་བྱ་གཞག་ཨང་དང་པོར་བརྩི་དགོས། རྒྱལ་ནང་དུ་འབྲུ་རིགས་ཀྱིས་ཕལ་ཆེར་རང་ཁ་རང་གསོ་ཐུབ་པ་མངོན་འགྱུར་བྱེད་པར་རྐང་ཚུགས་པའི་བྱེད་ཕྱོགས་རྒྱུན་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚན་སློབ་ལ་བརྟེན་ནས་ཞིང་ལས་དར་སྤེལ་དུ་གཏོང་བའི་འཐབ་ཇུས་ལག་ལེན་བྱེད་པ། དེང་རབས་ཞིང་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཁྱོན་ཡོངས་ནས་གཏན་འཇགས་ངང་འཕེལ་བ་མངོན་འགྱུར་བྱེད་པ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་པ། རྒྱལ་ཁབ་བདེ་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ལ་རྨང་གཞི་བརྟན་པོ་འདིང་དགོང། ཞིང་པའི་ཁེ་དབང་དངོས་གནས་འགན་སྲུང་བྱས་ཏེ། རྒྱ་ཆེའི་ཞིང་པའི་གཞི་རྩའི་ཁེ་ཕན་མངོན་འགྱུར་གང་ལེགས་བྱེད་པ་དང་སྲུང་སྐྱོང་གང་ལེགས་ཐོབ་པ། འཕེལ་རྒྱས་སུ་གཏོང་བ་བཅས་ནི་དུས་ནམ་ཡང་ཞིང་སྡེའི་བྱ་བ་ཡོད་ཚད་ཀྱི་འགོ་རྩོམ་ས་དང་དམིགས་སར་བརྩི་དགོས། མི་ནི་དམིགས་བྱའི་གཞི་ཉིད་ཡིན་པ་རྒྱུན་སྲུང་བྱེད་པ་དང་། ཞིང་པའི་འདོད་བློར་བརྩི་འཇོག་བྱས་ནས། ཞིང་པས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་ཡིན་པ། ཆེས་མངོན་སུམ་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་པ་དང་། ཞིང་པའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་ཁེ་དབང་བཅས་འགན་སྲུང་བྱེད་དགོས་ལ། ཞིང་པའི་ཕྱོགས་བསྡུས་སྤུས་མཚག་མཐོར་འདེགས་བྱེད་པ་དང་། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ། ཞིང་པའི་གཙོ་གཞི་ནུས་པ་དང་ཐོག་མའི་གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། ཞིང་པ་དུང་ཕྱུར་མང་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ངེས་པར་དུ་བསྟུད་མར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་དང་གསར་འབྱེད་བྱེད་པ་དེ་ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞིང་སྡེའི་བཅོས་སྒྱུར་དང་ལམ་ལུགས་གསར་འབྱེད་བྱེད་པར་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ཇུས་ཆོད་ཀྱི་ཚན་རིག་རང་བཞིན་མཐོར་འདེགས་བྱེད་པ། བཅོས་སྒྱུར་བྱེད་ཐབས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཚོང་རས་ཐོན་ཁུངས་སྡེབ་སྒྲིག་ཁྲོད་ཐོན་པའི་རྨང་གཞི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ཚོད་འཛིན་དང་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བླང་བྱ་དང་མཐུན་པའི་ཞིང་སྡེའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་སྤྱི་ཚོགས་དང་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་བླང་བྱ་དང་མི་མཐུན་པའི་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་ལེགས་སྒྲིག་བཅས་བྱས་ཏེ། ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁངས་པར་བྱེད་དགོས།

  གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིགས་གསར་བའི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་འཛུགས་རྒྱུ་དེ་དུས་ནམ་ཡང་དེང་རབས་ཅན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་འཐབ་ཇུས་གལ་ཆེན་དུ་བརྩི་དགོས། བཟོ་ལས་ཅན་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱས་ཏེ། བཟོ་ལས་ལ་བརྟེན་ནས་ཞིང་ལས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་པའི་ཡུན་ཕན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་དམངས་ཀྱི་ཡོང་སྒོ་བགོ་བཤའ་རྒྱག་པའི་རྣམ་པ་ལེགས་སྒྲིག་བྱེད་པ། ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་ཞིང་པར་ཕན་པའི་སྲིད་ཇུས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་གོང་དུ་སྤེལ་བའི་གཙོ་གནད་དེ་ཞིང་སྡེར་ཕྱོགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བ་མངོན་འགྱུར་བྱེད་པ་བཅས་བྱས་ནས་། རྒྱ་ཆེའི་ཞིང་པ་འདྲ་མཉམ་ངང་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་པ་དང་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས།

  ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པ་ངེས་པར་དུ་རྒྱུན་སྲུང་བྱས་ཏེ། ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ་དེ་དུས་ནམ་ཡུང་ཞིང་སྡེ་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་འགན་སྲུང་དུ་བརྩི་དགོས། ཡོད་ཚད་དོན་དངོས་ནས་འགོ་རྩོམ་པ་རྒྱུན་སྲུང་བྱེད་པ་དང་། ཏང་གིས་ཞིང་སྡེར་བཏོན་པའི་གཞི་རྩའི་སྲིད་ཇུས་རྒྱུན་སྲུང་བྱས་ཏེ། ཞིང་སྡེ་གཞི་རིམ་རྩ་འཛུགས་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་དང་སྤྱོད་སྟངས་འཐུས་ཚང་དུ་གཏོང་བ། ཏང་གིས་ཞིང་པ་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཏང་གིས་ཞིང་སྡེ་རུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཞིང་སྡེ་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཆགས་སུ་འཇུག་དགོས།

  གསུམ། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་ཆེན་པོ་བཏང་སྟེ། ཞིང་སྡེའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་གཏོང་དགོས། 

ཞིང་སྡེ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པའི་བླང་བྱ་ལྟར། ཞིང་སྡེའི་སྒྲིག་སྲོལ་བཅོས་སྒྱུར་གྱི་གནད་འགག་གི་སྟེང་ནས་ཐོད་བརྒལ་བརྩོན་པ་དང་། ཞིང་སྡེའི་དཔལ་འབྱོར་སྔར་བས་ལྷོད་པ་དང་འཁྲུག་པོ་ཡོང་བར་བྱས་ནས། ཞིང་སྡེ་འཕེལ་རྒྱས་ཀྱི་ཕྱི་ཚུལ་ཁོར་ཡུག་ལེགས་སྒྱུར་དང་ཞིང་སྡེའི་འཕེལ་རྒྱས་ལམ་ལུགས་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

  (གཅིག) ཞིང་སྡེའི་རྨང་གཞིའི་བདག་གཉེར་ལམ་ལུགས་གཏན་འཇགས་དང་འཐུས་ཚང་དུ་གཏོང་དགོས། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་བདག་གཉེར་བྱེད་སྟངས་རྨང་གཞི་དང་། གཅིག་གྱུར་དང་ཁ་འགྲེམ་ཟུང་འབྲེལ་གྱི་བདག་གཉེར་སྒྲིག་སྲོལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་མཐུན་ཞིང་། ཞིང་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་མཐུན་པའི་ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་ཡིན་པ་དང་། ཏང་གིས་ཞིང་སྡེར་བཏོན་པའི་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན་པས། གཡོ་འགུལ་ཅི་ཡང་མེད་པའི་སྒོ་ནས་ངེས་པར་དུ་རྒྱུན་སྲུང་བྱེད་དགོས། ཞིང་པར་སྔར་བས་བཟང་ཞིང་འགན་སྲུང་ཡོད་པའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྟེར་བ་དང་། ད་ཡོད་ཀྱི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་གཏན་འཇགས་ངང་རྒྱུན་འཁྱོངས་བྱེད་པ་མ་ཟད་དུས་ཡུན་རིང་བོར་མི་འགྱུར་བ་བྱེད་དགོས། ཞིང་ལས་བདག་གཉེར་གྱི་སྒྲིག་སྲོལ་ནང་རྐྱེན་གསར་འབྱེད་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ལས་བདག་གཉེར་བྱེད་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས། ཁྱིམ་ཚང་གི་བདག་གཉེར་བྱེད་ཐད་སྔོན་ཐོན་གྱི་ཚན་རྩལ་དང་ཐོན་སྐྱེད་བྱེད་ཐབས་སྤྱོད་པའི་ཕྱོགས་སུ་བསྒྱུར་དགོས་ཤིང་། ལག་རྩལ་དང་མ་རྩ་སོགས་ཐོན་སྐྱེད་རྒྱུ་ཆའི་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་གཅིག་འདུས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། གཅིག་གྱུར་བདག་གཉེར་དེ་ཞིང་དུད་མཉམ་འབྲེལ་དང་མཉམ་ལས་བྱེད་པའི་ཕྱོགས་སུ་སྤེལ་ཏེ། སྣ་མང་ཅན་དང་རིམ་པ་མང་བ་ཅན། རྣམ་པ་མང་བ་ཅན་བཅས་ཀྱི་བདག་གཉེར་ཞབས་ཞུའི་མ་ལག་ཆགས་པའི་ཕྱོགས་སུ་བསྒྱུར་བ་དང་། ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བ་དང་ཐུན་མོང་རྩ་འཛུགས་ཀྱི་ཞབས་ཞུ་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། ཞིང་པའི་མཉམ་ལས་རྩ་འཛུགས་རིགས་གསར་བ་སྐྱེད་སྲིང་བཅས་བྱས་ནས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་སྣ་ཚོགས་གོང་དུ་སྤེལ་བ་དང་། སྣེ་ཁྲིད་ཁེ་ལས་དང་ཞིང་པར་དམ་འབྲེལ་ཅན་གྱི་ཁེ་ཕན་མཉམ་བསྲེས་ནང་རྐྱེན་བཙུགས་ནས། ནུས་ཤུགས་གང་ཡོད་རྒུས་རྩ་འཛུགས་ཅན་གྱི་ལམ་ལུགས་མཐོར་འདེགས་བྱེད་དགོས། ཞིང་པར་ཞབས་ཞུ་དང་རང་དབང་སྐུལ་སྤེལ་བྱེད་པ་དང་། ཁེ་དབང་འདྲ་མཉམ་ཡིན་པ། དོ་དམ་དམངས་གཙོ་ཡིན་པ་བཅས་ཀྱི་བླང་བྱ་ལྟར། ཞིང་པའི་ཆེད་ལས་མཉམ་ལས་ཁང་མགྱོགས་མྱུར་ངང་འཕེལ་བར་རོགས་སྐྱོར་བྱས་ཏེ། ཞིང་པ་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་འགྲན་རྩོད་ནང་ཞུགས་པར་སྣེ་ཁྲིད་པའི་དེང་རབས་ཞིང་ལས་ཀྱི་བདག་གཉེར་རྩ་འཛུགས་སུ་འགྱུར་དགོས། ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། རྒྱལ་དབང་ནགས་ར་དང་རྒྱལ་དབང་ནགས་ཁུལ་གཙོ་བོའི་ནགས་དབང་ལམ་ལུགས་བཅོས་སྒྱུར་བྱེད་པའི་ཚོད་ལྟའི་གནས་རྒྱ་བསྐྱེད་དགོས་པ་དང་། རྒྱལ་དབང་ཞིང་རའི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་འགན་གཙང་ལེན་བྱེད་པའི་བདག་གཉེར་ལམ་ལུགས་གཏན་འཇགས་དང་འཐུས་ཚང་དུ་གཏོང་དགོས།

  (གཉིས) ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་འཐུས་ཚང་དང་ཚད་ལྡན་དུ་གཏོང་དགོས། ས་ཞིང་ལམ་ལུགས་ནི་ཞིང་སྡེའི་རྨང་གཞིའི་ལམ་ལུགས་ཡིན། ཐོན་དབང་གསལ་འབྱེད་དང་སྤྱོད་གོ་རྩིས་སྤྲོད་དོ་དམ། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། དོ་དམ་ནན་མོ་བྱེད་པ་བཅས་ཀྱི་རྩ་དོན་ལྟར། ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་དགོས། ཆེས་གཟབ་ནན་གྱིས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་རྒྱུན་སྲུང་བྱས་ཏེ། རིམ་པ་རེ་རེ་ནས་འགན་འཁྲི་དངོས་འབེབས་བྱེད་པ་དང་། རྨོ་ཞིང་མུའུ་དུང་ཕྱུར་བཅོ་བརྒྱད་བརྟན་སྲུང་བྱེད་དགོས། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་གཏན་འཁེལ་བྱེད་པ་དང་། ཁ་གསབ་དང་སྐྱིན་ཚབ་འཇལ་བར་སྲུང་སྐྱོང་བྱེད་པའི་ནང་རྐྱེན་བཙུགས་ཏེ། རྨང་གཞིའི་ས་ཞིང་གི་སྤྱི་འབོར་ཇེ་ཉུང་དུ་མི་འགྲོ་བ་དང་། སྤྱོ་གོ་མི་སྒྱུར་བ། སྤུས་ཀ་མཐོར་འདེགས་ཡོང་བ་བཅས་ཁག་ཐེག་བྱེད་དགོས། ས་ཞིང་ལེགས་སྒྲིག་དང་སླར་སློག་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་ཐད་ནས་སྔོན་ལ་ཁ་གསབ་དང་རྗེས་སུ་བདག་བཟུང་བྱེད་པ་ལག་བསྟར་བྱེད་པ་དང་། ཞིང་ཆེན་དང་ལྗོངས། གྲོང་ཁྱེར་བཅས་བརྒལ་ནས་འཛིན་བཟུང་བྱས་པ་ཁ་གསབ་ཀྱིས་དོ་མཉམ་ཡོང་བ་བྱེད་མི་ཆོག ཞིང་སྡེའི་ས་ཞིང་གཏན་འཁེལ་དབང་ཆ་དང་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆའི་དབང་ནུས་འཐུས་ཚང་དུ་གཏོང་བ་དང་། ཞིང་པའི་འགན་ལེན་ས་ཞིང་བདག་བཟུང་དང་བཀོལ་སྤྱོད་བྱེད་པ། ཡོང་ཕན་ལེན་པ་བཅས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་དགོས། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆའི་སྐོར་སྐྱོད་དོ་དམ་དང་ཞབས་ཞུར་ཤུགས་སྣོན་པ་དང་། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྐོར་སྐྱོད་བྱེད་པའི་ཚོང་ར་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཁྲིམས་ལྟར་རང་མོས་སྒོས་སྐྱིན་ཚབ་ལེན་པའི་རྩ་དོན་ལྟར། ཞིང་པས་བརྒྱུད་སྤྲོད་དང་བོགས་གཏོང་། ཕན་ཚུན་བརྗེས་པ། བསྒྱུར་སྤྲོད་བྱེད་པ། མ་རྐང་མཉམ་ལས་སོགས་ཀྱི་རྣམ་པ་ལྟར་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྐོར་སྐྱོད་བྱས་ཏེ། གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་བྱེད་སྟངས་སྣ་ཚོགས་གོང་དུ་སྤེལ་ཆོག་ལ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཆེད་ལས་དུད་ཁྱིམ་ཆེན་མོ་དང་ཁྱིམ་ཚང་གི་ཞིང་ར། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གཞི་ཁྱོན་བདག་གཉེར་གྱི་གཙོ་གཞི་གོང་དུ་སྤེལ་ཆོག ས་ཞིང་འགན་གཙང་ལེན་གྱི་དབང་ཆ་སྐོར་སྐྱོད་བྱས་ནའང། ས་ཞིང་གི་ཐུན་མོང་བདག་དབང་གི་ངོ་བོ་བསྒྱུར་མི་ཆོག་པ་དང་། ས་ཞིང་གི་སྤྱོད་གོ་བསྒྱུར་མི་ཆོག་ལ། ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་ཁེ་དབང་ལའང་གནོད་འཚེ་གཏོང་མི་ཆོག ཆེས་གཟབ་ནན་ཡིན་པའི་ས་ཞིང་བཀོལ་སྤྱོད་གྲོན་ཆུང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་བཀོལ་སྤྱོད་ས་ཞིང་གི་སྤྱིའི་གཞི་ཁྱོན་ཚོད་འཛིན་བྱེད་དགོས། ཞིང་སྡེའི་ཁང་སའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁང་སར་དོ་དམ་ནན་མོ་བྱས་ཏེ། ཞིང་ཁྱིམ་གྱི་ཁང་སར་སྤྱོད་པའི་དངོས་ཕན་དབང་ཆ་ཁྲིམས་ལྟར་འགན་སྲུང་བྱེད་དགོས། ཞིང་སྡེའི་ཁང་ས་དང་ཞིང་སྡེ་བཅོས་སྐྱོང་བྱས་ནས་གྲོན་ཆུང་བྱས་པའི་ས་ཞིང་ཐོག་མར་སླར་སློག་བྱས་ནས་རྨོ་ཞིང་དུ་སྤྱོད་པ་དང་། འཛུགས་སྐྲུན་ཐད་སྤྱོད་པར་སྙོམ་སྒྲིག་བྱེད་ན་ངེས་པར་དུ་ས་ཞིང་བཀོལ་སྤྱོད་ཀྱི་འཆར་འགོད་དང་མཐུན་པ་དང་། ལོ་འཁོར་མོའི་འཛུགས་སྐྲུན་ཐད་ས་ཞིང་སྤྱོད་པའི་འཆར་གཞི་དང་མཐུན་དགོས་པ་མ་ཟད། སྔོན་ལ་ཐུན་མོང་གི་འཛུགས་སྐྲུན་ཐད་ས་ཞིང་སྤྱོད་པར་བཀོལ་དགོས། ས་ཞིང་བསྡུ་ལེན་ལམ་ལུགས་བཅོས་སྒྱུར་བྱེད་པ་དང་། སྤྱི་ཕན་རང་བཞིན་དང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་ས་ཞིང་སྤྱོད་པར་དབྱེ་མཚམས་ནན་མོ་ཕྱེས་ཏེ། ས་ཞིང་བསྡུ་ལེན་གྱི་ཁྱབ་ཁོངས་རིམ་བཞིན་ཇེ་ཆུང་དུ་གཏོང་བ་དང་། ས་ཞིང་བསྡུ་ལེན་བྱེད་པའི་ཁ་གསབ་དང་སྐྱིན་ཚབ་འཇལ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐུན་མོང་ས་ཞིང་ཁྲིམས་ལྟར་བསྡུ་ལེན་བྱེད་པ་དང་། ས་ཞིང་གཅིག་མཚུངས་ཡིན་པར་རིན་གོང་འདྲ་མཚུངས་ཡིན་པའི་རྩ་དོན་ལྟར་དུས་ཐོག་ཏུ་ཞིང་སྡེའི་ཐུན་མོང་རྩ་འཛུགས་དང་ཞིང་པར་ཁ་གསབ་དང་སྐྱིན་ཚབ་འོས་འཚམ་སྤྲོད་དགོས་པ་དང་། ས་ཞིང་བསྡུ་ལེན་བྱ་ཡུལ་གྱི་ཞིང་པ་ལས་ཀར་ཞུགས་པ་དང་སྡོད་ཁང་དུ་སྡོད་པ། སྤྱི་ཚོགས་འགན་སྲུང་བཅས་ཐག་གཅོད་གང་ལེགས་བྱེད་དགོས། ས་ཞིང་བེད་སྤྱོད་འཆར་འགོད་ལས་གཏན་འཁེལ་བྱས་པའི་གྲོང་རྡལ་འཛུགས་སྐྲུན་ཐད་ས་ཞིང་སྤྱོད་པའི་ཁྱབ་ཁོངས་ལས་གཞན། ཆོག་མཆན་བཀོད་པ་བརྒྱུད་ཞིང་སྡེའི་ཐུན་མོང་ས་ཞིང་བདག་བཟུང་བྱས་ཏེ་སྤྱི་ཕན་རང་བཞིན་མིན་པའི་ལས་གཞི་འཛུགས་སྐྲུན་བྱེད་ཚེ། ཞིང་པས་ཁྲིམས་ལྟར་བྱེད་སྟངས་སྣ་མང་སྤྱད་དེ་གསར་སྤེལ་བདག་གཉེར་བྱེད་པ་མ་ཟད་ཞིང་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཆོག གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ཐད་ས་ཞིང་སྤྱོད་པའི་ཚོང་ར་རིམ་བཞིན་བཙུགས་ཏེ། ཁྲིམས་ལྟར་བླངས་པའི་ཞིང་སྡེའི་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་དེ་ངེས་པར་དུ་གཅིག་གྱུར་གྱི་ས་ཞིང་ཚོང་ར་བརྒྱུད་པ་དང་། སྤྱི་བསྒྲགས་དང་ཚད་ལྡན་གྱི་བྱེད་སྟངས་ལ་བརྟེན་ནས་ས་ཞིང་སྤྱོད་དབང་བསྒྱུར་སྤྲོད་བྱེད་དགོས་པ་དང་། འཆར་འགོད་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་དབང་ས་ཞིང་དང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་དགོས། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཆ་ཚང་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་ཀྱི་བཅོས་སྒྱུར་ཚད་ལྡན་དང་སྐུལ་འདེད་བྱེད་དགོས།

  (གསུམ) ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐད་མ་དངུལ་གཏོང་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་འགྲོ་སོང་དང་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་བ། ཡིད་རྟོན་དངུལ་བུན་གཏོང་བ་བཅས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ལས་ཐད་མ་དངུལ་གཏོང་ཚད་དེ་དུས་རྒྱུན་རང་བཞིན་གྱི་ཡོང་སྒོའི་འཕར་ཚད་ལས་མཐོ་བ་ཁག་ཐེག་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་གོང་དུ་སྤེལ་བར་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས་ལ། སྲིད་གཞུང་གིས་ས་ཞིང་ནང་བཤུག་བཏང་བའི་ཡོང་སྒོ་དང་རྨོ་ཞིང་བདག་བཟུང་བྱས་པའི་དཔྱ་ཁྲལ་གྱི་གསར་དུ་འཕར་བའི་ཡོང་སྒོ་དེ་ཞིང་ལས་ཐད་སྤྱོད་པའི་བསྡུ་ཚད་ཕྱོད་ཆེན་པོས་མཐོར་འདེགས་བྱེད་པ་དང་། དབུལ་ནུབ་རྒྱུད་ས་ཁུལ་གྱི་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་འཛུགས་སྐུན་ལས་གཞི་ཐད་མ་དངུལ་གཏོང་ཚད་ཕྱོད་ཆེན་པོས་ཇེ་མང་དུ་གཏོང་དགོས། རྒྱལ་ཁབ་ཀྱིས་དབུས་ནུབ་རྒྱུད་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་ཉེན་ཁ་ཅན་གྱི་ཆུ་མཛོད་སྲ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་འཛུགས་སྐྲུན་སོགས་སྤྱི་ཕན་རང་བཞིན་གྱི་འཛུགས་སྐུན་ལས་གཞིའི་ཐད་ནས་རིམ་བཞིན་རྫོང་དང་རྫོང་རིམ་པ་མན་གྱི་མ་དངུལ་ཆ་སྡེབ་མེད་པར་གཏོང་རྒྱུ། ཞིང་ལས་ཐད་གཏོང་འཇོག་བྱེད་པའི་འབྱུང་ཁུངས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་། མ་དངུལ་གཏོང་བའི་ལས་གཞི་དག་ཐེར་ལེགས་སྒྲིག་བྱས་ཏེ། མ་དངུལ་གཏོང་བར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་མ་དངུལ་བཀོལ་སྤྱོད་བྱེད་པའི་ཕན་འབྲས་མཐོར་འདེགས་བྱེད་དགོས། ཞིང་ལས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་རྒྱ་བསྐྱེད་པ། ཚད་གཞི་ཇེ་མཐོར་གཏོང་བ། བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱེད་པ་དང་། ལྷག་པར་དུ་འབྲུ་རིགས་ཇེ་མང་དང་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ལ། ལོ་རེ་བཞིན་ཞིང་པས་འབྲུ་རིགས་འདེབས་པར་ཁ་གསབ་བྱེད་ཚད་ཕྱོད་ཆེན་པོས་ཇེ་མང་དུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཀྱི་རིན་གོང་འཕར་བ་དང་འབྲེལ་བའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཀྱི་ཕྱོགས་བསྡུས་ཁ་གསབ་བྱེད་ཚུལ་ལེགས་སྒྲིག་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཚོང་རའི་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ། འབྲུ་རིགས་ཀྱི་མ་མཐའི་བསྡུ་ཉོ་རིན་གོང་བརྟན་བརླིང་ངང་མཐོར་འདེགས་བྱེད་པ། ཞིང་ལས་ཐོན་རྫས་གཙོ་བོ་གཞན་པའི་རིན་གོང་སྲུང་སྐྱོང་བྱེད་ཐབས་ལེགས་སྒྱུར་བྱེད་པ། ཞིང་ལས་ཐོན་རྫས་གཙོ་བོ་མཛོད་དུ་འཇུག་ཚད་ཇེ་མང་དུ་གཏོང་བ་། ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པ་དང་འདོན་འཇུག་ལེགས་སྒྲིག་བྱེད་པའི་ནང་རྐྱེན་ལེགས་སྒྱུར་བྱེད་པ་བཅས་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལུགས་མཐུན་ཡོང་བའི་ཆུ་ཚད་རྒྱུན་སྲུང་བྱེད་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་ཆགས་ཚུལ་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། རིན་གོང་བསྡུར་ཉོ་འབྲེལ་བ་དང་མཐུན་པར་བྱས་ཏེ། ཚོང་རའི་རིན་གོང་གིས་ཐོན་འཕར་དང་ཡོང་འཕར་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྐྱིན་ཚབ་འཇལ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྨོ་ཞིང་དང་ཆུ་ཁོངས། ནགས་ཚལ། རྩྭ་ཐང་། བརླན་ས་སོགས་རང་བྱུང་ཐོན་ཁུངས་དང་ཞིང་ལས་ལོ་ཏོག་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པར་ཕན་པའི་སྐུལ་སྤེལ་ནང་རྐྱེན་ཆགས་སུ་འཇུག་དགོས།

  (བཞི) དེང་རབས་ཞིང་སྡེའི་དངུལ་རྩའི་ལམ་ལུགས་འཛུགས་དགོས། ཞིང་སྡེའི་དངུལ་རྩ་ནི་དེང་རབས་ཞིང་སྡེ་དཔལ་འབྱོར་གྱི་སྲོག་ཤིང་ལྟ་བུ་ཡིན་། ཞིང་སྡེའི་དངུལ་རྩའི་སྒྲིག་གཞི་གསལ་འབྱེད་བྱེད་པ་དང་། ཞིང་སྡེའི་དངུལ་རྩར་འཇུག་ཆོག་པའི་སྲིད་ཇུས་ལྷོད་ཡངས་སུ་གཏོང་བ། ཚོང་ལས་རང་བཞིན་གྱི་དངུལ་རྩ་དང་མཉམ་ལས་རང་བཞིན་གྱི་དངུལ་རྩ། སྲིད་ཇུས་རང་བཞིན་གྱི་དངུལ་རྩ་བཅས་ཕན་ཚུན་ཟུང་འབྲེལ་བྱས་ཤིང་། མ་རྩ་འདང་ངེས་དང་བྱེད་ནུས་འཐུས་ཚང་ཡིན་པ། ཞབས་ཞ་ཆ་ཚང་དང་འཁོར་སྐྱོད་བདེ་འཇགས་ཡིན་པ་བཅས་ཀྱི་ཞིང་སྡེའི་དངུལ་རྩའི་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས། ཞིང་སྡེའི་དངུལ་རྩའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དངུལ་རྩའི་ཐབས་ལམ་རྒྱ་བསྐྱེད་པ། ནོར་ཁྲལ་གྱི་འདེགས་ཤིང་དང་དངུལ་ལོར་སྲིད་ཇུས་ཀྱི་ཡོ་བྱད་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པ། ཁ་ཕྱོགས་གཏན་ཁེལ་བྱས་ཏེ་ཁྲལ་བསྡུ་ཇེ་ཉུང་དུ་གཏོང་བ་དང་འགྲོ་སོང་ཁ་གསབ་བྱེད་པ་ལག་བསྟར་བྱས་ཏེ། སྔར་ལས་མང་པོའི་ཡིད་རྟོན་དངུལ་བུན་མ་དངུལ་དང་སྤྱི་ཚོགས་མ་དངུལ་དེ་ཞིང་སྡེར་ཁ་ཕྱོགས་པར་སྣེ་ཁྲིད་དགོས། དངུལ་རྩ་ལས་ཁུངས་སྣ་ཚོགས་ཀྱིས་ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་དང་། ཞིང་ལས་དངུལ་ཁང་གིས་ཞིང་པར་ཞབས་ཞུ་བྱེད་པའི་ཁ་ཕྱོགས་རྒྱུན་སྲུང་བྱས་ཏེ། འགན་ནུས་ཇེ་དྲག་ཏུ་གཏོང་བ་དང་འགན་འཁྲི་དངོས་འབེབས་བྱེད་པ། ཞིང་སྡེའི་ཞབས་ཞུ་དྲ་བ་གཏན་འཇགས་ཡོང་བ་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་དགོས། ཞིང་ལས་གོང་སྤེལ་དངུལ་ཁང་གིས་ཞིང་པར་རྒྱབ་སྐྱོར་བྱེད་པའི་མངའ་ཁོངས་རྒྱ་བསྐྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩས་ཞིང་ལས་གསར་སྤེལ་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་དུས་ཡུན་རིང་བོར་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། སྦྲག་སྲིད་དངུལ་གསོག་དངུལ་ཁང་གི་ཞིང་ལས་དང་འབྲེལ་བའི་ལས་སྒོའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས་པ་དང་། རྫོང་ཁོངས་ནང་གི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་གསར་དུ་བསྡུ་ལེན་བྱས་པའི་བཅོལ་དངུལ་དེ་གཙོ་བོ་ས་གནས་དེའི་དེའི་དངུལ་བུན་གཏོང་སྤྲོད་བྱེད་པར་སྤྲོད་དགོས། ཞིང་སྡེའི་ཡིད་རྟོན་ཁང་གི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། རྫོང(གྲོང་ཁྱེར)ཡིད་རྟོན་ཁང་གི་ཁྲིམས་མིའི་གོ་གནས་གཏན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་པར་ཞབས་ཞུ་བྱེད་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་དགོས། རིགས་གསར་བའི་ཞིང་སྡེའི་དངུལ་རྩའི་ལས་ཁུངས་དང་ཞིང་སྡེར་ཞབས་ཞུ་བྱེད་པ་གཙོ་ཡིན་པའི་ས་གནས་རང་བཞིན་གྱི་དངུལ་ཁང་འབྲིང་ཆུང་སྣ་ཚོགས་ཚད་ལྡན་དུ་གཏོང་བ་དང་གོང་དུ་སྤེལ་དགོས། གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ནུས་ཤུགས་ཡོད་རྒུས་གོང་དུ་སྤེལ་ནས། ཞིང་སྡེའི་ཁྱད་ཆོས་དང་དགོས་མཁོ་དང་མཐུན་པའི་དངུལ་རྩའི་ཞབས་ཞུ་ཆུང་རིགས་གོང་དུ་སྤེལ་བར་སྐུལ་མ་གཏོང་དགོས། ཞིང་སྡེའི་དངུལ་རྩའི་རྩ་འཛུགས་ཆུང་རིགས་དེ་དངུལ་རྩའི་ལས་ཁུངས་ནས་མ་དངུལ་ནང་འཇུག་ཆོག་པ་དང་། ཆ་རྐྱེན་ཡོད་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཡིད་རྟོན་མཉམ་ལས་སྤེལ་ཆོག དམངས་ཁྲོད་ཀྱི་དངུལ་བསྐྱི་བ་སྐྱོན་བྲལ་ངང་འཕར་བར་ཚད་ལྡན་དང་ཁྲིད་སྟོན་བྱེད་དགོས་པ་དང་། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། སྲིད་གཞུང་གི་རོགས་སྐྱོར་དང་ཕྱོགས་མང་པོ་ཞུགས་པ། ཚོང་རའི་མཁོ་སྐྱོད་བཅས་ཀྱི་ཞིང་སྡེའི་ཡིད་རྟོན་འགན་ལེན་ནང་རྐྱེན་འཛུགས་དགོས། ཞིང་སྡེའི་ནུས་ཡོད་ཀྱི་འགན་ལེན་དངོས་པོའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཞིང་སྡེའི་འགན་བཅོལ་བྱ་གཞག་གོང་དུ་སྤེལ་བ་དང་། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱིས་ཡང་བསྐྱར་འགན་བཅོལ་དང་ཉེན་ཁ་ཆེན་པོ་ཁ་ཐོར་ཡིན་པའི་ནང་རྐྱེན་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོང་གི་ཚོང་ར་འཛུགས་པར་ཤུགས་སྣོན་དགོས།

  (ལྔ) གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་ཅན་དུ་བསྒྱུར་བའི་ལམ་ལུགས་འཛུགས་པ་དང་སྐུལ་འདེད་བྱེད་དགོས། མགྱོགས་མྱུར་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་ཐོན་ལས་གྲུབ་ཚུལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་གཅིག་གྱུར་ཅན་དུ་བསྒྱུར་བ་སོགས་ཀྱི་ཕྱོགས་ནས་མཐོ་བརྒལ་བླངས་ཏེ། སྤྱི་པའི་ཐོན་ཁུངས་དེ་གྲོང་ཁྱེར་དང་གྲོང་གསེབ་གཉིས་བར་དུ་དོ་མཉམ་ངང་སྡེབ་སྒྲིག་བྱེད་པ་དང་། ཐོན་སྐྱེད་རྒྱུ་ཆ་དེ་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱི་བར་དུ་རང་དབང་སྒོས་འཁོར་སྐྱོད་བྱེད་པར་སྐུལ་སྤེལ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ས་ཞིང་བེད་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཁྱེར་དང་རྫོང་ཁོངས་ཀྱི་གྲོང་རྡལ་འཛུགས་སྐྲུན་དང་ས་ཞིང་སྲུང་སྐྱོང་། ཐོན་ལས་གཅིག་འདུས། གྲོང་སྡེ་ཁྱབ་ཚུལ། སྐྱེ་ཁམས་གསོ་འཁྱོངས་སོགས་ཀྱི་བར་གསེང་ཐོན་ལས་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ། ཞིང་སྡེའི་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། ཞིང་སྡེའི་ཞབས་ཞུ་ལས་རིགས་དང་ཞང་དང་གྲོང་རྡལ་གྱི་ཁེ་ལས་གོང་དུ་སྤེལ་བ། གྲོང་ཁྱེར་གྱི་མ་དངུལ་དང་ལག་རྩལ། འཇོན་མི། དོ་དམ་སོགས་ཐོན་སྐྱེད་རྒྱུ་ཆ་དེ་ཞིང་སྡེ་རུ་འཁོར་སྐྱོད་བྱེད་པར་སྣེ་ཁྲིད་པ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་གཅིག་གྱུར་འཆར་འགོད་བྱས་ཏེ། ནོར་སྲིད་ཀྱིས་ཞིང་སྡེའི་སྤྱི་པའི་བྱ་གཞག་ཆུ་ཚད་འགན་སྲུང་བྱེད་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་། རིམ་བཞིན་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཅན་གྱི་སྤྱི་པའི་ཞབས་ཞུ་ལམ་ལུགས་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ལས་ཞུགས་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཅན་གྱི་མི་ཤུགས་ཐོན་ཁུངས་ཚོང་ར་འཛུགས་པ་ཇེ་མགྱོགས་སུ་གཏོང་བ། ཞིང་པ་གོ་རིམ་ཡོད་པའི་སྒོ་ནས་སྒོ་ཕྱིར་ལས་ཞུགས་བྱེད་དུ་འགྲོ་བར་སྣེ་ཁྲིད་པ། ཞིང་པ་ཐག་ཉེ་ས་ནས་ལས་ཞུགས་སྤོ་སྒྱུར་བྱེད་པར་སྐུལ་མ་གཏོང་བ། ཞིང་པ་གླ་རྒྱག་པ་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་སྐྲུན་བྱེད་པར་པར་རོགས་སྐྱོར་བཅས་བྱེད་དགོས། ཞིང་པ་གླ་རྒྱག་པའི་ཁེ་དབང་སྲུང་བྱེད་པར་ཤུགས་བསྣན་ནས། རིམ་བཞིན་ཞིང་པ་གླ་རྒྱག་པའི་ངལ་རྩོལ་ཐོབ་ཆ་དང་བུ་བུ་མོ་སློབ་གྲྭར་འགྲོ་བ། སྤྱི་པའི་འཕྲོད་བསྟེན། སྡོད་ཁང་བོགས་ཉོ་སོགས་གྲོང་རྡལ་སྡོད་དམངས་དང་འདྲ་མཉམ་ཡིན་པའི་ལོངས་སྤྱོད་ཐོབ་ཐང་རིམ་བཞིན་མངོན་འགྱུར་བྱེད་དགོས་པ་དང་། ཞིང་པ་གླ་རྒྱག་པའི་ངལ་རྩོལ་ཆ་རྐྱེན་ལེགས་སྒྱུར་བྱེད་པ་དང་། ཐོན་སྐྱེད་བདེ་འཇགས་འགན་སྲུང་བྱེད་པ། ཞིང་པ་གླ་རྒྱག་པར་ལས་རྨས་བྱུང་བ་དང་སྨན་བཅོས་བྱེད་པ། རྒན་གསོ་འགན་བཅོལ་བཅས་ཀྱི་ཁེངས་རྒྱ་ཇེ་ཆེར་གཏོང་བ། ཞིང་པ་གླ་རྒྱག་པའི་རྒན་གསོ་འགན་བཅོལ་འབྲེལ་བ་སྤོ་བསྒྱུར་དང་རྒྱུན་མཐུད་བྱེད་ཐབས་མགྱོགས་མྱུར་གྱིས་གཏན་འབེབས་དང་ལག་བསྟར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་དོ་དམ་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དུད་ཐོ་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་འབྲིང་ཆུང་གི་དུད་ཐོ་འགོད་པའི་ཆ་རྐྱེན་ལྷོད་ཡངས་སུ་གཏོང་བ་བཅས་བྱས་ཏེ། གྲོང་རྡལ་དུ་གཏན་འཇགས་ངང་ལས་ཀར་ཞུགས་པ་དང་གཞིས་ཆགས་པའི་ཞིང་པ་གོ་རིམ་ཡོད་པའི་སྒོ་ནས་གྲོང་རྡལ་སྡོད་དམངས་སུ་བསྒྱུར་དགོས། འཁྱར་འགྲིམས་མི་འབོར་གྱི་ཞབས་ཞུ་དང་དོ་དམ་སྒྲིག་གཞི་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་འཕེལ་རྒྱས་ཀྱི་རང་བདག་དབང་ཆ་རྒྱ་བསྐྱེད་པ་དང་། རྫོང་གི་སྤྱིར་བཏང་རང་བཞིན་གྱི་འགྲོ་སོང་སྤོ་སྒྱུར་བྱེད་ཚད་ཇེ་མང་དུ་གཏོང་བ་དང་། ནོར་ཤུགས་དང་འགན་དབང་ཕན་ཚུན་ཆ་སྡེབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྫོང་ཁོངས་དཔལ་འབྱོར་གྱི་གསོན་ཤུགས་དང་དངོས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་གྱིས་ཐད་ཀར་རྫོང(གྲོང་ཁྱེར)ནོར་སྲིད་སྒྲིག་སྲོལ་གྱི་བཅོས་སྒྱུར་ལ་དོ་དམ་བྱེད་པར་སྐུལ་འདེད་བཏང་ནས། སྔོན་ལ་ཞིང་ལས་རྫོང་ཆེན་པོ་བཅོས་སྒྱུར་བྱེད་པའི་ཁྱབ་ཁོངས་ནང་འཇོག་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཁྲིམས་ལྟར་ཞིང་ཆེན་གྱིས་ཐད་ཀར་རྫོང(གྲོང་ཁྱེར)དོ་དམ་བྱེད་པའི་སྒྲིག་གཞི་འཚོལ་ཞིབ་བྱེད་ཆོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་སྲུང་བྱས་ཏེ། གྲོང་ཁྱེར་ཆེ་འབྲིང་གིས་ཞིང་སྡེར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་མི་འབོར་བསྡུ་ལེན་བྱེད་པའི་ནུས་པ་ཆེ་བའི་གྲོང་རྡལ་ཆུང་བར་ཁྲིམས་ལྟར་དེ་བསྟུན་གྱི་སྲིད་འཛིན་དོ་དམ་དབང་ཚད་གནང་བ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་བ་མཐུན་སྦྱོར་ངང་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་རྡལ་ཅན་དང་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དེས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་ཐོན་ཡོང་བའི་ནང་རྐྱེན་ཆགས་སུ་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་ཕྱོགས་བསྡུས་ཆ་ཚང་བཅོས་སྒྱུར་གྱི་ཚོད་ལྟ་སྤེལ་བར་སྐུལ་འདེད་གང་ལེགས་བྱེད་དགོས།

  (དྲུག) ཞིང་སྡེའི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཏང་གིས་མགོ་ཁྲིད་པ་དང་མི་དམངས་རང་ཁྱིམ་རང་བདག་ཡིན་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ཚུན་མཐུན་སྦྱོར་དང་གཅིག་གྱུར་ཡོང་བ་རྒྱུན་སྲུང་བྱས་ཏེ། ཞིང་སྡེ་གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་ནང་དུ་ཞུགས་པ་རྒྱ་བསྐྱེད་པ། ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ། གཞུང་དོན་གྲོས་མོལ་བྱེད་པ་འཐུས་ཚང་དུ་གཏོང་བ། དབང་ཆར་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་གཙོ་བོར་བཞག་སྟེ། གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྡེ་དམངས་རང་སྐྱོང་ཁྱབ་ཁོངས་རྒྱ་བསྐྱེད་པ། ཞིང་པས་སྔར་ལས་མང་བ་དང་སྔར་ལས་དོན་དངོས་ཀྱི་དམངས་གཙོ་ཁེ་དབང་ལོངས་སུ་སྤྱོད་པར་ཁག་ཐེག་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་མི་འབོར་འདྲ་མཚུངས་ཀྱི་བསྡུར་ཚད་ལྟར་དམངས་འཐུས་འཐུས་མི་འདེམས་བསྐོ་བྱེད་པ་རིམ་བཞིན་ལག་བསྟར་བྱེད་པ་དང་། ཞིང་པས་རྫོང་དང་ཞང་དམངས་འཐུས་འཐུས་མི་ཁྲོད་ཟིན་པའི་བསྡུར་ཚད་རྒྱ་བསྐྱེད་དེ། དམངས་འཐུས་འཐུས་མི་དང་ཞིང་པའི་འབྲེལ་བ་ཇེ་དམ་དུ་གཏོང་དགོས། ཞིང་སྡེའི་ཕྱོགས་བསྡུས་བཅོས་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། 2012ལོར་ཐོན་དུས་ཕལ་ཆེར་ཞང་དང་གྲོང་རྡལ་གྱི་ལས་ཁུངས་བཅོས་སྒྱུར་བྱེད་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་དང་། ཞང་དང་གྲོང་རྡལ་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ཇེ་དྲག་ཏུ་གཏོང་དགོས། ཞིང་པ་ཆབ་སྲིད་ནང་ཞུགས་པའི་བརྩོན་སེམས་བསྟུད་མར་མཐོར་འདེགས་བྱེད་པ་དང་འཚམ་པའི་ཞང་དང་གྲོང་རྡལ་བཅོས་སྐྱོང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྲིད་དོན་སྤྱི་བསྒྲགས་ལག་བསྟར་བྱས་ཏེ། ཞིང་པའི་གནས་ཚུལ་ཤེས་དབང་དང་ཞུགས་དབང་། བཤད་དབང་། ལྟ་སྐུལ་དབང་ཆ་བཅས་ཁྲིམས་ལྟར་འགན་སྲུང་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གསོན་ཤུགས་རྒྱས་པའི་སྡེ་དམངས་རང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཐད་ཀར་འདེམས་བསྐོ་བྱེད་པ་དང་། དྲང་གཞག་དང་གོ་རིམ་ཡོད་པ་གཞི་རྩའི་བླང་བྱ་ཡིན་པའི་དམངས་གཙོའི་འདེམས་བསྐོ་ལག་བསྟར་དང་། སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་འཐུས་མི་གྲོལས་ཚོགས། སྡེ་དམངས་གཞུང་དོན་གྲོས་ཚོགས་བཅས་རྣམ་པ་གཙོ་བོ་ཡིན་པའི་དམངས་གཙོ་ཇུས་ཆོད་ལག་བསྟར། རང་གིས་རང་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པ་དང་ཞབས་ཞུ་བྱེད་པ་བཅས་དམིགས་འབེན་གཙོ་བོ་ཡིན་པའི་དམངས་གཙོ་དོ་དམ་ལག་བསྟར། སྡེ་དོན་སྤྱི་བསྒྲགས་དང་ནོར་དོན་ལ་ལྟ་སྐུལ་བྱེད་པ། མང་ཚོགས་ཀྱིས་དཔྱད་མོལ་བྱེད་པ་བཅས་ནང་དོན་གཙོ་བོ་ཡིན་པའི་དམངས་གཙོ་ལྟ་སྐུལ་ལག་བསྟར་བཅས་གཏིང་ཟབ་ཏུ་སྤེལ་ཏེ། སྡེ་དམངས་རང་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་པ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ཞིང་པ་དང་འབྲེལ་བའི་ཁྲིམས་བསྟར་ལྟ་སྐུལ་དང་ཁྲིམས་འཛིན་སྲུང་སྐྱོང་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོར་ཤུགས་བསྣན་ནས། བཅའ་ཁྲིམས་ཞབས་ཞུ་ལེགས་པོར་སྒྲུབས་པ་དང་། ཞིང་པའི་བཅའ་ཁྲིམས་འདུ་ཤེས་ཇེ་མཐོར་བཏང་སྟེ། ཞིང་སྡེ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཞབས་ཞུ་རང་བཞིན་དང་སྤྱི་ཕན་རང་བཞིན། ཕན་ཚུན་རོགས་སྐྱོར་རང་བཞིན་བཅས་ཀྱི་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་བྱས་ཏེ། སྤྱི་ཚོགས་རང་སྐྱོང་བྱེད་ནུས་འཐུས་ཚང་དུ་གཏོང་དགོས། བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་གྱི་ནོར་ཤུགས་ཇེ་དྲག་ཏུ་བཏང་སྟེ། སྲིད་འཛིན་སྡེ་བའི་སྐོར་སྐྱོད་ལ་དཀའ་ཁག་ལྡན་པའི་གནད་དོན་ཁ་ཤས་ཐག་གཅོད་པ་དང་། ཞང་དང་སྡེ་བའི་བུན་དོན་ཞི་ལྷོད་དུ་གཏོང་དགོས། ཞིང་པའི་ཁུར་བོར་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བ་མུ་མཐུད་དུ་ལེགས་པར་བསྒྲུབས་ཏེ། སྡེ་དམངས་ཀྱི་དོན་གཅིག་གྲོས་གཅིག་དང་མ་དངུལ་གྲབས་གསོག་དང་ངལ་རྩོལ་འཇུག་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།