རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་གཏིང་ཟབ་པར་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར།(སྟོད་ཆ)

  རྒྱལ་སྤེལ〔2012〕ཡིག་ཨང48པ།

གཅིག འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

1986ལོར་ཁྱབ་སྒྲོག་བྱས་ཏེ་ལག་ཏུ་བསྟར་བའི་འོས་འགན་སློབ་གསོའི་བཅའ་ཁྲིམས་ལས་རང་རྒྱལ་གྱིས་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་གཏན་ལ་ཕབ། 2011ལོར་ཞིང་ཆེན(ལྗོངས། གྲོང་ཁྱེར)ཐམས་ཅད་ལ་རྒྱལ་ཁབ་ཀྱིས"ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ"ཞིབ་བཤེར་རྩིས་ལེན་བྱས་ནས་ཁས་ལེན་ཐོབ། རང་རྒྱལ་གྱིས་ལོ25ཡི་ནང་དུ་གྲོང་རྡལ་དང་གྲོང་གསེབ་ཀྱི་རིན་མེད་འོས་འགན་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་བས། སློབ་ལོ་རན་པའི་བྱིས་པ་དང་གཞོན་ནུ"སློབ་གྲྭ་འགྲིམ་ས་ཡོད་པའི"གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་ཏེ། རྒྱལ་དམངས་ཡོངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད། འོན་ཀྱང་ས་ཁོངས་མི་འདྲ་བའི་བར་དང་། གྲོང་རྡལ་དང་གྲོང་གསེབ་ཀྱི་བར། སློབ་གྲྭ་མི་འདྲ་བའི་བར་བཅས་སུ་སློབ་སྒྲུབ་ཆུ་ཚད་དང་སློབ་གསོའི་སྤུས་ཚད་གང་ཅིའི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཉིན་ལྟར་གོང་དུ་འཕེལ་བཞིན་པའི་སྤུས་ཚད་མཐོན་པོའི་སློབ་གསོའི་དགོས་མཁོ་དང་མཁོ་སྤྲོད་འདང་ངེས་བྱེད་མི་ཐུབ་པའི་འགལ་བ་སྔར་བཞིན་འབུར་དུ་ཐོན་ཡོད། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་གཏིང་ཟབ་པར་སྐུལ་འདེད་བྱས་ཏེ། ཞིང་སྡེའི་སློབ་གྲྭ་དང་ཉམ་ཐག་པའི་སློབ་གྲྭའི་སློབ་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འོས་འགན་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱས་ཏེ། ཧུར་ཐག་གིས་སློབ་ལོ་རན་པའི་བྱིས་པ་དང་གཞོན་ནུ་ཡོད་དོ་ཅོག"སློབ་གྲྭ་བཟང་བོར་འགྲིམ་པ"མངོན་དུ་བསྒྱུར་རྒྱུ་ནི། མི་རྩ་བར་འཛིན་པ་རྒྱུན་འཁྱོངས་དང་མིའི་སྒོ་ཀུན་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཏེ། འོས་འགན་སློབ་གསོའི་འགལ་བ་གཏིང་ཟབ་ཅན་ཐག་གཅོད་པ་དང་སློབ་གསོའི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འདེད་སྐུལ་བྱེད་པ། སློབ་གསོའི་དྲང་བཞག་ལ་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་སྐྲུན་པ། རྒྱལ་དམངས་ཀྱི་སྤུས་ཚད་སྔར་བས་མཐོར་འདེགས་དང་མི་ཤུགས་ཐོན་ཁུངས་ཅན་གྱི་རྒྱལ་ཁབ་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དུ་འཕྲལ་ཕུགས་གཉིས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། རིམ་པ་སོ་སོའི་སྲིད་གཞུང་གིས་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གལ་ཆེན་རང་བཞིན་དང་ཡུན་རིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། འགན་འཁྲིའི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་འགན་འཁྲི་ལྷུར་ལེན་བྱེད་པ་དང་། མ་དངུལ་གཏོང་ཚད་དངོས་གནས་ཇེ་མང་དུ་གཏོང་བ། སྲིད་ཇུས་ཐབས་བཀོད་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་དེ། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་གཏིང་ཟབ་པར་སྐུལ་འདེད་བྱས་ཏེ། སློབ་ལོ་རན་པའི་བྱིས་པ་དང་གཞོན་ནུ་དག་ལ་འོས་འགན་སློབ་གསོ་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས།

གཉིས། མཛུབ་སྟོན་བསམ་བློ་དང་གཞི་རྩའི་དམིགས་ཚད་གསལ་བོར་གཏན་ཁེལ་བྱེད་དགོས།

འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་མཛུབ་སྟོན་བསམ་བློ་ནི། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་ལེན་བགྱི་བ། སློབ་གསོའི་ཆོས་ཉིད་དང་འཇོན་མི་འཚར་ལོངས་འབྱུང་བའི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་་དང་། དགེ་རྒན་དང་སྒྲིག་ཆས། དཔེ་ཆ། སློབ་ཁང་སོགས་ཐོན་ཁུངས་དོ་མཉམ་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས། སློབ་སྒྲུབ་ཆུ་ཚད་དང་སློབ་གསོའི་སྤུས་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྫོང་རིམ་པ་གཙོ་བྱས་པའི་དོ་དམ་ཇེ་དྲག་ཏུ་བཏང་སྟེ། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཁོག་གི་ཆ་ནས་འཆར་འགོད་བྱེད་པ་དང་། གྲོང་རྡལ་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཡུལ་བབ་དང་སྟུན་ཤེས་བྱེད་པ། རིགས་དགར་ནས་མཛུབ་སྟོན་བྱེད་པ། གོ་རིམ་དབྱེ་ནས་ལག་བསྟར་བྱེད་པ་བཅས་བརྒྱུད་དེ། སློབ་གྲྭའི་བར་གྱི་ཁྱད་པར་དངོས་གནས་ཇེ་ཆུང་དུ་གཏོང་བ་དང་། གྲོང་རྡལ་དང་གྲོང་གསེབ་བར་གྱི་ཁྱད་པར་མགྱོགས་མྱུར་ངང་ཇེ་ཆུང་གཏོང་ཞིང་། ས་ཁུལ་བར་གྱི་ཁྱད་པར་ཧུར་ཐག་གིས་ཇེ་ཆུང་དུ་བཏང་སྟེ། སློབ་གྲྭ་རེ་རེ་ལེགས་པོར་སྒྲུབ་པ་དང་། སློབ་མ་རེ་རེ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་དགོས། འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གཞི་རྩའི་དམིགས་འབེན་ནི། སློབ་གྲྭ་རེ་རེ་རྒྱལ་ཁྱབ་ཀྱི་སློབ་སྒྲུབ་ཚད་གཞི་དང་མཐུན་ཞིང་། སློབ་སྒྲུབ་གྲོན་དངུལ་འགན་སྲུང་ཐུབ་པ། སློབ་གསོའི་ཐོན་ཁུངས་ཀྱིས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་ཐུབ་ཅིང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་བསླབ་ཚན་ཆ་ཚང་བར་ཁྲིད་པ། དགེ་རྒན་བཀོད་སྒྲིག་བྱས་པ་སྔར་བས་ལུགས་མཐུན་ཡིན་ལ། དགེ་རྒན་སྤྱིའི་སྤུས་ཚད་མཐོར་འདེགས་བྱེད་པ། སློབ་གྲྭའི་འཛིན་གྲྭ་རེའི་སློབ་མའི་ཁ་གྲངས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་དང་མཐུན་ཞིང་། "སློབ་མ་མང་བའི་འཛིན་གྲྭ"མེད་པར་གཏོང་བ། སྔོན་ལ་རྫོང་ཁོངས་སུ་འོས་འགན་སློབ་གསོ་ཕལ་ཆེར་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་མངོན་དུ་བསྒྱུར་བ་དང་། རྫོང་ཁོངས་ཀྱི་སློབ་གྲྭའི་བར་གྱི་ཁྱད་པར་མངོན་གསལ་གྱིས་ཇེ་ཆུང་དུ་གཏོང་བ། 2015ལོར་བསླེབས་དུས། རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་བརྟན་ཕྱོད93%ལ་བསླེབ་པ་དང་། ཕལ་ཆེར་དོ་མཉམ་ཡིན་པ་མངོན་དུ་བསྒྱུར་བའི་རྫོང(གྲོང་ཁྱེར། ཁུལ།)གི་སྡུར་ཚད་ནི65%བསླེབ་པ། 2020ལོར་བསླེབས་དུས། རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་བརྟན་ཕྱོད95%ལ་བསླེབ་པ་དང་། ཕལ་ཆེར་དོ་མཉམ་ཡིན་པ་མངོན་དུ་བསྒྱུར་བའི་རྫོང(གྲོང་ཁྱེར། ཁུལ།)གི་སྡུར་ཚད་ནི95%ལ་བསླེབ་པ་མངོན་འགྱུར་བྱ་དགོས།

གསུམ། སློབ་གསོའི་ཐོན་ཁུངས་སྤུས་ལེགས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བྱེད་དགོས།

སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཀྱི་ཁེབས་རྒྱ་བསྐྱེད་དགོས། སློབ་གྲྭ་སྤུས་ལེགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། སློབ་གྲྭའི་བར་མནའ་འབྲེལ་འཛུགས་པར་སྐུལ་བསྟོད་བྱེད་པ་དང་། ཚོགས་ཁག་ཅན་གྱི་སློབ་གྲྭ་སྒྲུབ་ཐབས་འཚོལ་ཞིབ་བྱེད་པ། ཁ་གཏད་རོགས་སྐྱོར་བྱེད་པར་དར་སྤེལ་དང་། སློབ་ཁུལ་ཅན་གྱི་དོ་དམ་ལག་ཏུ་བསྟར་བ་བཅས་བརྒྱུད། སྤྱིའི་ཆ་ནས་སློབ་གྲྭའི་སློབ་སྒྲུབ་ཆུ་ཚད་ཇེ་མཐོར་གཏོང་དགོས། སློབ་སྒྲུབ་ཆུ་ཚད་ཅུང་མཐོ་བའི་སློབ་གྲྭ་དང་ཕུལ་བྱུང་དགེ་རྒན་དག་གིས་མཉམ་དུ་དཔྱད་གླེང་དང་སློབ་ཁྲིད་གྲ་སྒྲིག ཟབ་སྦྱོང་གསོ་སྦྱོང་། རིག་གཞུང་བརྗེ་རེས། ཐུན་མོང་གི་སློབ་ཁྲིད་སྒྲིག་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་དང་སློབ་ཁྲིད་སྤུས་ཚད་མཐོར་འདེགས་ཡོང་བ་མཉམ་དུ་མངོན་འགྱུར་བྱེད་དགོས། སློབ་གསོ་ཆ་འཕྲིན་ཅན་དུ་བསྒྱུར་བར་ཤུགས་ཆེན་པོས་སྐུལ་འདེད་དང་། སློབ་གྲྭའི་གཤོང་ཆེ་དྲ་རྒྱ་འཛུགས་སྐྲུན་བྱེད་ཐད་ཤུགས་བསྣན་ཏེ། 2015ལོར་བསླེབས་དུས་ཆ་རྐྱེན་འཛོམས་པའི་ས་ཆ་དག་གི་སློབ་གྲྭར་གཤོང་ཆེ་དྲ་རྒྱ་མཐུད་པའི་གནད་དོན་ཐག་གཅོད་པ་དང་། རིམ་གྱིས་ཞིང་སྡེའི་སློབ་གྲྭའི་འཛིན་གྲྭ་རེ་རེར་སྨྱན་མང་སློབ་ཁྲིད་ཡོ་ཆས་སྒྲིག་སྦྱོར་བྱེད་དགོས། ཕུན་སུམ་ཚོགས་པའི་གྲངས་འཛིན་བསླབ་ཚན་སློབ་ཁྲིད་ཐོན་ཁུངས་སྤུས་ལེགས་གསར་སྤེལ་བྱེད་པ་དང་། དགེ་རྒན་དཀོན་པའི་བསླབ་ཚན་ཐོན་ཁུངས་དང་མི་རིགས་སྐད་གཉིས་སློབ་ཁྲིད་ཐོན་ཁུངས་གནད་སར་བཟུང་ནས་གསར་སྤེལ་བྱེད་དགོས། དགེ་སློབ་མང་པོར་དངོས་མིང་གི་དྲ་རྒྱའི་བར་སྟོང་ཁོར་ཡུག་མངའ་བར་རོགས་རམ་བྱས་ཏེ། ཁོ་ཚོས་རང་བདག་གིས་སློབ་སྦྱོང་བྱེད་པ་དང་སློབ་ཁྲིད་སྤེལ་རེས་བྱེད་པར་སྟབས་བདེ་བཟོ་དགོས། ཕྱོགས་གང་ཐད་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཏེ། ཧུར་ཐག་གིས་གཞུང་སྒྲུབ་སློབ་གསོ་ལེགས་པོར་སྤེལ་བ་དང་ཆབས་ཅིག་ཏུ། དམངས་སྒྲུབ་སློབ་གསོ་གོང་དུ་སྤེལ་བར་སྐུལ་བསྟོད་་བྱེད་དགོས། སྤྱི་ཚོགས་སློབ་གསོའི་ཐོན་ཁུངས་སྤྱོད་པའི་ཆུ་ཚད་མཐོར་འདེགས་བྱེད་དགོས། དངོས་མང་བཤམས་སྟོན་ཁང་དང་ཚན་རྩལ་ཁང་། རིག་གནས་ཁང་། དཔེ་མཛོད་ཁང་། འགྲེམ་སྟོན་ཁང་། གཞོན་ནུའི་སློབ་ཕྱིའི་བྱེད་སྒོ་སྤེལ་ར། ཕྱོགས་བསྡུས་ལག་ལེན་རྟེན་གཞི་སོགས་ལས་ཁུངས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མར་དམིགས་པའི་སྤྱི་ཕན་རང་བཞིན་གྱི་སློབ་གསོ་བྱེད་སྒོ་ཧུར་ཐག་གིས་སྤེལ་དགོས། སྤྱི་པའི་ལས་དོན་དོ་དམ་སྡེ་ཁག་དང་ལས་རིགས་རྩ་འཛུགས་ཀྱིས་ཅི་ནུས་སྒོས་ཆ་རྐྱེན་བསྐྲུན་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་མར་ལག་ལེན་སློབ་གསོ་སྤེལ་བར་འཚམ་པའི་ཐོན་ཁུངས་དག་སྤྱི་ཚོགས་ལག་ལེན་རྟེན་གཞི་རུ་བསྒྱུར་དགོས། སློབ་གསོ་སྡེ་ཁག་གིས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་སྤྱི་ཚོགས་ལག་ལེན། སློབ་ཕྱིའི་བྱེད་སྒོ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། སློབ་གྲྭས་སྤྱི་ཚོགས་ཀྱི་སློབ་གསོ་ཐོན་ཁུངས་ཧུར་ཐག་གིས་བེད་སྤྱད་དེ་ལག་ལེན་སློབ་གསོ་སྤེལ་བ་དང་། སློབ་གྲྭའི་སློབ་གསོ་དང་སློབ་ཕྱིའི་བྱེད་སྒོ་སྦྲེལ་མཐུད་འཚམ་པོ་བྱེད་པའི་ཐབས་ཤེས་ནུས་ལྡན་ཅན་འཚོལ་ཞིབ་བྱེད་དགོས།

བཞི། སློབ་སྒྲུབ་ཐོན་ཁུངས་དོ་མཉམ་སྒོས་བཀོད་སྒྲིག་བྱེད་དགོས།

འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་བཅོས་སྒྱུར་སྔར་བས་གཏིང་ཟབ་ཏུ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་མི་དམངས་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ཐོག དྲང་བཞག་ལ་སྐུལ་འདེད་དང་སྤུས་ཚད་མཐོར་འདེགས་བྱེད་པ་ཁྲིད་ཕྱོགས་སུ་བཟུང་སྟེ། མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། འགན་སྲུང་ནང་དོན་འཐུས་ཚང་དུ་བཏང་ནས་འགན་སྲུང་ཆུ་ཚད་མཐོར་འདེགས་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ནུབ་དབུས་རྒྱུད་ས་ཁུལ་གྱི་འོས་འགན་སློབ་གསོར་མ་དངུལ་སྔར་ལས་མང་པོ་གཏོང་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་ཐད་ཤུགས་བསྣན་ཏེ། ཞིང་སྡེ་ས་ཁུལ་དང་དབུལ་ཕོངས་ས་ཁུལ། ཉམ་ཞན་པའི་ལྷུ་ཚིགས་དང་ཁྱབ་ཁོངས་གཙོ་བོ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞིང་ཆེན(ལྗོངས། གྲོང་ཁྱེར།)སོ་སོས་རང་རང་ས་ཆའི་གནས་ཚུལ་དངོས་ལ་གཞིགས་ནས། འོས་འཚམ་སྒོས་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཕྱིའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཞབས་ཕྱིའི་ཚད་གཞི་ཇེ་མཐོར་བཏང་ཆོག འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་དཀྱུས་མའི་འཛུགས་སྐྲུན་ཚད་གཞི་དང་རང་ཞིང་ཆེན(ལྗོངས། གྲོང་ཁྱེར)གྱི་ཚད་གཞི་ལྟར། ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་ལ་དཔེ་ཆ་དང་སློབ་ཁྲིད་ཀྱི་དངོས་བཤེར་ཡོ་བྱད་དང་སྒྲིག་ཆས། རོལ་དབྱངས་ལུས་སྦྱོང་མཛེས་རྩལ་སོགས་ཀྱི་རྒྱུ་ཆ་དང་ཡོ་བྱད་ཆ་ཚང་བར་སྒྲིག་དགོས་པ་དང་། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་མའི་ཉལ་ཁང་དང་ཟ་ཁང་སོགས་འཚོ་བའི་སྒྲིག་བཀོད་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་དགོས་པ་མ་ཟད། ཞིང་སྡེའི་བཅའ་སྡོད་སློབ་གྲྭའི་དོ་དམ་ཞབས་ཕྱི་མི་སྣའི་བཀོད་སྒྲིག་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་ཉམ་ཞན་སློབ་གྲྭ་སྒྱུར་བཅོས་འཆར་གཞི་དང་། ནུབ་དབུས་རྒྱུད་ས་ཁུལ་གྱི་ཞིང་སྡེའི་དམའ་འབྲིང་གི་སློབ་ཁང་དང་ཉལ་ཁང་སྒྱུར་བཅོས་ལས་གཞི་མུ་མཐུད་དུ་ལག་ཏུ་བསྟར་བ་དང་། གྲོན་ཆུང་ཅན་གྱི་སློབ་ར་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས། སློབ་གྲྭ་རྒྱས་སྐྲུན་སྒྱུར་བཀོད་དང་སློབ་མ་ལུགས་མཐུན་གྱིས་ཁག་བགོ་བ་སོགས་ཀྱི་ཐབས་བཀོད་སྤྱད་དེ། རྫོང་དང་གྲོང་རྡལ་གྱི"འཛིན་གྲྭ་མང་བའི་སློབ་གྲྭ"དང"སློབ་མ་མང་བའི་འཛིན་གྲྭའི"གནད་དོན་ཐག་གཅོད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།