རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་གཏིང་ཟབ་པར་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར།(སྨད་ཆ)

རྒྱལ་སྤེལ〔2012〕ཡིག་ཨང48པ། 

ལྔ། དགེ་རྒན་ཐོན་ཁུངས་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་དགོས།

  དགེ་རྒན་ཐོན་ཁུངས་ཐོག་མའི་བཀོད་སྒྲིག་བྱེད་སྟངས་ལེགས་སྒྱུར་བྱེད་པ་དང་། ཕན་འབྲས་ལྡན་པའི་ཐབས་བཀོད་སྣ་ཚོགས་སྤྱད་དེ། ཕུལ་དུ་བྱུང་བའི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་དང་བླངས་མི་སྣ་ཞིང་སྡེའི་སློབ་གྲྭའམ་ཉམ་ཞན་སློབ་གྲྭའི་དགེ་རྒན་དུ་འགུག་ཐབས་བྱེད་དགོས། དུས་ཡུན་རིང་བོར་ཞིང་སྡེའི་གཞི་རིམ་དང་དཀའ་སྡུག་ཆེ་བའི་མཐའ་འཁོབ་ཏུ་བྱ་བསྒྲུབ་བཞིན་པའི་དགེ་རྒན་ལ། གླ་ཕོགས་དང་མཚན་གནས་སོགས་ཀྱི་ཐད་ནས་དམིགས་བསལ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལས་གནས་སྒྲིག་གཞིའི་སྡུར་ཚད་ལ་ཞིབ་དཔྱད་ཆོག་འཐུས་འགོད་སྐབས་མཐོ་རིམ་དགེ་རྒན་གྱི་ལས་གནས་ཞིང་སྡེའི་སློབ་གྲྭ་དང་ཉམ་ཞན་སློབ་གྲྭར་ཕྱོགས་དགོས། སྨན་བཅོས་དང་རྒན་སྐྱོང་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་དགེ་རྒན་གྱི་སྤྱི་ཚོགས་འགན་སྲུང་ཁེ་དབང་ལ་དོན་དམ་པས་སྲུང་སྐྱོང་བྱེད་དགོས། ས་གནས་སོ་སོས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་སློབ་གྲྭ་ཆུང་འབྲིང་གི་སྒྲིག་ཁོངས་ཚད་གཞི་རིམ་གྱིས་ལག་བསྟར་བྱེད་དགོས་པ་མ་ཟད། སྡེ་བའི་སློབ་ཆུང་དང་སློབ་ཁྲིད་བྱེད་གནས་ལ་དམིགས་བསལ་སྟེར་དགོས། བསླབ་ཚན་སོ་སོའི་དགེ་རྒན་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། ལུས་རྩལ་དང་རོལ་དབྱངས། མཛེས་རྩལ་སོགས་བསླབ་ཚན་གྱི་དགེ་རྒན་ཆ་ཚང་ཏུ་བསྒྲིག་དགོས། མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ། གསར་རྗེའི་གནའ་ཁུལ་བཅས་ལ་དགེ་རྒན་དཀོན་པོ་སྐྱེད་སྲིང་དང་ཁ་གསབ་བྱེད་རྒྱུ་གཙོ་གནད་དུ་འཛིན་དགོས། དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་གི་གོ་ཆོད་དུས་ཡུན་ལམ་ལུགས་ལག་བསྟར་བྱེད་པ་དང་། དགེ་རྒན་གསོ་སྦྱོང་བྱེད་ཐད་ཤུགས་སྣོན་དང་གསོ་སྦྱོང་ཕན་འབྲས་མཐོར་འདེགས་བྱས་ཏེ། དགེ་རྒན་གྱི་ཡོན་ཏན་ཀུན་སྤྱོད་དང་བྱེད་སྒོའི་ནུས་པ་ཇེ་མཐོར་གཏོང་དགོས། རྫོང་ཁོངས་སུ་གཞུང་སྒྲུབ་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་བརྗེ་རེས་བྱེད་པའི་ལམ་ལུགས་ལག་ཏུ་བསྟར་དགོས། ས་གནས་སོ་སོས་རིམ་གྱིས་རྫོང་རིམ་པའི་སློབ་གསོ་སྡེ་ཁག་གིས་སློབ་གཙོ་གཅིག་གྱུར་སྒོས་བསྐོ་བ་ལག་ཏུ་བསྟར་བ་དང་། སློབ་གཙོ་བསྐོ་ཡུན་ལམ་ལུགས་ཁྱབ་སྤེལ་བྱེད་དགོས། གྲོང་རྡལ་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་ཞིང་སྡེའི་སློབ་གྲྭའམ་གྲོང་ཁྱེར་གྱི་ཉམ་ཞན་སློབ་གྲྭར་འགན་འཁྲི་ཁུར་བའམ་སློབ་ཁྲིད་བྱེད་དུ་འགྲོ་བར་སྐུལ་བསྟོད་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྫོང་ཁུངས་སུ་སློབ་གཙོ་དང་དགེ་རྒན་བརྗེ་རེས་བྱེད་པར་སྐུལ་འདེད་བྱེད་པའི་སྲིད་ཇུས་ཐབས་བཀོད་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་དཀའ་སྡུག་ཆེ་བའི་མཐའ་འཁོབ་ཀྱི་དགེ་རྒན་གྱི་འཁོར་རྒྱུག་ཉལ་ཁང་འཛུགས་སྐྲུན་བྱེད་དགོས། གྲོང་རྡལ་སློབ་གྲྭའི་དགེ་རྒན་གྱིས་མཐོ་རིམ་མཚན་གནས་ཀྱི་ཐོབ་ཐང་དཔྱད་བསྡུར་གཏན་འབེབ་བམ་གདན་ཞུས་ལས་བསྐོ་བྱེད་ན། རྩ་དོན་ཐོག་ལོ་གཅིག་ཡན་ལ་ཞིང་སྡེའི་སློབ་གྲྭར་དགེ་རྒན་བྱས་པའི་བརྒྱུད་རིམ་ཡོད་དགོས།

  དྲུག དམིགས་བསལ་གྱི་ཚོགས་སྤྱིས་འདྲ་མཉམ་སྒོས་འོས་འགན་སློབ་གསོ་མྱོང་པར་འགན་སྲུང་བྱེད་དགོས།

  གྲོང་ཁྱེར་དུ་ཞོར་ལས་གཉེར་ཏུ་འགྲོ་མཁན་གྱི་རྗེས་ཁྲིད་བྱིས་པས་འདྲ་མཉམ་སྒོས་འོས་འགན་སློབ་གསོ་མྱོང་པར་འགན་སྲུང་བྱེད་དགོས། འགྲོ་སའི་ས་གནས་གཙོར་འཛིན་པ་དང་གཞུང་སྒྲུབ་སློབ་གྲྭ་གཙོར་འཛིན་པའི"གཙོར་འཛིན་པ་གཉིས"ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་སྡོད་མི་འབོར་དེ་མངའ་ཁོངས་ཀྱི་སློབ་གསོའི་འཕེལ་རྒྱས་འཆར་བཀོད་དུ་བཞག་སྟེ། གྲོང་ཁྱེར་དུ་ཞོར་ལས་གཉེར་ཏུ་འགྲོ་མཁན་གྱི་རྗེས་ཁྲིད་བྱིས་པ་སློབ་གྲྭར་ཞུགས་པའི་མི་གྲངས་ལྟར་སློབ་གསོའི་གྲོན་དངུལ་སྟེར་བ་སྐུལ་སྤེལ་བྱེད་པ་དང་། གཞུང་སྒྲུབ་སློབ་གྲྭའི་ཐོན་ཁུངས་འོས་འཚམ་གྱིས་རྒྱ་བསྐྱེད་ནས། གྲོང་ཁྱེར་དུ་ཞོར་ལས་གཉེར་ཏུ་འགྲོ་མཁན་གྱི་བྱིས་པར་གཞུང་སྒྲུབ་སློབ་གྲྭ་རུ་འདྲ་མཉམ་སྒོས་འོས་འགན་སློབ་གསོ་མྱོང་པའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་དགོས། གཞུང་སྒྲུབ་སློབ་གྲྭས་དགོས་མཁོ་སྐོང་ཐབས་མེད་པའི་གནས་ཚུལ་ལ་འཕྲད་ཚེ། སྲིད་གཞུང་གིས་ཞབས་ཕྱི་སྒྲུབ་རིན་སྤྲོད་པ་སོགས་ཀྱིས་ཐབས་ལ་བརྟེན་ནས། གྲོང་ཁྱེར་དུ་ཞོར་ལས་གཉེར་ཏུ་འགྲོ་མཁན་གྱི་བྱིས་པར་ཁྲིམས་ལྟར་བཙུགས་པའི་དམངས་སྒྲུབ་སློབ་གྲྭ་རུ་འོས་འགན་སློབ་གསོ་མྱོང་པར་འགན་སྲུང་བྱེད་དགོས། ཞིང་སྡེའི་ཤུལ་སྡོད་ཀྱི་འོས་འགན་སློབ་གསོའི་སློབ་མར་ཐུགས་ཁུར་དང་ཞབས་ཕྱི་སྒྲུབ་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཤུལ་སྡོད་སློབ་མར་ཐུགས་ཁུར་གནང་རྒྱུ་དེ་སྤྱི་ཚོགས་དོ་དམ་གསར་གཏོད་མ་ལག་གི་གྲས་སུ་བཞག་སྟེ། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་སོ་སོ་རྒྱ་ཁྱབ་ཏུ་ཞུགས་པའི་ཐུགས་ཁུར་དྲ་རྒྱ་འཛུགས་པ་དང་། ཐུགས་ཁུར་གྱི་རྣམ་པ་གསར་གཏོད་བྱེད་དགོས། ཤུལ་སྡོད་སློབ་མའི་སློབ་གསོ་དོ་དམ་བྱ་བར་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། ཤུལ་སྡོད་སློབ་མར་ཡོངས་བཤེར་ཐོ་འགོད་ལམ་ལུགས་དང་སྤྱི་ཚོགས་ཆ་སྡེབ་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱེད་དགོས། ཤུལ་སྡོད་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ལ་ཤུགས་སྣོན་པ་དང་། ཤུལ་སྡོད་སློབ་མའི་བདེ་འཇགས་སྲུང་སྐྱོབ་ཀྱི་སྔོན་ཟོན་དང་འཕྲལ་སྟུན་ནང་རྐྱེན་འཛུགས་དགོས། ཤུལ་སྡོད་སློབ་མའི་ཞག་སྡོད་སློབ་གྲྭ་འགྲིམས་པའི་རེ་འདོད་དེ་དམིགས་སུ་བཀར་ནས་སྐོང་དགོས། འོས་འགན་སློབ་གསོའི་དུས་རིམ་གྱི་དམིགས་བསལ་སློབ་གསོའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་དམིགས་བསལ་སློབ་གསོ་སློབ་གྲྭའི་སློབ་མའི་གནས་ཚུལ་དངོས་ལ་གཞིགས་ནས་མི་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་གཏན་ལ་འབེབ་དགོས་ཤིང་། དམིགས་བསལ་སློབ་གསོའི་ཐད་མ་དངུལ་འཇོག་ཚད་ཇེ་མང་གཏོང་བ་དང་། ཐབས་བཀོད་འཐེན་ནས་དམིགས་བསལ་སློབ་གསོའི་དགེ་རྒན་གྱི་ཐོབ་ཐང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དམིགས་བསལ་སློབ་གྲྭ་ཐམས་ཅད་ཧུར་ཐག་གིས་སྒྲུབ་གཉེར་བཟང་པོ་བྱེད་དགོས། སློབ་གྲྭ་དཀྱུས་མ་རུ་དམིགས་བསལ་སློབ་གསོའི་འཛིན་གྲྭ་འཛུགས་པའམ་ཡང་ན་འཛིན་གྲྭ་གཞན་པའི་རྗེས་འབྲངས་ནས་སློབ་སྦྱོང་བྱེད་པའི་ཆ་རྐྱེན་སྐྲུན་དགོས་པ་དང་། སློབ་གསོ་དཀྱུས་མ་དང་ལེན་བྱེད་ཐུབ་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུ་བསྡུ་ལེན་བྱེད་དགོས། བྱིས་པའི་ཕན་བདེ་ལས་ཁུངས་ཀྱི་སློབ་ལོ་རན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པས་འོས་འགན་སློབ་གསོ་མྱོང་པར་འགན་སྲུང་བྱེད་དགོས་པ་དང་། བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་དགོས་མཁོ་ལྟར་དམིགས་བསལ་སློབ་གསོའི་འཛིན་གྲྭའམ་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་པར་སྐུལ་བསྟོད་དང་རྒྱབ་སྐྱོར་བྱེད་དགོས། དམིགས་བསལ་གྱིས་ལྟ་སྐྱོང་བྱེད་དགོས་པའི་སློབ་མར་ཐུགས་ཁུར་དང་རོགས་སྐྱོར་བྱེད་དགོས། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་དང་ཞིང་སྡེའི་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་བཅའ་སྡོད་སློབ་མར་འཚོ་བའི་གསབ་དངུལ་སྟེར་པའི་སྲིད་ཇུས་ལག་ལེན་མཐིལ་ཕྱིན་བྱེད་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བསྒྱུར་འཆར་གཞི་ལག་ཏུ་བསྟར་དགོས། དྭ་ཕྲུག་གི་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། དམངས་སྲིད་དང་སློབ་གསོ། སྤྱི་བདེ། བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་སོགས་སྡེ་ཁག་མང་པོ་ཞུགས་པའི་བྱ་བའི་ནང་རྐྱེན་བཙུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ལོ་རན་པའི་དྭ་ཕྲུག་རྣམས་བཅའ་སྡོད་འཚོ་བའི་སྒྲིག་ཆས་ཆ་ཚང་བའི་སློབ་གྲྭ་འགྲིམས་ཐུབ་པ་ཁག་ཐེག་བྱེད་དགོས། ཡུལ་འཁྱམས་བྱིས་པར་རོགས་སྐྱོབ་སྲུང་སྐྱོང་བྱེད་ཐད་ཤུགས་བསྣན་ཏེ། སློབ་ལོ་རན་པའི་ཡུལ་འཁྱམས་བྱིས་པ་ཡང་བསྐྱར་སློབ་གྲྭར་ཞུགས་པ་འགན་སྲུང་བྱེད་དགོས། ཆེད་དམིགས་ཀྱི་སློབ་གྲྭ་བཙུགས་ཏེ། ཐ་ཤལ་གྱི་བྱ་སྤྱོད་ཚབས་ཆེན་ལྡན་པའི་གཞོན་ནུར་སློབ་གསོ་གཏོང་བ་དང་སྤྱོད་ངན་ཡོ་བསྲང་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་ཆོག་མཆན་བཀོད་ནས་རིག་རྩལ་དང་ལུས་སྦྱོང་སོགས་ཆེད་ལས་སྦྱོང་བརྡར་དུ་སློབ་ལོ་རན་པའི་བྱིས་པ་བསྡུ་བའི་སྤྱི་ཚོགས་རྩ་འཛུགས་ཀྱིས། རང་གིས་བསྡུས་པའི་སློབ་ལོ་རན་པའི་བྱིས་པ་དང་གཞོན་ནུར་འོས་འགན་སློབ་གསོ་ཐོབ་པ་འགན་སྲུང་བྱེད་དགོས།

  བདུན། འོས་འགན་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས།

  ཚན་རིག་དང་མཐུན་པའི་སློབ་གསོའི་སྤུས་ཚད་ལྟ་བ་འཛིན་ཞིང་བྱང་ཚད་སློབ་གསོ་ཁྲིད་ཕྱོགས་བྱས་ཏེ། སློབ་མའི་ཀུན་སྤྱོད་བློ་རིག་ལུས་སྦྱོང་མཛེས་རྩལ་བཅས་ཁྱོན་ཡོངས་ནས་གོང་དུ་འཕེལ་བ་དང་སྐྱེ་སྟོབས་ལྡན་ཞིང་གྲུང་ཤ་དོད་པ་དང་རང་སྐྱ་འཕེར་བའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱེད་པ་དང་། སློབ་མའི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་དང་གསར་གཏོད་འདུ་ཤེས། ལག་ལེན་ནུས་པ་བཅས་སྐྱེད་སྲིང་བྱེད་དགོས། སློབ་གྲྭས་སློབ་གསོ་སློབ་ཁྲིད་ལ་བཅོས་སྒྱུར་དངོས་བཤེར་བྱེད་པར་བསྟོད་སྐུལ་བྱེད་པ་དང་། འབད་བརྩོན་སྒོས་ཁྱད་ཆོས་ལྡན་པའི་སློབ་གསོ་དང་ཆུ་ཚད་ཡོད་པའི་སློབ་གསོ་སྤེལ་ནས། སློབ་མ་རེ་རེར་འཚམ་པའི་གསོ་སློབ་འདོན་སྤྲོད་བྱེད་དགོས། སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་སློབ་མའི་སློབ་སྦྱོང་བྱང་ཚད་གདེང་འཇོག་མ་ལག་བཙུགས་ཏེ། སློབ་གྲྭའི་སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་སློབ་སྒྲུབ་ཆུ་ཚད་ལ་ཚན་རིག་དང་མཐུན་པར་གདེང་འཇོག་བྱས་ཏེ། སློབ་གྲྭས་སློབ་གསོའི་ཆོས་ཉིད་དང་འཇོན་མི་འཚར་ལོངས་འབྱུང་བའི་ཆོས་ཉིད་ལྟར་སློབ་གསོ་ལག་ཏུ་བསྟར་བར་ཁྲིད་སྟོན་དང་། སྤྱི་ཚོགས་ཀྱིས་ཡང་དག་པའི་སློབ་གསོའི་ལྟ་བ་བཟུང་སྟེ་སློབ་གསོ་དང་སློབ་གྲྭར་གདེང་འཇོག་བྱེད་པར་ཁྲིད་སྟོན་བྱེད་དགོས། སློབ་མའི་ལྕི་དྲགས་པའི་ལས་བྱའི་ཁུར་བོ་དངོས་གནས་ཇེ་ཡང་དུ་གཏོང་དགོས། ས་གནས་སོ་སོས་ལོ་རིམ་འཕར་བའི་དམིགས་ཚད་གཏན་ལ་ཕབ་མི་རུང་ཞིང་། ལོ་རིམ་འཕར་ཚད་རྐྱང་རྐྱང་ལ་བལྟས་ནས་ས་ཁུལ་དང་སློབ་གྲྭའི་ཨང་རིམ་བསྒྲིག་མི་ཆོག བསླབ་ཚན་བཀོད་སྒྲིག་ཁྲོམ་སྒྲོག་ལམ་ལུགས་དང་སློབ་མའི་གཟུགས་གཞི་བདེ་ཐང་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་ལམ་ལུགས་བཅས་བཙུགས་ཏེ། སློབ་མའི་སློབ་སྦྱོང་གི་ཁུར་བོ་ཇེ་ལྕིར་གཏོང་བྱ་སྤྱོད་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས། སློབ་གྲྭས་གསར་དུ་དག་བཅོས་བྱས་པའི་འོས་འགན་སློབ་གསོའི་བསླབ་ཚན་ཚད་གཞི་དངོས་འབེབ་ནན་ཏན་བྱེད་དགོས་པ་དང་། གང་བྱུང་དུ་བསླབ་ཚན་ནང་དོན་ཇེ་དཀའ་རུ་གཏོང་མི་ཆོག་ལ། ལུས་སྦྱོང་དང་རོལ་དབྱངས། མཛེས་རྩལ། ཕྱོགས་བསྡུས་ལག་ལེན་བྱེད་སྒོ། འཛིན་གྲྭའི་ཚོགས་འདུ། ན་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་སོགས་ཀྱི་སློབ་ཐུན་དུས་ཚོད་བཙན་སྤྱོད་བྱེད་མི་ཆོག་ཅིང་། ཚན་རིག་དང་ལུགས་གཉིས་ཀར་མཐུན་པའི་སྒོ་ནས་སློབ་མའི་སློབ་སྦྱོང་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱེད་དགོས། སློབ་ཁྲིད་བྱེད་སྟངས་གསར་བསྒྱུར་བྱས་ཏེ། སློབ་ཁྲིད་ཀྱི་ཕན་ཕྱོད་མཐོར་འདེགས་དང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐུལ་སློང་བྱེད་དགོས། ཁྱིམ་བདག་གི་རྒྱུད་ལ་ཡང་དག་པའི་སློབ་གསོའི་ལྟ་བ་དང་ཚན་རིག་དང་མཐུན་པའི་སློབ་གསོའི་ཐབས་ཤེས་གོམས་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཀྱི་གསོ་སྦྱོང་གསབ་སྦྱོང་ལས་ཁུངས་ལ་དོ་དམ་བྱེད་པར་ཤུགས་བསྣན་ནས། གསོ་སྦྱོང་གསབ་སྦྱོང་གི་ཁྲོམ་ར་ཚད་ལྡན་དུ་གཏོང་དགོས།

  བརྒྱད། སློབ་གྲྭའི་དོ་དམ་ལ་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་དགོས།

  སློབ་མའི་སློབ་ཐོ་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གིས་མྱུར་དུ་རྒྱལ་ཁབ་ཀྱི་རྨང་གཞི་སློབ་གསོའི་ཆ་འཕྲིན་ཅན་གྱི་ལས་སྟེགས་དང་སྦྲེལ་པའི་གློག་རྡུལ་སློབ་ཐོ་དོ་དམ་མ་ལག་དང་སློབ་གྲྭའི་དོ་དམ་ཆ་འཕྲིན་མ་ལག་འཛུགས་དགོས་ཤིང་། སྡོད་ཡུལ་གྱི་སློབ་ལོ་རན་པའི་མི་གྲངས་རྩ་བའི་ཚད་གཞིར་བཟུང་བའི་འོས་འགན་སློབ་གསོའི་དོ་དམ་དང་སྤྱི་པའི་ཞབས་ཕྱི་ནང་རྐྱེན་འཛུགས་དགོས། རྫོང་རིམ་པའི་སློབ་གསོ་སྡེ་ཁག་གིས་ནན་ཏན་སྒོས་གཞི་འཛིན་གྲངས་བསྡུ་གསོག་དང་ཉིན་རྒྱུན་གྱི་དོ་དམ་བྱ་བ་ལེགས་པོར་བསྒྲུབས་ཏེ། སློབ་མ་འཁོར་རྒྱུག་གི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་པར་རྒྱབ་སྐྱོར་བྱེད་དགོས། སློབ་མ་བསྡུ་ཐབས་ཚད་ལྡན་དུ་གཏོང་དགོས། རྫོང་རིམ་པའི་སློབ་གསོ་སྡེ་ཁག་གིས་མངའ་ཁོངས་ནང་གི་སློབ་ལོ་རན་པའི་བྱིས་པའི་མི་གྲངས་དང་སློབ་གྲྭའི་ཁྱབ་ཚུལ་གཞིར་བཟུང་སྟེ། གཞུང་སྒྲུབ་སློབ་གྲྭ་སོ་སོའི་སློབ་མ་བསྡུ་བའི་ཁྱབ་ཁོངས་ལུགས་མཐུན་སྒོས་གཏན་ཁེལ་བྱེད་དགོས། ས་གནས་སོ་སོ་འཚོལ་ཞིབ་ཀྱིས་མངའ་ཁོངས་ནང་གི་སློབ་ཆུང་དང་སློབ་འབྲིང་ཁ་གཏད་ནས་སློབ་མ་བསྡུ་བའི་ལམ་ལུགས་འཛུགས་པར་སྐུལ་བསྟོད་བྱས་ཏེ། སློབ་ཆུང་མཐར་ཕྱིན་སློབ་མ་ཐད་ཀར་ཁ་གཏད་སློབ་འབྲིང་འགྲིམ་དུ་འཇུག་དགོས། དམའ་འབྲིང་དང་མཐོ་འབྲིང་ཁ་བཀར་ནས་སློབ་གྲྭ་འཛུགས་པར་རྒྱབ་སྐྱོར་དང་། ལོ་དགུའི་སློབ་རིམ་ཚང་བའི་སློབ་གྲྭ་འཛུགས་པར་སྐུལ་འདེད་བྱེད་དགོས། འོས་འགན་སློབ་གསོའི་དུས་རིམ་དུ་གཙོ་གནད་སློབ་གྲྭ་དང་གཙོ་གནད་འཛིན་གྲྭ་གཏན་ནས་བཙུགས་མི་ཆོག མཐོ་འབྲིང་ལེགས་གྲས་སུ་སློབ་མ་བསྡུ་བའི་མི་གྲངས་དེ་མངའ་ཁོངས་ནང་གི་སློབ་འབྲིང་སོ་སོར་བགོད་པའི་སྡུར་ཚད་ཇེ་མཐོར་གཏོང་དགོས། མངའ་ཁོངས་ནང་གི་སློབ་མ་ཉེ་སའི་སློབ་གྲྭ་འགྲིམས་པའི་སྡུར་ཕྱོད་དང་སློབ་གྲྭ་འདེམ་པའི་སློབ་མ་བསྡུ་བའི་སྡུར་ཕྱོད་དེ་སློབ་གསོ་སྡེ་ཁག་དང་སློབ་གྲྭར་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་ཏུ་བཞག་སྟེ། "སློབ་གྲྭ་འདེམ་པར་ཚ་རླབས"དངོས་གནས་ཞི་འཇགས་སུ་གཏོང་དགོས། ནོར་དོན་གྱི་དོ་དམ་ཚད་ལྡན་དུ་གཏོང་དགོས། རྫོང་རིམ་པའི་སློབ་གསོ་དང་ནོར་སྲིད་སྡེ་ཁག་གིས་ངེས་པ་དོན་གྱི་ཐབས་བཀོད་འཐེན་ནས་འོས་འགན་སློབ་གསོའི་གྲོན་དངུལ་ལ་ལྟ་རྟོག་བྱེད་པར་ཤུགས་བསྣན་ཏེ། གྲོན་དངུལ་བདེ་འཇགས་དང་ཚད་ལྡན། ཕན་ནུས་མཐོན་པོ་སྒོས་བེད་སྤྱོད་པ་ཁག་ཐེག་བྱེད་དགོས། འོས་འགན་སློབ་གསོ་སློབ་གྲྭའི་ནོར་དོན་དོ་དོམ་གྱི་བྱ་བར་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ་དང་། སློབ་གྲྭས་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་ལྟ་སྐུལ་བྱས་ཏེ། སྔོན་རྩིས་བཟོ་འགོད་ཚད་ལྡན་དུ་གཏོང་བ་དང་། སྔོན་རྩིས་ལག་བསྟར་ནན་མོ་བྱེད་པ། ནོར་དོན་ངེས་རྩིས་ལེགས་པོར་སྒྲུབ་པ། རྩིས་གཉེར་ཞིབ་རྩིས་ཤུགས་དྲག་ཏུ་གཏོང་བ། རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་པ་བཅས་བརྒྱུད་དེ། མ་དངུལ་གྱི་བེད་སྤྱོད་ཕན་འབྲས་མཐོར་འདེགས་བྱེད་དགོས། གྲོན་དངུལ་བསྡུ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ས་གནས་སོ་སོས་སློབ་གྲྭས་གཞན་གྱི་ཚབ་ཏུ་གྲོན་དངུལ་བསྡུ་བའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་། སློབ་གྲྭའམ་སློབ་གསོ་སྡེ་ཁག་གིས་སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་གྱིས་གནང་སྦྱིན་དང་ལེན་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་ལ། སློབ་གྲྭར་ཞུགས་པའམ་སློབ་རིམ་འཕར་བ་ལ་འབྲེལ་བའི་གྲོན་དངུལ་གང་ཡིན་གཏན་ནས་སྡུད་མི་ཆོག སློབ་གྲྭས་རང་ཚུགས་ཀྱིས་སམ་ཡང་ན་སྤྱི་ཚོགས་གསོ་སྦྱོང་ལས་ཁུངས་ལ་མཉམ་འབྲེལ་ལམ་མངགས་བཅོལ་གྱིས་སློབ་མའི་ཡོང་ཁུངས་འདེམ་པར་དམིགས་པའི་གསོ་སྦྱོང་འཛིན་གྲྭ་ཅི་རིགས་གཏན་ནས་འཛུགས་མི་ཆོག་ལ། གཞུང་སྒྲུབ་སློབ་གྲྭས་མིང་དང་བྱེད་ཐབས་ཅི་རིགས་ལ་ཁ་གཡར་ཏེ་འཛིན་གྲྭ་འཛུགས་པ་དང་། འགྲན་སྡུར་བྱེད་པ། རྒྱུགས་ལེན་པ་སོགས་ལ་བརྟེན་ནས་སློབ་མ་བསྡུ་བ་མ་ཟད་གྲོན་དངུལ་ཡང་ལེན་པའི་བྱ་སྤྱོད་ལ་ཞིབ་གཅོད་ནན་མོ་བྱེད་དགོས། གཞུང་སྒྲུབ་སློབ་གྲྭས་དམངས་སྒྲུབ་སློབ་གྲྭའི་མིང་གཡར་ནས་སློབ་མ་བསྡུ་བ་དང་གྲོན་དངུལ་ལེན་པར་བཀག་འགོག་བྱེད་དགོས། ཁྲིམས་མི་སྒེར་ཚུགས་དང་། སློབ་ར་དང་སློབ་ཁང་སྒེར་ཚུགས། ནོར་དོན་དོ་དམ་སྒེར་ཚུགས། སློབ་གསོ་སློབ་ཁྲིད་སྒེར་ཚུགས་བཅས་བྱེད་ཐུབ་མེད་པར་དམངས་སྒྲུབ་སློབ་གྲྭའི་ཐོབ་ཐང་བླངས་ཡོད་པའི་ལུགས་བསྒྱུར་སློབ་གྲྭ་ཐམས་ཅད་ལ། ས་དེ་གའི་རིགས་མཐུན་པའི་གཞུང་སྒྲུབ་སློབ་གྲྭའི་གྲོན་དངུལ་བསྡུ་ལེན་སྲིད་ཇུས་ལག་ཏུ་བསྟར་དགོས། སློབ་ཁྲིད་ཀྱི་ཟུར་ལྟའི་དཔྱད་ཡིག་རྩོམ་སྒྲིག་དང་པར་སྐྲུན། བེད་སྤྱོད། རིན་གོང་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་དགོས།

  དགུ། རྩ་འཛུགས་མགོ་ཁྲིད་དང་སྐུལ་སྟོན་དཔྱད་འཇོག་ལ་ཤུགས་སྣོན་དགོས།

  ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སྐུལ་འདེད་ནུས་ཤུགས་ལྡན་པ་དང་། ཞིབ་བཤེར་གནད་དུ་ཁེལ་བ། དཔྱད་ཞིབ་གཟབ་ནན་ཡིན་པ། གཟེངས་བསྟོད་ཆད་གཅོད་གསལ་འབྱེད། མངོན་གསལ་དུ་འགན་འཁྲི་འདྲི་རྩད་བྱེད་པ་བཅས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འགན་འཁྲི་ནང་རྐྱེན་འཛུགས་དགོས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་དེ་ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་དེ་དག་གི་འགན་འཛིན་པ་གཙོ་བོར་ཞིབ་དཔྱད་བྱེད་པའི་ནང་དོན་གཙོ་བོར་འཇོག་དགོས། སློབ་གསོ་དང་འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྒྲིག་ལུགས་སོགས་སྡེ་ཁག་གིས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་བཞག་སྟེ། རང་འགན་རང་ལྕོགས་དང་ཕན་ཚུན་རམ་འདེགས་སྒོས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་མཉམ་རུབ་ཀྱིས་སྐུལ་འདེད་བྱེད་པའི་བྱ་བའི་ནང་རྐྱེན་ཆགས་སུ་འཇུག་དགོས། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་སྐུལ་སྟོན་དཔྱད་འཇོག་བྱ་བར་ཤུགས་སྣོན་དགོས་ཤིང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོར་དགེ་རྒན་དང་སྒྲིག་ཆས། དཔེ་ཆ། སློབ་ཁང་སོགས་ཐོན་ཁུངས་བཀོད་སྒྲིག་བྱས་པའི་གནས་ཚུལ་དང་སློབ་གྲྭའི་བར་དུ་དེར་མཐུན་གྱི་ཕྱོགས་སོ་སོར་གནས་པའི་ཁྱད་པར་གཙོ་གནད་དུ་བཟུང་ནས་དཔྱད་འཇོག་བྱེད་དགོས། ས་གནས་སྲིད་གཞུང་ལ་སློབ་གྲྭ་འགྲིམ་པའི་གོ་སྐབས་འགན་སྲུང་དང་། མ་དངུལ་གཏོང་འཇོག་འགན་སྲུང་། དགེ་རྒན་གྱི་དཔུང་སྡེ་འགན་སྲུང་བཅས་བྱས་ཚུལ་དང་ཚ་གནད་དང་དཀའ་གནད་ཞི་ལྷོད་དུ་བཏང་ཚུལ་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་ཀྱིས་དཔྱད་འཇོག་བྱེད་དགོས། རྫོང་ཁོངས་ཀྱི་མང་ཚོགས་ཡིད་ཚིམ་ཚད་དེ་སྐུལ་སྟོན་དཔྱད་འཇོག་བྱ་བའི་ནང་དོན་གཙོ་བོར་འཛིན་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་སྟོན་དཔྱད་འཇོག་བྱེད་ཐབས་གཞིར་བཟུང་ཞིང་། ས་གནས་རང་གི་གནས་ཚུལ་དངོས་དང་སྦྲེལ་ཏེ། རང་ཞིང་ཆེན(ལྗོངས། གྲོང་ཁྱེར)གྱི་བྱེ་བྲག་གི་ལག་བསྟར་བྱེད་ཐབས་དང་དཔྱད་འཇོག་ཚད་གཞི་གཏན་ལ་དབབ་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྐུལ་སྟོན་ལས་ཁུངས་ཀྱིས་རང་གི་མངའ་ཁོངས་ཀྱི་རྫོང་རིམ་པའི་སྡེ་ཚན་གྱིས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཕལ་ཆེར་མངོན་འགྱུར་བྱས་པའི་གནས་ཚུལ་ལ་སྐུལ་སྟོན་དཔྱད་འཇོག་བྱེད་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྐུལ་སྟོན་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབ་ཀྱི་འགན་ཁུར་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།