ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག

ལེའུ་དང་པོ། སྤྱིའི་རྩ་དོན།

  དོན་ཚན་དང་པོ།དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་བྱེད་པའི་སྲོལ་རྒྱུན་ལེགས་པོ་སྔར་ལས་དར་སྤེལ་དུ་གཏོང་བ་དང་། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་བཏང་སྟེ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱ་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།ཀྲུང་དབྱང་གི་འབྲེལ་ཡོད་གཏན་འཁེལ་བཅས་གཞིར་བཟུང་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

  དོན་ཚན་གཉིས་པ། སྲོལ་ཡིག་འདི་ནི་ཏང་གི་ལས་ཁུངས་དང་དམངས་ཆེན་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་དང་གཞན་ད་རུང་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་གཞུང་ཞབས་པའི་བཅའ་ཁྲིམས་ལྟར་དོ་དམ་བྱེད་ཀྱིན་པའི་དོན་ལས་སྡེ་ཁག་བཅས་ལ་སྤྱོད་པར་འཚམ།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་ཀྱིན་པའི་ཆུད་ཟོས་ཞེས་པ་ནི་ཏང་སྲིད་ལས་ཁུངས་དང་དེའི་ལས་བྱེད་པས་གཏན་འཁེལ་དང་འགལ་བའི་སྒོ་ནས་དགོས་ངེས་མི་ཆེ་བའི་གཞུང་དོན་བྱ་འགུལ་སྤེལ་བ་དང་། ཡང་ན་གཞུང་དོན་སྒྲུབ་སྐབས་གཏན་འཁེལ་བྱས་ཡོད་པའི་མངའ་ཁོངས་དང་ཚད་གཞི། བླང་བྱ་བཅས་ལས་བརྒལ་ནས་སྤྱི་པའི་མ་དངུལ་དང་དངུལ་རྩ། ཐོན་ཁུངས་བཅས་ཚུལ་མིན་གྱིས་སྤྱད་པས། རྒྱལ་ཁབ་དང་སྤྱི་ཚོགས་ལ་གྱོང་གུན་བཟོས་པའི་བྱ་སྤྱོད་ལ་གོ

  དོན་ཚན་བཞི་པ།ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྐབས་གཤམ་གྱི་རྩ་དོན་འདི་དག་བརྩི་སྲུང་བྱ་དགོས་པ་སྟེ། ནན་ཏན་དང་སྟབས་བདེ་རྒྱུན་འཁྱོངས་དང་བྱ་བ་ཡོད་ཚད་གྲོན་ཆུང་གིས་བསྒྲུབས་ཏེ། གཞུང་དོན་བྱ་འགུལ་གྱི་མ་རྩ་ཇེ་དམའ་རུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་འཛིན་པ་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཏང་ནང་གི་སྒྲིག་སྲོལ་ལམ་ལུགས་ཐད་ཀྱི་འབྲེལ་ཡོད་གཏན་འཁེལ་བཅས་བརྩི་སྲུང་བྱས་ཏེ། གོ་རིམ་ལྟར་བྱ་བ་བསྒྲུབ་པར་གཟབ་ནན་བྱེད་པ། སྤྱི་གྲངས་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་ཚད་གཞི་གཏན་འཁེལ་དང་གྲོན་དངུལ་གཏོང་སྤྲོད་ཀྱི་སྤྱི་གྲངས་གཟབ་ནན་གྱིས་ཚོད་འཛིན་བྱས་ཏེ། གྲོན་ཆུང་ནན་ཏན་གྱི་ཐོབ་འབྲས་ལ་དཔྱད་ཞིབ་བྱེད་པར་ཤུགས་སྣོན་པ། དངོས་ཐོག་བདེན་འཚོལ་ཡོང་བ་རྒྱུན་འཁྱོངས་དང་། དོན་དངོས་དང་བསྟུན་ནས་གཞུང་དོན་བྱ་འགུལ་བཀོད་སྒྲིག་བྱེད་པ་དང་དགོས་ངེས་མི་ཆེ་བའི་གཞུང་དོན་བྱ་འགུལ་མེད་པར་བཟོ་བ་བཅས་བྱས་ཏེ། རྒྱུན་ལྡན་གྱི་གཞུང་དོན་བྱ་འགུལ་སྤེལ་བར་ཁག་ཐེག་བྱེད་པ། སྤྱི་བསྒྲགས་དང་སྤྱི་གསལ་ཡོང་བ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བའི་དོན་བྱ་ཕུད་པའི་གཞུང་དོན་བྱ་འགུལ་ཁྲོད་ཀྱི་མ་དངུལ་དང་དངུལ་རྩ། ཐོན་ཁུངས་བཅས་ཀྱི་བཀོལ་སྤྱོད་གནས་ཚུལ་སྤྱི་བསྒྲགས་བྱས་ཏེ། ཕྱོགས་ཡོངས་ཀྱི་ལྟ་སྐུལ་དོ་དམ་དང་ལེན་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་དང་། བཅོས་བསྒྱུར་གསར་སྐྲུན་བརྒྱུད་དེ་སྒྲིག་སྲོལ་ནང་རྐྱེན་གྱི་བཀག་རྒྱ་གཏོར་ཏེ། གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་སོ། །

  དོན་ཚན་ལྔ་པ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་གྱིས་རྒྱལ་ཡོངས་ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཅིག་གྱུར་མཐུན་སྦྱོར་དང་མཛུབ་སྟོན། ཞིབ་དཔྱད་བཅས་བྱས་ཏེ། མཐུན་སྦྱོར་དང་འབྲེལ་གཏུག་སྒྲིག་སྲོལ་གྱིས་སྒྲུབ་འགན་འཁུར་བའི་ཞིབ་ཕྲའི་ལས་དོན་འཛུགས་དགོས་པ་དང་། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུའི་གཞུང་ལས་ཐིན(ཁང)དང་སྲིད་གཞུང་གཞུང་ལས་ཐིན(ཁང)གྱིས་རང་ས་གནས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་བར་མཛུབ་སྟོན་དང་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་མི་དོན། དྲིལ་བསྒྲགས། ཕྱི་འབྲེལ་ལས་དོན། འཕེལ་རྒྱས་བཅོས་བསྒྱུར། ནོར་སྲིད། རྩིས་བཤེར། ལས་ཁུངས་ལས་དོན་དོ་དམ་སོགས་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར་ལས་བགོ་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་འབྲེལ་ཡོད་བྱ་བའི་དོ་དམ་དང་ལྟ་སྐུལ་སོགས་ཀྱི་འགན་འཁྲི་ལག་བསྟར་བྱ་དགོས།

  དོན་ཚན་དྲུག་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ཏང་སྲིད་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་གི་འགན་འཁྲི་པ་གཙོ་བོས་རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་བར་སྤྱིའི་འགན་འཁྲི་འཁུར་དགོས་པ་དང་། ཁོངས་མི་གཞན་དག་གིས་རང་རང་གི་བྱ་བའི་ལས་བགོས་ལྟར། འགན་འཁྲིའི་མངའ་ཁོངས་ནང་གི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་བྱ་བར་མགོ་ཁྲིད་གཙོ་བོའི་འགན་འཁྲི་འཁུར་དགོས།

  ལེའུ་གཉིས་པ། གྲོན་དངུལ་དོ་དམ།

  དོན་ཚན་བདུན་པ།ཏང་སྲིད་ལས་ཁུངས་ཀྱིས་སྒྲིག་གཞི་དོ་དམ་སྔོན་རྩིས་བྱེད་པར་ཤུགས་བསྣན་ཏེ། ཕྱོགས་བསྡུས་སྔོན་རྩིས་ཀྱི་བླང་བྱ་ལྟར། ཡོང་སྒོ་དང་འགྲོ་སྒོ་ཡོངས་རྫོགས་སྡེ་ཁག་གི་སྔོན་རྩིས་ནང་དུ་འཇོག་དགོས།ཏང་སྲིད་ལས་ཁུངས་ཀྱིས་ཁྲིམས་ལྟར་བླངས་པའི་ཆད་གཅོད་གཞུང་བསྡུ་ཡོང་སྒོ་དང་། སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩ། རྒྱལ་དབང་དངུལ་རྩའི་ཁེ་སྤོགས་སོགས་ཀྱི་དཔྱ་ཁྲལ་མ་ཡིན་པའི་ཡོང་སྒོ་རྣམས་ངེས་པར་གཏན་འཁེལ་ལྟར་དུས་ལྟར་རྒྱལ་མཛོད་དུ་སྤྲད་དགོས་པ་ལས། རྣམ་པ་མི་འདྲ་བའི་སྒོ་ནས་གསང་བ་དང་བཀག་འགོག བཀག་སྤྱོད། གཞན་སྤྱོད། བགོ་བ་སོགས་གཏན་འགོག་བྱ་དགོས་པ་དང་། ལས་ཁུངས་ཁོངས་གཏོགས་ཀྱི་བཟོ་ཚོགས་དང་གསོ་སྦྱོང་ལྟེ་གནས། ཞབས་ཞུའི་ལྟེ་གནས་སོགས་ཀྱི་སྡེ་ཁག་གི་རྩིས་ཐོའི་ནང་བཞག་ནས་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱ་དགོས།

  དོན་ཚན་བརྒྱད་པ། ཏང་སྲིད་ལས་ཁུངས་ཀྱིས་སྔོན་ལ་སྔོན་རྩིས་བྱས་ཏེ་རྗེས་སུ་འགྲོ་སྒོ་གཏོང་བའི་རྩ་དོན་ངེས་པར་བརྩི་སྲུང་བྱ་དགོས་པ་དང་། སྔོན་རྩིས་ལས་བརྒལ་བའམ་ཡང་ན་སྔོན་རྩིས་མེད་པར་འགྲོ་སྒོ་གཏོང་བ་གཏན་འགོག་བྱེད་པ། འགྲོ་སྒོ་རྫུན་མ་གཏོང་བའམ་སྔོན་རྩིས་མ་དངུལ་སྤོ་བསྒྱུར་དང་ཧམ་ལེན་བྱེད་པ་གཏན་འགོག་བྱ་དགོས།རྒྱལ་ནང་གི་གཞུང་དོན་ལམ་གྲོན་དང་གཞུང་དོན་གྱི་ཆེད་དུ་གནས་སྐབས་སུ་ཕྱི་རྒྱལ་དུ་འགྲོ་བའི་གྲོན་དངུལ། གཞུང་དོན་གྱི་སྣེ་ལེན་གྲོན་དངུལ། གཞུང་དོན་དུ་སྤྱོད་པའི་རླངས་འཁོར་ཉོ་བ་དང་འཁོར་སྐྱོད་གྲོན་དངུལ། གྲོས་ཚོགས་གྲོན་དངུལ། གསོ་སྦྱོང་གྲོན་དངུལ་སོགས་ཀྱི་འགྲོ་སྒོ་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས། ལོ་འཁོར་མོའི་སྔོན་རྩིས་ལག་ལེན་ཁྲོད་ཁ་སྣོན་མི་བྱེད་པ་དང་། དངོས་གནས་ཁ་སྣོན་བྱ་དགོས་པ་བྱུང་ན་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས་ད་གཟོད་གོ་རིམ་ལྟར་སྙན་ཞུ་ཆོག་མཆན་འགོད་དགོས།སྔོན་རྩིས་ལག་བསྟར་བྱེད་པའི་གོ་རིམ་ཡོངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ནང་རྐྱེན་འཛུགས་པ་དང་། སྔོན་རྩིས་ལག་བསྟར་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། སྔོན་རྩིས་ཕན་འབྲས་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔོན་རྩིས་ལག་བསྟར་གྱི་གཟབ་ནན་རང་བཞིན་ཇེ་དྲག་དང་སྔོན་རྩིས་ལག་བསྟར་གྱི་ཡང་དག་ཚད་ཇེ་མཐོར་བཏང་ནས། ལོ་མཇུག་ཏུ་སྒོར་མོ་མང་པོ་བཀོལ་བའི་སྣང་ཚུལ་འབྱུང་བ་སྔོན་འགོག་བཅས་བྱ་དགོས།

  དོན་ཚན་དགུ་པ། སྲིད་གཞུང་གི་རྩིས་གཉེར་བཅོས་བསྒྱུར་ལ་སྐུལ་འདེད་དང་། རྩིས་གཉེར་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། ལས་ཁུངས་ཀྱི་འཁོར་སྐྱོད་གྲོན་དངུལ་ཡང་དག་གིས་བརྩི་བ་དང་། སྲིད་འཛིན་མ་རྩ་ཁྱོན་ཡོངས་ནས་མཚོན་དགོས།

  དོན་ཚན་བཅུ་པ། ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། རྒྱལ་ནང་གི་ལམ་གྲོན་དང་གཞུང་དོན་གྱི་ཆེད་དུ་གནས་སྐབས་སུ་ཕྱི་རྒྱལ་དུ་འགྲོ་བ། གཞུང་དོན་གྱི་སྣེ་ལེན་དང་གྲོས་ཚོགས། གསོ་སྦྱོང་སོགས་ཀྱི་བྱ་བའི་ཁྱད་ཆོས་ལྟར་དང་། དཔལ་འབྱོར་འཕེལ་རྒྱས་ཆུ་ཚད། འབྲེལ་ཡོད་ཚོང་ཟོང་དང་ཞབས་ཞུའི་ཚོང་ཁྲོམ་རིན་གོང་ཆུ་ཚད་སོགས་ལ་ཕྱོགས་བསྡུས་བསམ་གཞིག་བཏང་སྟེ། རང་ས་གནས་ཀྱི་གཞུང་དོན་བྱ་འགུལ་གྱི་གྲོན་དངུལ་འགྲོ་སྒོའི་ཁྱབ་ཁོངས་དང་ཚད་གཞི་གཏན་འཁེལ་བྱ་དགོས།འབྲེལ་ཡོད་འགྲོ་སྒོའི་ཚད་གཞི་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་དང་འགྲོ་སྒོའི་ཚད་གཞི་ལེགས་སྒྲིག་ནང་རྐྱེན་བཙུགས་ཏེ། དུས་བཅད་ལྟར་འབྲེལ་ཡོད་ཚོང་ཟོང་དང་ཞབས་ཞུའི་ཚོང་ཁྲོམ་རིན་གོང་གི་འགྱུར་ལྡོག་གནས་ཚུལ་གཞིར་བཟུང་ནས་འབྲེལ་ཡོད་འགྲོ་སྒོའི་ཚད་གཞི་ལེགས་སྒྲིག་བྱ་དགོས་པ་དང་། འགྲོ་སྒོའི་ཚད་གཞིའི་མཐུན་སྦྱོར་རང་བཞིན་དང་ཚད་ལྡན་རང་བཞིན། ཚན་རིག་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།འགྲོ་སྒོའི་ཁྱབ་ཁོངས་དང་ཚད་གཞི་གཟབ་ནན་བྱ་དགོས་པ་དང་འགྲོ་སོང་རྩིས་ཞུའི་ཞིབ་བཤེར་ལ་གཟབ་ནན་བྱས་ཏེ། ཁྱབ་ཁོངས་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་བའམ་ཡང་ན་འབྲེལ་ཡོད་གཞུང་དོན་བྱ་འགུལ་དང་འབྲེལ་བ་མེད་པའི་གྲོན་དངུལ་གང་ཡང་རྩིས་ཞུ་བྱ་མི་ཆོག

  དོན་ཚན་བཅུ་གཅིག་པ། གཞུང་དོན་བྱང་བུའི་ལམ་ལུཊ་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། གཞུང་དོན་བྱང་བུས་བཙན་ཤེད་ཀྱིས་རྩིས་རྒྱག་པའི་དཀར་ཆག་འཐུས་ཚང་དུ་གཏོང་བ་དང་། ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་ལམ་གྲོན་དང་གཞུང་དོན་སྣེ་ལེན་གྲོན་དངུལ། གཞུང་དོན་དུ་སྤྱོད་པའི་རླངས་འཁོར་ཉོ་བ་དང་འཁོར་རྒྱུག་གྲོན་དངུལ། གྲོས་ཚོགས་གྲོན་དངུལ། གསོ་སྦྱོང་གྲོན་དངུལ་སོགས་ཀྱི་འགྲོ་སྒོ་ཡོད་ཚད་ནོར་སྲིད་ཀྱིས་ཐད་ཀར་གཏོང་སྤྲོད་བྱེད་པའམ་ཡང་ན་དངུལ་ཁང་ནས་རྩིས་ཐོ་སྤོ་དགོས་པའི་གཏན་འཁེལ་ཡོད་པ་ཕུད། གཞུང་དོན་བྱང་བུ་སྤྱད་དེ་རྩིས་རྒྱག་དགོས།

  དོན་ཚན་བཅུ་གཉིས་པ། ཏང་སྲིད་ལས་ཁུངས་ཀྱིས་ཚོང་ཟོག་དང་བཟོ་འགོད། ཞབས་ཞུ་བཅས་ཉོ་སྒྲུབ་བྱ་སྐབས། ངེས་པར་སྤྱིར་གསལ་དང་དྲང་གཞག་འགྲན་རྩོད། གཞུང་དྲང་ཡིད་རྟོན་རུང་བ་བཅས་ཀྱི་རྩ་དོན་རྒྱུན་སྲུང་བྱ་དགོས།སྲིད་གཞུང་གིས་ཉོ་སྒྲུབ་བྱ་སྐབས་ཁྲིམས་ལྟར་ཆ་ཚང་བའི་ཉོ་སྒྲུབ་སྔོན་རྩིས་སྒྲིག་བཟོ་བྱ་དགོས་པ་དང་། གྲོན་དངུལ་སྔོན་རྩིས་དང་དངུལ་རྩ་སྡེབ་སྒྲིག་གི་ཚད་གཞི་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཉོ་སྒྲུབ་དགོས་མཁོ་ལུགས་མཐུན་སྒོས་ཐག་གཅོད་བྱ་དགོས་པ་ལས། ཚད་གཞི་ལས་བརྒལ་བའི་ཉོ་སྒྲུབ་བྱ་མི་ཆོག་ལ། གཞུང་ལས་དགོས་མཁོ་ལས་བརྒལ་བའི་ཉོ་སྒྲུབ་དང་ཞབས་ཞུ་བྱ་མི་ཆོགསྲིད་གཞུང་གི་ཉོ་སྒྲུབ་གོ་རིམ་གཟབ་ནན་སྒོས་ལག་བསྟར་དང་། གཏན་འཁེལ་དང་འགལ་བའི་སྒོ་ནས་བྱེད་སྟངས་དང་རྒྱུ་རྐྱེན་མི་འདྲ་བའམ་ཡང་ན་ངོ་བོ་བསྒྱུར་བའི་རྒྱུ་རྐྱེན་གང་ཞིག་གིས་ཀྱང་ཆས་རྟགས་དང་རྣམ་པ། ཐོན་སྐྱེད་བྱ་ཡུལ་སོགས་གཏན་འཁེལ་བྱ་མི་ཆོག སྤྱིར་གསལ་སྒོས་སུས་འཇོན་དེ་འགུག་གྲངས་འབོར་ཚད་གཞི་ལས་བརྒལ་བའི་ཚོང་ཟོང་དང་བཟོ་འགོད། ཞབས་ཞུ་བཅས་ཉོ་སྒྲུབ་བྱ་སྐབས། སྤྱི་གསལ་སྒོས་སུས་འཇོན་དེ་འགུག་བྱ་དགོས་ལ། ཉོ་སྒྲུབ་བྱེད་སྟངས་དངོས་གནས་བསྒྱུར་དགོས་པ་བྱུང་ན། འབྲེལ་ཡོད་སྤྱི་བསྒྲགས་དང་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ངེས་པར་་གཟབ་ནན་སྒོས་ལག་བསྟར་བྱ་དགོས། སྲིད་གཞུང་གི་གཅིག་བསྡུས་ཉོ་སྒྲུབ་དཀར་ཆག་གི་ཁྱབ་ཁོངས་ནང་དུ་བཞག་ཡོད་ན། གཅིག་བསྡུས་ཉོ་སྒྲུབ་ལས་ཁུངས་ལ་མངག་བཅོལ་བྱས་ཏེ་ཉོ་སྒྲུབ་བྱེད་དུ་འཇུག་དགོས་པར་མ་ཟད། རིམ་གྱིས་འབོར་གྲངས་གཅིག་བསྡུས་ཉོ་སྒྲུབ་བྱེད་པ་ལག་བསྟར་བྱ་དགོས། གྲོས་མཐུན་ཚོང་འདོན་ཉོ་སྒྲུབ་གྱི་གྲངས་འབོར་དང་གཞི་ཁྱོན་གཟབ་ནན་གྱིས་ཚོད་འཛིན་བྱས་ཏེ། གྲོས་མཐུན་ཚོང་འདོན་བཤིག་གཏོར་ལས་གཞིའི་རྣམ་པས་སྤྱིར་གསལ་གྱི་སུས་འཇོན་དེ་འགུག་ལ་གཡོལ་མི་ཆོགཏང་སྲིད་ལས་ཁུངས་ཀྱིས་ངེས་པར་སྲིད་གཞུང་གི་ཉོ་སྒྲུབ་གན་རྒྱའི་སྟེང་གཏན་འཁེལ་བྱས་ཡོད་པའི་ཉོ་སྒྲུབ་དགོས་མཁོར་རྩ་འཛུགས་སྒོས་ཞིབ་བཤེར་བྱ་དགོས། སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིམ་གྱིས་སྲིད་གཞུང་གི་ཉོ་སྒྲུབ་མཇུག་འབྲས་ལ་གདེང་འཇོག་བྱེད་པའི་ལམ་ལུགས་ཆགས་སུ་བཅུག་ནས། སྲིད་གཞུང་ཉོ་སྒྲུབ་ཀྱི་མ་དངུལ་གྲོན་ཆུང་དང་སྲིད་ཇུས་ཀྱི་ཕན་འབྲས། སྤྱིར་གསལ་ཡོང་ཚད་བཅས་དང་གཞན་ད་རུང་ཆེད་ལས་ཅན་གྱི་ཆུ་ཚད་བཅས་ལ་ཕྱོགས་བསྡུས་དང་ཕྱི་རོལ་ཡུལ་གྱི་སྟེང་ནས་གདེང་འཇོག་བྱ་དགོས།སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་ཉོ་ཚོང་སྟེགས་བུའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། གློག་རྡུལ་ཅན་གྱི་སྲིད་གཞུང་ཉོ་སྒྲུབ་ཁྱབ་གདལ་དུ་གཏོང་དགོས།

  ལེའུ་གསུམ་པ། རྒྱལ་ནང་ནས་གཞུང་དོན་དུ་བསྐྱོད་པ་དང་གཞུང་དོན་དུ་གནས་སྐབས་སུ་ཕྱི་རྒྱལ་ལ་འགྲོ་བ།

  དོན་ཚན་བཅུ་གསུམ་པ། ཏང་སྲིད་ལས་ཁུངས་ཀྱིས་རྒྱལ་ནང་ནས་གཞུང་དོན་དུ་བསྐྱོད་པར་ནང་ཁུལ་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་འཛུགས་པའམ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། གཟབ་ནན་སྒོས་ལག་བསྟར་བྱ་དགོས་པ་དང་། རྒྱལ་ནང་ནས་གཞུང་དོན་དུ་བསྐྱོད་པའི་མི་གྲངས་དང་ཉིན་གྲངས་གཟབ་ནན་གྱིས་ཚོད་འཛིན་དང་། གཞུང་དོན་གྱི་དམིགས་ཡུལ་གསལ་བོ་མིན་པར་གཞུང་དོན་དུ་འགྲོ་བའི་བྱ་འགུལ་གཏན་འགོག་དང་། གཞུང་དོན་དུ་ཕྱི་རུ་འགྲོ་བར་ཁ་གཡར་ཏེ་གནས་སྐོར་ལ་འགྲོ་བ་གཏན་འགོག ས་གནས་མི་གཅིག་པའི་སྡེ་ཁག་གི་བར་དུ་ནང་དོན་གསལ་བོ་མེད་པའི་སློབ་སྦྱོང་དང་བསམ་བློ་བརྗེ་རེས། བརྟག་དཔྱད་ཞིབ་འཇུག་སོགས་བྱེད་པ་གཏན་འགོག་བཅས་བྱ་དགོས།

  དོན་ཚན་བཅུ་བཞི་པ། རྒྱལ་ནང་ནས་གཞུང་དོན་དུ་བསྐྱོད་པའི་མི་སྣས་འགྲིམ་འགྲུལ་ཡོ་བྱད་དང་སྡོད་ཁང་། ཟ་མ་སོགས་ཀྱི་གཏན་འཁེལ་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། གྲོན་དངུལ་དེ་ཉིད་གནས་སའི་སྡེ་ཁག་གིས་འགན་འཁུར་དགོས།གཞུང་དོན་དུ་བསྐྱོད་པའི་མིའི་སྡོད་གནས་དང་ཟ་མ་སོགས་སྣེ་ལེན་སྡེ་ཁག་གིས་རམ་འདེགས་དང་བཀོད་སྒྲིག་བྱེད་ཀྱིན་ཡོད་ན། ངེས་པར་ཚད་གཞི་ལྟར་སྡོད་ཁང་གི་རིན་དང་ཟས་རིན་སྤྲད་དགོས། གཞུང་དོན་དུ་བསྐྱོད་པའི་མིས་སྣེ་ལེན་སྡེ་ཁག་ལ་རྒྱུན་ལྡན་གྱི་གཞུང་དོན་བྱ་འགུལ་དང་འབྲེལ་བ་མེད་པའི་རེ་བ་བཏོན་མི་ཆོག་པ་དང་། འབུལ་རྟེན་དངུལ་དང་ལག་སྐྱེས། ཁྱད་ཐོན་དངོས་རྫས་སོགས་གང་ཡང་བླངས་མི་ཆོག

  དོན་ཚན་བཅོ་ལྔ་པ། གཞུང་དོན་དུ་གནས་སྐབས་སུ་ཕྱི་རྒྱལ་ལ་འགྲོ་བའི་འཆར་གཞི་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་ན། ཚོགས་པའི་གྲངས་འབོར་དང་གཞི་ཁྱོན་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས་པ་ལས། ལྟ་རྟོག་རང་བཞིན་གྱི་བཀོད་སྒྲིག་དང་ནང་དོན་གསལ་བོ་མེད་པའི་སྤྱིར་བཏང་རང་བཞིན་གྱིས་ཕྱི་རྒྱལ་དུ་འགྲོ་བ་དང་རྟོག་ཞིབ་རང་བཞིན་གྱིས་ཕྱི་རྒྱལ་དུ་འགྲོ་བ་གཏན་འགོག་བྱ་དགོས་ལ། ཀུན་གྱིས་དོ་སྣང་བྱེད་ཀྱིན་པའི་རྒྱལ་ཁབ་དང་ས་ཁུལ་དུ་འགྲོ་བར་གཅིག་བསྡུས་སྒོས་བཀོད་སྒྲིག་བྱེད་པ་གཏན་འགོག་དང་། མིང་གཞན་ལ་ཁ་གཡར་ཏེ་གཞུང་དངུལ་བཀོལ་ནས་ཕྱི་རྒྱལ་དུ་གནས་སྐོར་ལ་འགྲོ་བ་གཏན་འགོག་བྱ་དགོས། གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བའི་མཚམས་བཅད་དོ་དམ་གཏན་འཁེལ་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཕྱི་རྒྱལ་དུ་འགྲོ་བ་དེ་རང་ཉིད་ཀྱི་ཐོབ་ཆར་བརྩིས་ཏེ་རེས་མོས་ཀྱིས་ཕྱི་རྒྱལ་དུ་འགྲོ་བར་བཀོད་སྒྲིག་བྱ་མི་ཆོག ས་གནས་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་བའི་ཚོགས་པ་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས།རྩ་འཛུགས་དང་ཕྱི་རྒྱལ་གྱི་ཆེད་མཁས་པ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཕྱི་རྒྱལ་དུ་གསོ་སྦྱོང་ལ་འགྲོ་བའི་སྤྱིའི་འཆར་འགོད་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཕྱི་རྒྱལ་དུ་གསོ་སྦྱོང་ལ་འགྲོ་བའི་གཞི་ཁྱོན་གཟབ་ནན་གྱིས་ཚོད་འཛིན་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་ལས་གཞི་བཀོད་སྒྲིག་བྱེད་པ། ཕུལ་བྱུང་ཅན་གྱི་གསོ་སྦྱོང་བྱ་ཡུལ་གདམ་པ་བཅས་བྱས་ཏེ། ཕྱི་རྒྱལ་དུ་གསོ་སྦྱོང་ལ་འགྲོ་བའི་སྤུས་ཀ་དང་དངོས་ཕན་ཇེ་མཐོར་གཏོང་དགོས།

  དོན་ཚན་བཅུ་དྲུག་པ། ཕྱི་དོན་དོ་དམ་སྡེ་ཁག་གིས་གཞུང་དོན་དུ་གནས་སྐབས་སུ་ཕྱི་རྒྱལ་ལ་འགྲོ་བར་ཞིབ་བཤེར་ཆོག་མཆན་འགོད་པའི་དོ་དམ་ལ་ཤུགས་སྣོན་བྱས་ཏེ། གཏན་འཁེལ་དང་འགལ་བའམ་ཡང་ན་ཕྱི་རྒྱལ་དུ་འགྲོ་བར་མི་འཚམ་པའི་ཚོགས་པ་ལེགས་སྒྲིག་དང་ཕྱིར་འཐེན་བྱ་དགོས།གཞུང་དོན་དུ་གནས་སྐབས་སུ་ཕྱི་རྒྱལ་ལ་འགྲོ་བའི་གྲོན་དངུལ་སྔོན་རྩིས་སྤྱི་གྲངས་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ། གྲོན་དངུལ་ཞིབ་བཤེར་ལམ་ལུགས་ལག་བསྟར་གཟབ་ནན་བྱ་དགོས། ཕྱི་རྒྱལ་དུ་འགྲོ་བའི་གྲོན་དངུལ་སྔོན་རྩིས་བྱས་མེད་ན་ཆོག་མཆན་མི་འགོད་པ་དང་། དངོས་གནས་དམིགས་བསལ་གྱི་དགོས་མཁོ་ཡོད་ན། གཏན་འཁེལ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་དགོས། གཏན་འཁེལ་དང་འགལ་བའི་སྒོ་ནས་ཕྱི་རྒྱལ་དུ་འགྲོ་བའི་གྲོན་དངུལ་སྔོན་རྩིས་ལས་བརྒལ་བའི་མ་དངུལ་བཀོལ་ན། དེའི་ཁོངས་གཏོགས་སྡེ་ཁག་དང་ཁེ་ལས། རང་རྒྱལ་གྱི་ཕྱི་སྡོད་ལས་ཁུངས་སོགས་ལ་བགོ་འགྲེམ་དང་ཡང་ན་ཕྱི་རྒྱལ་དུ་འགྲོ་བའི་གྲོན་དངུལ་ནང་དུ་སྤོ་སྒྱུར་བྱེད་མི་ཆོག

  དོན་ཚན་བཅུ་བདུན་པ། ཕྱི་རྒྱལ་དུ་འགྲོ་བའི་ཚོགས་པས་གཏན་འཁེལ་ལྟར་འགྲིམ་འགྲུལ་ཡོ་བྱད་དང་སྡོད་གནས་བཀོད་སྒྲིག་བྱ་དགོས་པ་ལས། གཏན་འཁེལ་དང་འགལ་ནས་དམངས་སྤྱོད་བོགས་བླངས་གནམ་གྲུ་ལ་བསྡད་མི་ཆོག་པ་དང་། མི་སྒེར་དང་ཁེ་ལས། ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་ཟི་བཅས་ཀྱི་བོགས་བླངས་གནམ་གྲུ་ལ་བསྡད་མི་ཆོག་ལ། ཚད་གཞི་ལས་བརྒལ་ནས་སྡོད་ཁང་དང་རླངས་འཁོར་བཀོད་སྒྲིག་བྱེད་མི་ཆོག་པ་དང་། རང་འདོད་ལྟར་འཚམས་འདྲིར་འགྲོ་བའི་རྒྱལ་ཁབ་དང་ཡང་ན་ས་གནས་ཇེ་མང་དང་གནས་སྐོར་ལམ་ཐག་ཇེ་རིང་། ཕྱི་རྒྱལ་དུ་འདུག་པའི་དུས་ཡུན་ཇེ་རིང་དུ་གཏོང་བ་བཅས་བྱ་མི་ཆོགཕྱི་རྒྱལ་དུ་འདུག་པའི་སྐབས་སུ། རང་རྒྱལ་དུ་ཡོད་པའི་ཕྱི་སྡོད་ལས་ཁུངས་དང་ཀྲུང་གོས་དངུལ་གཏོང་ལས་ཁུངས་སམ་ཁེ་ལས་གཞན་དག་བཅས་ཀྱི་བར་ལ་གཞུང་དངུལ་སྤྱད་དེ་ཕན་ཚུན་ལ་ལག་སྐྱེས་དང་དྲན་རྟེན་དངོས་པོ་བྱིན་མི་ཆོག་པ་དང་གཞུང་དངུལ་སྤྱད་དེ་ཕན་ཚུན་མགྲོན་འབོད་བྱེད་མི་ཆོག

  དོན་ཚན་བཅོ་བརྒྱད་པ། བྱ་བའི་དགོས་མཁོའི་དབང་གིས་ཕྱི་རྒྱལ་དུ་འགྲོ་བའི་འཆར་གཞི་བཟོ་བར་གཟབ་ནན་བྱེད་པ་དང་། གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བར་ཞིབ་བཤེར་དང་དོ་དམ་བྱེད་པར་ཤུགས་བསྣན་ཏེ། ཕྱི་རྒྱལ་ལ་རྟོག་ཞིབ་ཏུ་འགྲོ་བར་བཀོད་སྒྲིག་བྱེད་མི་ཆོག་པ་དང་། ནང་དོན་གལ་ཆེན་མེད་པའི་རྟོག་ཞིབ་དང་གྲོས་ཚོགས། གསོ་སྦྱོང་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱེད་མི་ཆོགགཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བའི་གྲོན་དངུལ་སྔོན་རྩིས་དང་གཏོང་སྤྲོད། བཀོལ་སྤྱོད། ཞིབ་བཤེར་སོགས་བྱེད་པའི་ནོར་སྲིད་ལམ་ལུགས་གཟབ་ནན་སྒོས་བརྩི་སྲུང་བྱས་ཏེ། ཚད་གཞི་ལས་བརྒལ་བའི་སྣེ་ལེན་དང་འཛད་སྤྱོད་མཐོན་པའི་རོལ་རྩེད་དང་ལེན་བྱ་མི་ཆོག་པ་དང་། འབུལ་རྟེན་དངུལ་དང་ལག་སྐྱེས་རྩ་ཆེན། རིན་མཐོ་དངུལ་འཛིན། གཏོང་སྤྲོད་བྱེད་པའི་འཛིན་ཡིག་སོགས་དང་ལེན་བྱེད་མི་ཆོག

  ལེའུ་བཞི་པ། གཞུང་དོན་སྣེ་ལེན།

  དོན་ཚན་བཅུ་དགུ་པ། རྒྱལ་ནང་གི་གཞུང་དོན་སྣེ་ལེན་གཅིག་བསྡུས་སྒོས་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་སྣེ་ལེན་དོ་དམ་སྡེ་ཁག་གིས་ངེས་པར་རྒྱལ་ནང་གི་གཞུང་དོན་སྣེ་ལེན་བྱ་བའི་དོ་དམ་དང་མཛུབ་སྟོན་ལ་ཤུགས་བསྣན་དགོས།

  དོན་ཚན་ཉི་ཤུ་པ། ཏང་སྲིད་ལས་ཁུངས་ཀྱིས་གཞུང་དོན་སྣེ་ལེན་ཐད་ཀྱི་མཆན་འགོད་ཚོད་འཛིན་ལམ་ལུགས་བཙུགས་ཏེ། གཞུང་ཡིག་མེད་པའི་གཞུང་དོན་བྱ་འགུལ་སྣེ་ལེན་མི་བྱེད་པ་དང་། གཞུང་དོན་མ་ཡིན་པའི་བྱ་འགུལ་དེ་ལ་སྣེ་ལེན་ཁྱབ་ཁོངས་སུ་འཇོག་པ་གཏན་འགོག་བྱ་དགོས།

  དོན་ཚན་ཉེར་གཅིག་པ། ཏང་སྲིད་ལས་ཁུངས་ཀྱིས་རྒྱལ་ནང་གི་གཞུང་དོན་སྣེ་ལེན་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ། སྣེ་ལེན་གྲོན་དངུལ་གྱི་སྤྱི་གྲངས་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས།སྣེ་ལེན་སྡེ་ཁག་གིས་ཚད་གཞི་ལྟར་སྣེ་ལེན་བྱ་ཡུལ་གྱི་སྡོད་གནས་གཟབ་ནན་གྱིས་བཀོད་སྒྲིག་བྱེད་པ་དང་། ཟ་མ་བཀོད་སྒྲིག་བྱ་སྐབས་ཚད་གཞི་ལྟར་ཟས་རིན་ལེན་པ་ལས། སྣེ་ལེན་གྲོན་དངུལ་ཁྲོད་སྣེ་ལེན་བྱ་ཡུལ་གྱིས་འཁུར་དགོས་པའི་གྲོན་དངུལ་བཏང་མི་ཆོག་པ་དང་། གྲོས་ཚོགས་དང་གསོ་སྦྱོང་སོགས་བསྡུ་བར་ཁ་གཡར་ཏེ་སྣེ་ལེན་གྲོན་དངུལ་སྤོ་བསྒྱུར་དང་སྦ་གསང་བྱ་མི་ཆོགརྒྱལ་ནང་གི་གཞུང་དོན་སྣེ་ལེན་ཐོ་འགོད་ལམ་ལུགས་བཙུགས་ཏེ། བདེན་པ་བདེན་དྲང་གིས་སྣེ་ལེན་བྱ་ཡུལ་དང་གཞུང་དོན་བྱ་འགུལ། སྣེ་ལེན་གྲོན་དངུལ་བཅས་ཀྱི་གནས་ཚུལ་ཡར་ཞུ་བྱེད་པ་དང་། སྣེ་ལེན་ཐོ་འགོད་དེ་ནོར་སྲིད་ཀྱི་འགྲོ་སོང་རྩིས་ཞུའི་བདེན་དཔང་བྱ་དགོས་པར་མ་ཟད། ད་རུང་རྩིས་བཤེར་དང་ལེན་བྱ་དགོས།

  དོན་ཚན་ཉེར་གཉིས་པ། ཕྱི་རྒྱལ་གྱི་མགྲོན་པོ་སྣེ་ལེན་བྱེད་སྐབས་ངེས་པར་ཕྱི་འབྲེལ་ལ་ཞབས་ཞུ་དང་མཛའ་མཐུན་འདྲ་མཚུངས། དངོས་དོན་གྲོན་ཆུང་བཅས་ཀྱི་རྩ་དོན་བརྩི་སྲུང་བྱ་དགོས། ཕྱི་མགྲོན་གདན་འདྲེན་བྱེད་པའི་སྡེ་ཁག་གིས་འབྲེལ་ཡོད་གཏན་འཁེལ་ལྟར་སྣེ་ལེན་བྱ་འགུལ་བཀོད་སྒྲིག་བྱ་དགོས་པ་དང་། ཕྱི་མགྲོན་ཚོགས་པ་དང་སྣེ་ལེན་གྲོན་དངུལ་ཚོད་འཛིན་ནན་མོ་དང་དམ་པོ་བྱ་དགོས།

  དོན་ཚན་ཉེར་གསུམ་པ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་རྒྱལ་ནང་གི་གཞུང་དོན་སྣེ་ལེན་ཚད་གཞི་གཞིར་བཟུང་ནས། ཚོང་འགུག་དངུལ་འདྲེན་སོགས་བྱ་འགུལ་གྱི་སྣེ་ལེན་བྱེད་ཐབས་བཟོ་བ་དང་། གཟབ་ནན་གྱིས་ཆོག་མཆན་འགོད་པ་དང་དོ་དམ་ཇེ་དྲག་ཏུ་བཏང་སྟེ། རྣམ་པ་དང་ཚད་གཞི་ལས་བརྒལ་བའི་སྣེ་ལེན་གཏན་འགོག་བྱ་དགོས། སྣེ་ལེན་ཁྱབ་ཁོངས་ཇེ་ཆེ་དང་སྣེ་ལེན་ལས་གཞི་ཇེ་མང་དུ་གཏོང་བ་གཏན་འགོག་དང་། ཚོང་འགུག་དངུལ་འདྲེན་སོགས་ལ་ཁ་གཡར་ཏེ་རྣམ་པ་བསྒྱུར་བའི་གཞུང་དོན་སྣེ་ལེན་བཀོད་སྒྲིག་བྱེད་པ་གཏན་འགོག་བྱ་དགོས།

  དོན་ཚན་ཉེར་བཞི་པ། ཏང་སྲིད་ལས་ཁུངས་ཀྱིས་མིང་གཞན་ལ་ཁ་གཡར་ཏེ་ཁོངས་གཏོགས་མགྲོན་ཁང་དང་སྣེ་ལེན་ཁང་སོགས་ཀྱི་སྣེ་ལེན་གྱི་བྱེད་ནུས་ལྡན་པའི་སྒྲིག་ཆས་དང་ཁང་པ་གསར་སྐྲུན་དང་ཞིག་གསོ། རྒྱ་ཇེ་ཆེ་བཅས་སུ་བཏང་མི་ཆོགསྣེ་ལེན་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་ནང་རྐྱེན་བཙུགས་ནས། ལས་ཁུངས་ཁོངས་གཏོགས་ཀྱི་སྣེ་ལེན་ཁང་དང་གསོ་སྦྱོང་ཁང་གཅིག་བསྡུས་དང་གཅིག་གྱུར་སྒོས་དོ་དམ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞབས་ཞུ་དང་བདག་གཉེར་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ལས་ཁུངས་ཁོངས་གཏོགས་ཀྱི་སྣེ་ལེན་ཁང་དང་གསོ་སྦྱོང་ཁང་ཁེ་ལས་ཅན་གྱིས་དོ་དམ་བྱེད་པ་དང་། ཞབས་ཞུ་དང་བདག་གཉེར་གྱི་མ་རྩ་ཇེ་དམའ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།རྒྱལ་ནང་གི་གཞུང་དོན་སྣེ་ལེན་ཞབས་ཞུ་དེ་སྤྱི་ཚོགས་ཅན་དུ་བསྒྱུར་བར་ཧུར་བརྩོན་སྒོས་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཐོན་ཁུངས་ཀྱིས་རྒྱལ་ནང་གི་གཞུང་དོན་སྣེ་ལེན་ཐད་སྡོད་གནས་དང་ཟ་མ། རླངས་འཁོར་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དུ་འཇུག་དགོས།

  ལེའུ་ལྔ་པ། གཞུང་སྤྱོད་རླངས་འཁོར།

  དོན་ཚན་ཉེར་ལྔ་པ། སྤྱི་ཚོགས་ཅན་དང་ཚོང་ཁྲོམ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། གཞུང་སྤྱོད་རླངས་འཁོར་གྱི་ལམ་ལུགས་བཅོས་བསྒྱུར། ལུགས་མཐུན་དང་ནུས་ལྡན་སྒོས་གཞུང་སྤྱོད་རླངས་འཁོར་གྱི་ཐོན་ཁུངས་བཀོད་སྒྲིག གཞུང་སྤྱོད་རླངས་འཁོར་ཁག་བགོས་འདོན་སྤྲོད་བྱེད་པའི་ཐབས་ལམ་གསར་སྐྲུན་བཅས་བྱས་ཏེ། གཞུང་དོན་དུ་ཕྱི་རུ་འགྲོ་བར་འགན་སྲུང་དང་སྲིད་འཛིན་མ་རྩ་ཇེ་དམའ་རུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་རྣམ་པ་གསར་བའི་གཞུང་སྤྱོད་རླངས་འཁོར་ལམ་ལུགས་འཛུགས་དགོས།གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་བྱེད་སྟངས་བསྒྱུར་ཏེ། སྤྱིར་བཏང་གི་གཞུང་སྤྱོད་རླངས་འཁོར་ཕྱིར་འཐེན་དང་། ཁྲིམས་སྐྱོང་བ་དང་ལས་འགན་སྒྲུབ་པ། གསང་གནད་འཕྲིན་གཏོང་། བྲེལ་བསྟུན་དང་དམིགས་བསལ་ཆེད་ལས་ལག་རྩལ་སོགས་ཀྱི་དགོས་ངེས་ཆེ་བའི་གཞུང་སྤྱོད་རླངས་འཁོར་དང་ཡང་ན་གཏན་འཁེལ་ལྟར་བཀོད་སྒྲིག་བྱས་པའི་རླངས་འཁོར་གཞན་དག་སོར་འཇོག་བྱ་དགོས། སྤྱིར་བཏང་གི་གཞུང་དོན་དུ་ཕྱི་རུ་འགྲོ་བར་གཞུང་དོན་སྒྲུབ་མཁན་གྱིས་རང་བདག་གིས་གདམ་གསེས་བྱས་ཏེ། སྤྱི་ཚོགས་ཅན་གྱི་འདོན་སྤྲོད་ལག་བསྟར་བྱ་དགོས། ཕྱིར་འཐེན་བྱས་པའི་སྤྱིར་བཏང་གི་གཞུང་སྤྱོད་རླངས་འཁོར་དེ་དག་སུས་འཇོན་དེ་འགུག་དང་རིན་གོང་གང་མཐོར་བཙོང་བ་སོགས་ཀྱི་རྣམ་པ་སྤྱད་དེ་སྤྱིར་གསལ་སྒོས་ཐག་གཅོད་བྱ་དགོས།ཚད་དང་རན་པའི་སྒོ་ནས་གཞུང་དོན་ཐད་ཀྱི་འགྲིམ་འགྲུལ་ཁ་གསབ་སྟེར་བ་ལས། འགྲིམ་འགྲུལ་བསྒྱུར་བའི་ཁ་གསབ་ལ་ཁ་གཡར་ཏེ་ངོ་བོ་བསྒྱུར་བའི་ཕན་བདེ་ཐོབ་ཆ་བྱིན་མི་ཆོག

  དོན་ཚན་ཉེར་དྲུག་པ། ཏང་སྲིད་ལས་ཁུངས་ཀྱིས་ཁ་ཕྱོགས་གཏན་འཁེལ་ཅན་གྱི་འགན་སྲུང་བཀོད་སྒྲིག་བྱས་ཡོད་པའི་གཞུང་སྤྱོད་རླངས་འཁོར་དེ་དམིགས་བསལ་སྤྱོད་ཡུལ་སོགས་ལ་ཁ་གཡར་ཏེ་སྒྲིག་གཞི་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་བའི་གཞུང་དོན་དུ་སྤྱད་མི་ཆོག་ལ། རྣམ་པ་མི་འདྲ་བའི་སྒོ་ནས་རླངས་འཁོར་བརྗེ་སྤོར་དང་གཡར་སྤྱོད། འོག་རིམ་སྡེ་ཁག་གམ་སྡེ་ཁག་གཞན་པ་དང་ཡང་ན་མི་སྒེར་གྱི་རླངས་འཁོར་བདག་འཛིན་བྱ་མི་ཆོག་པ་དང་། ཁེ་ལས་དོན་ལས་སྡེ་ཁག་དང་མི་སྒེར་གྱིས་བྱིན་པའི་རླངས་འཁོར་བླངས་མི་ཆོགགཟབ་ནན་སྒོས་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱ་དགོས་པ་ལས། རང་འདོད་ལྟར་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱེད་ཚད་ཇེ་ཆེ་དང་ངོ་བོ་བསྒྱུར་བའི་སྒོ་ནས་ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག་བྱ་མི་ཆོགཁྲིམས་སྐྱོང་བ་དང་ལས་འགན་བསྒྲུབ་པར་སྤྱོད་པའི་རླངས་འཁོར་གྱི་བཀོད་སྒྲིག་ཁྱབ་ཁོངས་སམ་སྒྲིག་གཞིའི་ཚད་གཞི་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས། ཁྲིམས་སྐྱོང་བ་དང་ལས་འགན་སྒྲུབ་པར་སྤྱོད་པའི་རླངས་འཁོར་བཀོད་སྒྲིག་བྱ་སྐབས་ཀྱང་འཐབ་ཕྱོགས་དང་པོ་རུ་ཁྲིམས་སྐྱོང་བ་དང་ལས་འགན་སྒྲུབ་པར་བཀོད་སྒྲིག་བྱེད་པ་ལས། ལས་ཁུངས་ནང་ཁུལ་གྱི་དོ་དམ་དང་རྒྱབ་ཕྱོགས་ཞབས་འདེགས། གཞན་ད་རུང་ལས་ཁུངས་ཁོངས་གཏོགས་ཀྱི་དོན་ལས་སྡེ་ཁག་སོགས་ལ་བཀོད་སྒྲིག་བྱ་མི་ཆོག

  དོན་ཚན་ཉེར་བདུན་པ། གཞུང་སྤྱོད་རླངས་འཁོར་སྲིད་གཞུང་གིས་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱ་དགོས་པ་དང་། ཐོག་མར་རང་རེའི་རྒྱལ་ཁབ་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་ཉོ་བ་དང་། ནུས་ཁུངས་གསར་བའི་རླངས་འཁོར་དམིགས་སུ་བཀར་ནས་གདམ་དགོས།གཞུང་སྤྱོད་རླངས་འཁོར་ནི་གཏན་འཁེལ་བྱས་ཡོད་པའི་ལོ་ཡུན་ལྟར་གསར་བསྒྱུར་བྱ་དགོས་པ་དང་། གསར་བསྒྱུར་དུས་ཡུན་ལོངས་ནའང་ད་རུང་བཀོལ་སྤྱོད་བྱེད་ཆོག་ན་མུ་མཐུད་དུ་བཀོལ་སྤྱོད་བྱ་དགོས་པ་ལས། མགོ་ཁྲིད་ལས་བྱེད་པའི་གོ་གནས་སྤར་པའམ་ཡང་ན་ལས་འགན་བསྒྱུར་བར་ཁ་གཡར་ཏེ་སྔ་སྣུར་གྱིས་གསར་བསྒྱུར་བྱ་མི་ཆོགགཞུང་སྤྱོད་རླངས་འཁོར་གྱི་ཉེན་སྲུང་དང་ཉམས་གསོ། སྣུམ་སྣོན་སོགས་སྲིད་གཞུང་གིས་ཉོ་སྒྲུབ་བྱས་ཏེ། འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་གཏོང་དགོས།

  དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མྱུལ་ཞིབ་གྱོད་སྒྲུབ་སོགས་སྦ་གསང་བྱ་དགོས་པའི་དམིགས་བསལ་བྱ་བ་སྒྲུབ་པའི་རླངས་འཁོར་ལས། ཁྲིམས་སྐྱོང་བ་དང་ལས་འགན་སྒྲུབ་པར་སྤྱོད་པའི་རླངས་འཁོར་ལ་གཅིག་གྱུར་གྱི་མཚོན་རྟགས་གསལ་བོ་བརྒྱག་དགོས།

  དོན་ཚན་ཉེར་དགུ་པ། གཞུང་དོན་བྱ་འགུལ་གྱི་དགོས་མཁོ་དང་བསྟུན་ནས། གཏན་འཁེལ་ལྟར་གཞུང་སྤྱོད་རླངས་འཁོར་བཀོལ་བ་ལས། རྒྱུ་མཚན་གཞན་པར་ཁ་གཡར་ཏེ་ཁྲིམས་སྐྱོང་བ་དང་ལས་འགན་སྒྲུབ་པ། གསང་གནད་འཕྲིན་གཏོང་སོགས་ཀྱི་གཞུང་སྤྱོད་རླངས་འཁོར་གཞན་སྤྱོད་དང་མི་གཞན་ལ་བཀོལ་སྤྱོད་བྱེད་དུ་བཅུག་མི་ཆོག མགོ་ཁྲིད་ལས་བྱེད་པའི་ཉེ་མི་དང་ཉེ་འགྲམ་གྱི་ལས་བྱེད་པས་རང་དོན་གྱི་ཆེད་དུ་མགོ་ཁྲིད་ལས་བྱེད་པར་བཀོད་སྒྲིག་བྱས་ཡོད་པའི་གཞུང་སྤྱོད་རླངས་འཁོར་བཀོལ་མི་ཆོག

  ལེའུ་དྲུག་པ། གྲོས་ཚོགས་བྱ་འགུལ།

  དོན་ཚན་སུམ་ཅུ་པ། ཏང་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་སྙིང་བསྡུས་བྱས་ཏེ། གྲོས་ཚོགས་གྲོན་དངུལ་གྱི་གཏོང་སྤྲོད་ཁྱབ་ཁོངས་དང་ཚད་གཞི་གཟབ་ནན་སྒོས་ལག་བསྟར་བྱ་དགོས།ཏང་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་རིགས་བགོས་དོ་དམ་དང་རིམ་བགར་ཆོག་མཆན་འགོད་དགོས། ནོར་སྲིད་སྡེ་ཁག་གིས་ལས་ཁུངས་ཀྱི་ལས་དོན་དོ་དམ་སོགས་སྡེ་ཁག་དང་མཉམ་དུ་སྡེ་ཁག་ནས་རིམ་མཚུངས་ཏང་སྲིད་ལས་ཁུངས་ཀྱི་གྲོས་ཚོགས་གྲོན་དངུལ་དོ་དམ་བྱེད་ཐབས་བཟོ་དགོས་པ་དང་། གྲོས་ཚོགས་འཚོགས་གྲངས་དང་གྲོས་ཚོགས་ཀྱི་ཉིན་གྲངས། ཚོགས་ཞུགས་མི་སྣའི་གྲངས་འབོར་སོགས་ཚོད་འཛིན་ནན་མོ་བྱ་དགོས། ཏང་སྲིད་ལས་ཁུངས་ཀྱིས་ཡུལ་ལྗོངས་གྲགས་ཅན་དུ་གྲོས་ཚོགས་བསྡུ་བ་གཏན་འགོག་བྱེད་པའི་ལམ་ལུགས་དང་གཏན་འཁེལ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད་ལག་བསྟར་ནན་མོ་བྱ་དགོས།

  དོན་ཚན་སོ་གཅིག་པ། གྲོས་ཚོགས་བསྡུ་གནས་སུ་སྲིད་གཞུང་གི་ཉོ་སྒྲུབ་དམིགས་བཙུགས་དོ་དམ་ལག་བསྟར་བྱ་དགོས། གྲོས་ཚོགས་སྐབས་ཀྱི་སྡོད་ཁང་ནི་ཚད་གཞི་ཅན་གྱི་ཁང་པ་གཙོར་འཛིན་དགོས་པ་དང་ཟ་མ་ཟ་སྐབས་རང་འདེམ་ཟ་མ་དང་ཡང་ན་ལས་ཀའི་ཟ་མ་བཀོད་སྒྲིག་བྱ་དགོས།གྲོས་ཚོགས་ཀྱི་སྐབས་སུ། གསོལ་སྟོན་བཤམ་མི་ཆོག་པ་དང་། གནས་སྐོར་སོགས་གྲོས་ཚོགས་དང་འབྲེལ་བ་མེད་པའི་བྱ་འགུལ་རྩ་འཛུགས་བྱེད་མི་ཆོག་ལ། མིང་གཞན་ལ་ཁ་གཡར་ཏེ་དྲན་རྟེན་དངོས་པོ་སྟེར་མི་ཆོགགྲོས་ཚོགས་གྲོན་དངུལ་རྩིས་ཞུ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆོག་མཆན་བཀོད་མེད་པའམ་ཡང་ན་ཁྱབ་ཁོངས་དང་ཚད་གཞི་ལས་བརྒལ་བའི་གྲོས་ཚོགས་ཀྱི་གྲོན་དངུལ་འགྲོ་སོང་རྩིས་ཞུ་བྱ་མི་ཆོག གཏན་འཁེལ་དང་འགལ་བའི་སྒོ་ནས་གྲོས་ཚོགས་གྲོན་དངུལ་སྤྱད་དེ་གཞུང་ལས་སྒྲིག་ཆས་ཉོ་བ་གཏན་འགོག་དང་། གཞུང་དོན་སྣེ་ལེན་གྲོན་དངུལ་སོགས་གྲོས་ཚོགས་དང་འབྲེལ་བ་མེད་པའི་གྲོན་དངུལ་གང་ཡང་གཏོང་མི་ཆོག་ལ། གྲོས་ཚོགས་ཀྱི་གྲོན་དངུལ་ལེན་པ་གཏན་འགོག་བྱ་དགོས།

  དོན་ཚན་སོ་གཉིས་པ། གསོ་སྦྱོང་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གསོ་སྦྱོང་བྱེད་པའི་གྲངས་ཀ་དང་དུས་ཡུན། གཞི་ཁྱོན་བཅས་ཚོད་འཛིན་བྱས་ཏེ། གསོ་སྦྱོང་ལ་ཁ་གཡར་ཏེ་ཚོགས་འདུ་བསྡུ་བ་གཏན་འགོག་བྱ་དགོས།གསོ་སྦྱོང་སྣ་ཚོགས་ཀྱི་དངུལ་གཏོང་ཚད་གཞི་གཟབ་ནན་སྒོས་ལག་བསྟར་བྱེད་པ་དང་། གསོ་སྦྱོང་གྲོན་དངུལ་གྱི་གཏོང་སྤྲོད་ཁྱབ་ཁོངས་གཟབ་ནན་གྱིས་ཚོད་འཛིན་བྱས་ཏེ། གསོ་སྦྱོང་གྲོན་དངུལ་ཁྲོད་གཞུང་དོན་སྣེ་ལེན་གྲོན་དངུལ་དང་གྲོས་ཚོགས་ཀྱི་གྲོན་དངུལ་སོགས་གསོ་སྦྱོང་དང་འབྲེལ་བ་མེད་པའི་གྲོན་དངུལ་གཏོང་བ་གཏན་འགོག་བྱ་དགོས། གསོ་སྦྱོང་ལ་ཁ་གཡར་ཏེ་གཞུང་དངུལ་བཀོལ་ནས་གསོལ་སྟོན་བཤམ་པ་དང་གཞུང་དངུལ་བཀོལ་ནས་གནས་སྐོར་དུ་འགྲོ་བའི་བྱ་འགུལ་སྤེལ་བ་གཏན་འགོག་བྱ་དགོས།

  དོན་ཚན་སོ་གསུམ་པ། ཆོག་མཆན་མ་ཐོབ་གོང་ཏང་སྲིད་ལས་ཁུངས་ཀྱིས་ཐུན་མོང་གི་འདས་མཆོད་དང་ལོ་རྒྱུས་རིག་གནས། ཁྱད་ལྡན་ཐོན་རྫས། ལས་ཁུངས་འཛུགས་པ། སྲིད་འཛིན་ས་ཁུལ་གྱི་དབྱེ་འབྱེད་བསྒྱུར་བ། བཟོ་འགོད་ཀྱི་རྨང་གཞི་འདིང་བའམ་ཡང་ན་གྲུབ་པ་སོགས་ལ་ཁ་གཡར་ཏེ་དུས་ཆེན་གྱི་འདུ་ཚོགས་དང་རྟེན་འབྲེལ་ཞུ་བའི་བྱ་འགུལ་སོགས་སྤེལ་བའམ་ཡང་ན་མངག་བཅོལ་བྱེད་པ་དང་སྡེ་ཁག་གཞན་ལ་མངག་བཅོལ་བྱས་ཏེ་བསྒྲུབ་ཏུ་འཇུག་པ་སོགས་བྱ་མི་ཆོག་ལ། གླེང་སྟེགས་དང་འགྲེམ་སྟོན་ཚོགས་འདུ། བཤམ་སྟོན་བྱ་འགུལ་སོགས་ཀྱང་བསྡུ་མི་ཆོག ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་ཡོང་སྒོ་ཡོད་པའི་རིག་རྩལ་དགོང་ཚོགས་བསྡུ་བ་གཏན་འགོག་བྱ་དགོས་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་དང་གཞན་པའི་འགྲན་ཚོགས་ཆེ་རིགས་བསྡུ་བར་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས།ཆོག་མཆན་བཀོད་ཟིན་པའི་དུས་ཆེན་འདུ་ཚོགས་དང་རྟེན་འབྲེལ་ཞུ་བ། གླེང་སྟེགས། དངོས་མང་སྟོན་ཚོགས། བཤམ་སྟོན། ལུས་རྩལ་འགྲན་ཚོགས། འགྲན་ཚོགས་གཞན་པ་སོགས་ཀྱི་བྱ་འགུལ་བསྡུ་སྐབས། གཞི་ཁྱོན་དང་གྲོན་དངུལ་གཏོང་བར་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས་པ་ལས། ཁོངས་གཏོགས་སྡེ་ཁག་ལ་གྲོན་དངུལ་བགོ་འགྲེམ་བྱ་མི་ཆོག་ལ། བྱ་འགུལ་སྤེལ་བར་ཁ་གཡར་ཏེ་དྲན་རྟེན་དངོས་པོ་སྣ་ཚོགས་སྟེར་མི་ཆོག་པ་དང་། གཏན་འཁེལ་བྱས་པའི་ཚད་གཞི་ལས་བརྒལ་ནས་མི་སྣ་གྲགས་ཅན་དང་འཁྲབ་སྟོན་པ་གྲགས་ཅན་བྱ་འགུལ་སྟེང་གདན་འདྲེན་བྱ་མི་ཆོག བྱ་འགུལ་སྤེལ་བར་ཆེད་དུ་བཀོད་སྒྲིག་བྱས་པའི་སྒྲིག་ཆས་རྣམས་བྱ་འགུལ་མཇུག་རྫོགས་རྗེས་དུས་ལྟར་ཕྱིར་བསྡུ་དགོས།

  དོན་ཚན་སོ་བཞི་པ། དཔྱད་བསྡུར་དམིགས་ཚད་གཟེངས་བསྟོད་ཀྱི་བྱ་འགུལ་སྣ་ཚོགས་གཟབ་ནན་གྱིས་ཚོད་འཛིན་དང་ཚད་ལྡན་དུ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)རིམ་པ་གཉིས་ཀྱི་མཆན་འགོད་ལམ་ལུགས་ལག་བསྟར་བྱ་དགོས། དཔྱད་བསྡུར་དམིགས་ཚད་གཟེངས་བསྟོད་ལས་གཞིའི་གྲོན་དངུལ་ཡོངས་རྫོགས་སྒྲུབ་འགན་འཁུར་བའི་སྡེ་ཁག་གིས་འགན་འཁུར་དགོས་པ་ལས། རྣམ་པ་གང་གིས་ཀྱང་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱི་ལག་ནས་གྲོན་དངུལ་བསྡུ་མི་ཆོག

  ལེའུ་བདུན་པ། གཞུང་སྤྱོད་ཁང་པ།

  དོན་ཚན་སོ་ལྔ་པ། ཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་ཁང་པ་ལས་པར་ངེས་པར་ཚོད་འཛིན་ནན་མོ་བྱ་དགོས། གཏན་འཁེལ་དང་འགལ་ནས་ལས་པའི་གཞུང་སྤྱོད་ཁང་པ་ཡོངས་རྫོགས་ངེས་པར་ལས་མཚམས་འཇོག་དགོས་ལ། གཏན་འཁེལ་བྱས་པའི་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་གྱི་འགྲོ་རིམ་མ་བསྒྲུབས་པར་རང་འདོད་ལྟར་ལས་པའི་གཞུང་སྤྱོད་ཁང་པ་ངེས་པར་ལས་མཚམས་འཇོག་དགོས་པར་མ་ཟད་གཞུང་བསྡུ་བྱ་དགོས་པ་དང་། གཞི་ཁྱོན་དང་ཚད་གཞི། མ་དངུལ་རགས་རྩིས་བཅས་ལས་བརྒལ་ཏེ་ལས་པའི་གཞུང་སྤྱོད་ཁང་པ་ནི་ཞིབ་ཕྲའི་གནས་ཚུལ་ལྟར་ཚད་གཞི་ལས་བརྒལ་བའི་རྒྱ་ཁྱོན་གནས་སྤོ་ཕྱིར་སློག་དང་ཡང་ན་ཡོངས་རྫོགས་གཞུང་བསྡུ་དང་འགྲན་འཚོང་བྱ་དགོས།ཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་ཁང་པར་དོ་དམ་ནན་མོ་བྱས་ཏེ། གཞུང་སྤྱོད་ཁང་པའི་ཐོན་ཁུངས་སྙོམས་གཞུང་གིས་བཀོད་སྒྲིག་དང་ལེགས་བསྡུས་ཞིབ་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས། གཏན་འཁེལ་བྱས་ཡོད་པའི་རྒྱ་ཁྱོན་དང་ཚད་གཞི་ལས་བརྒལ་ནས་གཞུང་སྤྱོད་ཁང་པ་བདག་བཟུང་དང་བཀོལ་སྤྱོད་བྱས་པའམ་ཡང་ན་ཆོག་མཆན་མ་ཐོབ་པར་གཞུང་སྤྱོད་ཁང་པ་གླས་སྤྱོད་བྱས་ན་ངེས་པར་གནས་སྤོ་དང་ཕྱིར་སློག་བྱ་དགོས། ཆོག་མཆན་མ་ཐོབ་པར་གཞུང་སྤྱོད་ཁང་པའི་སྤྱོད་ཡུལ་བསྒྱུར་ན། རྩ་དོན་སྟེང་ནས་སྔོན་གྱི་སྤྱོད་ཡུལ་སླར་གསོ་བྱ་དགོས། གཞུང་སྤྱོད་ཁང་པ་བོགས་མར་གཏོང་བའམ་ཡང་ན་གཞན་ལ་གཡོར་བ་གཏན་འགོག་བྱ་དགོས་པ་དང་། བོགས་མར་བཏང་ཟིན་པའམ་གཡར་ཟིན་པ་ཡིན་ན། དུས་ཡུན་ལོངས་རྗེས་ངེས་པར་ཕྱིར་བསྡུ་དགོས། བོགས་བཏང་དུས་ཡུན་ད་རུང་ལོངས་མེད་ན། བོགས་བཏང་ཡོང་སྒོ་དེ་ངེས་པར་གཏོང་ཡོང་ཕྱོགས་གཉིས་ནས་དོ་དམ་བྱ་དགོས།

  དོན་ཚན་སོ་དྲུག་པ། ཏང་སྲིད་ལས་ཁུངས་ཀྱིས་གཞུང་སྤྱོད་ཁང་པ་གསར་སྐྲུན་དང་བསྐྱར་སྐྲུན། རྒྱས་སྐྲུན། ཉོ་བ། བརྗེ་ལེན། ཞིག་གསོ། བོགས་གཏོང་བཅས་བྱ་སྐབས། ངེས་པར་གཏན་འཁེལ་ལྟར་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལག་བསྟར་བྱ་དགོས། བརྗེ་ལེན་གྱི་རྣམ་པ་སྤྱད་དེ་གཞུང་སྤྱོད་ཁང་པ་བཀོད་སྒྲིག་བྱེད་སྐབས། གཞུང་སྤྱོད་ཁང་པ་གསར་སྐྲུན་བྱེད་པའི་ཚད་གཞི་སྣ་ཚོགས་ལག་བསྟར་བྱ་དགོས་པ་ལས། སྲིད་གཞུང་གིས་སྔོན་རྩིས་བྱས་ཡོད་པའི་འཛུགས་སྐྲུན་མ་དངུལ་དང་དངུལ་རྩ་ཧྲག་སྡེབ་མ་བཀོལ་བར་ཁ་གཡར་ཏེ་ཞིབ་བཤེར་ཆོག་མཆན་འགོད་པར་གཡོལ་མི་ཆོག

  དོན་ཚན་སོ་བདུན་པ། ཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་ཁང་པ་ལས་སྐབས་ངེས་པར་བབ་ཆགས་དང་སྤྱོད་བདེ། བདེ་འཇགས། ནུས་ཁུངས་གྲོན་ཆུང་བཅས་ཀྱི་རྩ་དོན་ལྟར། གཞུང་སྤྱོད་ཁང་པ་ལས་པའི་ཚད་གཞི་དང་སྡེ་ཁག་གི་ཕྱོགས་བསྡུས་གྲོན་དངུལ་ཚད་གཞི། སྤྱི་པའི་ཨར་ལས་ནུས་གྲོན་ཇུས་འགོད་ཚད་གཞི་བཅས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ས་ཞིང་བཀོལ་སྤྱོད་དང་གྲོང་ཁྱེར་འཆར་འགོད་ཀྱི་བླང་བྱ་དང་མཐུན་དགོས། ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་དེ་གྲོང་ཁྱེར་གྱི་མཚོན་རྟགས་ཨར་ལས་སུ་འགྱུར་བར་བསྙེག་མི་ཆོག་པ་དང་། ཆ་སྡེབ་ཀྱི་ཐང་ཆེན་དང་སྤྱི་གླིང་ཆེ་རིགས་ཀྱི་སྒྲིག་བཀོད་ཀྱང་ལས་མི་ཆོག

  དོན་ཚན་སོ་བརྒྱད་པ། ཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་ཁང་པ་ལས་པའི་ལས་གཞིའི་མ་དངུལ་ནི་གཅིག་གྱུར་སྒོས་སྲིད་གཞུང་གི་སྔོན་རྩིས་འཛུགས་སྐྲུན་མ་དངུལ་ལྟར་བཀོད་སྒྲིག་བྱ་དགོས། ས་ཞིང་གི་ཡོང་སྒོ་དང་དངུལ་རྩ་བརྒྱུད་སྤྲོད་བྱས་པའི་ཡོང་སྒོ་འབྲེལ་ཡོད་གཏན་འཁེལ་ལྟར་གཏོང་སྤྲོད་ཕྱོགས་གཉིས་ནས་དོ་དམ་བྱ་དགོས་པ་ལས། ཐད་ཀར་གཞུང་སྤྱོད་ཁང་པ་ལས་པར་བཀོལ་མི་ཆོགཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་ཁང་པ་ཞིག་གསོ་བྱེད་པར་མཁོ་བའི་མ་དངུལ་ནི་གཅིག་གྱུར་སྒོས་སྔོན་རྩིས་ནང་དུ་བཞག་སྟེ་ནོར་སྲིད་མ་དངུལ་གྱི་བཀོད་སྒྲིག་ལྟར་ཐག་གཅོད་བྱ་དགོས་པ་དང་། ཞིབ་བཤེར་ཆོག་མཆན་མ་ཐོབ་པའི་ལས་གཞི་དེ་སྔོན་རྩིས་བཀོད་སྒྲིག་གི་ནང་དུ་འཇོག་མི་ཆོག

  དོན་ཚན་སོ་དགུ་པ། གཞུང་སྤྱོད་ཁང་པ་ལས་པར་བཟོ་འགོད་ཀྱི་སུས་འཇོན་དེ་འགུག་དང་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའི་འབྲེལ་ཡོད་གཏན་འཁེལ་ལག་བསྟར་ནན་མོ་བྱས་ཏེ། བཟོ་འགོད་ལས་གཞིའི་གོ་རིམ་ཡོངས་ཀྱི་ལྟ་ཞིབ་དོ་དམ་དང་རྩིས་བཤེར་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་དགོས་པ་དང་། གཞུང་སྤྱོད་ཁང་པ་ལས་པར་ཚབ་བསྐྲུན་ལམ་ལུགས་ལག་བསྟར་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས།གཞུང་སྤྱོད་ཁང་པའི་བཀོལ་སྤྱོད་དུས་ཡུན་རིང་ཞིང་སྒྲིག་བཀོད་དང་སྒྲིག་ཆས་རྙིང་བ་ཡིན་པ། བྱེད་ནུས་ཆ་མི་ཚང་བ་བཅས་ཀྱི་དབང་གིས་གཞུང་ལས་ཀྱི་དགོས་མཁོ་བསྐང་མི་ཐུབ་ན། ཞིག་གསོ་བྱས་ཆོག་པ་དང་། ཞིག་གསོ་བྱེད་སྐབས་ངེས་པར་བདེ་འཇགས་ཐད་ཀྱི་སྐྱོན་ཆ་མེད་པར་བཟོ་བ་དང་བཀོད་སྤྱོད་བྱེད་ནུས་སླར་གསོ་དང་ཆ་ཚང་བར་བྱེད་པ། ནུས་ཁུངས་དང་ཐོན་ཁུངས་ཀྱི་ཟད་ཚད་ཇེ་དམའ་རུ་གཏོང་བ་བཅས་གཙོར་བཟུང་སྟེ། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དང་ཞིག་གསོའི་ཚད་གཞི་གཟབ་ནན་སྒོས་ལག་བསྟར་བྱ་དགོས།

  དོན་ཚན་བཞི་བཅུ་པ། གཞུང་སྤྱོད་ཁང་པ་གཅིག་བསྡུས་དང་གཅིག་གྱུར་སྒོས་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། གཞུང་སྤྱོད་ཁང་པར་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་དབང་གཏོགས་ཐོ་འགོད་བྱ་དགོས།ཏང་སྲིད་ལས་ཁུངས་ཀྱིས་འབྲེལ་ཡོད་ཚད་གཞི་དང་རང་སྡེ་ཁག་གི"གཏན་འཁེལ་གསུམ"གྱི་ཐབས་ལམ་གཞིར་བཟུང་ནས། གཞུང་སྤྱོད་ཁང་པ་གཟབ་ནན་སྒོས་ཞིབ་བཤེར་དང་བཀོལ་སྤྱོད་བྱ་དགོས་པ་དང་། ཚད་གཞི་ལས་བརྒལ་བའི་ཆ་ཤས་དེ་རིམ་མཚུངས་ལས་ཁུངས་ཀྱི་ལས་དོན་དོ་དམ་སྡེ་ཁག་ལ་སྤྲད་དེ་གཅིག་གྱུར་སྒོས་སྙོམ་སྒྲིག་བྱ་རུ་འཇུག་དགོས།གཞུང་སྤྱོད་ཁང་པ་གསར་སྐྲུན་དང་ལེགས་སྒྲིག་བྱ་དགོས་པའི་སྡེ་ཁག་གིས་ངེས་པར"གསར་སྐྲུན་རྙིང་སྤྲོད"དང"གསར་སྒྲིག་རྙིང་སྤྲོད"ཀྱི་རྩ་དོན་ལྟར། གསར་སྐྲུན་དང་ཡང་ན་གསར་དུ་ལེགས་སྒྲིག་བྱེད་པའི་གཞུང་སྤྱོད་ཁང་པར་གནས་སྤོ་བ་དང་མཉམ་དུ། སྔོན་གྱི་གཞུང་སྤྱོད་ཁང་པ་དེ་ལས་ཁུངས་ཀྱི་ལས་དོན་དོ་དམ་སྡེ་ཁག་ལ་སྤྲད་དེ་གཅིག་གྱུར་སྒོས་སྙོམ་སྒྲིག་བྱ་རུ་འཇུག་དགོས།ལས་ཁུངས་ཀྱིས་འགན་ནུས་ལེགས་སྒྲིག་དང་ཇེ་མང་དུ་བཏང་བའི་དབང་གིས་དངོས་གནས་གཞུང་སྤྱོད་ཁང་པ་ཇེ་མང་དུ་གཏོང་དགོས་ན། རང་སྡེ་ཁག་གི་ད་ཡོད་གཞུང་སྤྱོད་ཁང་པའི་ནང་ཐག་གཅོད་བྱ་དགོས། རང་སྡེ་ཁག་གི་ད་ཡོད་གཞུང་སྤྱོད་ཁང་པས་མི་འདང་ན། ལས་ཁུངས་ཀྱི་ལས་དོན་དོ་དམ་སྡེ་ཁག་གིས་གཞུང་སྤྱོད་ཁང་པའི་ཐོན་ཁུངས་ཧྲག་སྡེབ་བྱས་ཏེ་སྙོམ་སྒྲིག་བྱ་དགོས། སྙོམ་སྒྲིག་བྱ་ཐབས་མེད་པར་དངོས་གནས་གླས་སྤྱོད་བྱ་དགོས་ན། ཡར་ཞུ་ཆོག་མཆན་འགོད་པའི་འགྲོ་རིམ་དངོས་གནས་ལག་བསྟར་བྱ་དགོས་པ་ལས། རྣམ་པ་འགྱུར་བའི་ཁ་གསབ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཁེ་ལས་སོགས་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་གཞུང་སྤྱོད་ཁང་པ་གླས་སྤྱོད་བྱ་མི་ཆོག

  དོན་ཚན་ཞེ་གཅིག་པ། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པར་ཚད་གཞི་ལྟར་གཞུང་སྤྱོད་ཁང་པ་གཅིག་བཀོད་སྒྲིག་བྱས་ཏེ་བཀོལ་སྤྱོད་བྱ་རུ་འཇུག་དགོས་ལ། བྱ་བའི་དགོས་མཁོའི་དབང་གིས་དངོས་གནས་གཞུང་སྤྱོད་ཁང་པ་གཞན་པ་ཞིག་བཀོད་སྒྲིག་བྱ་དགོས་ན། ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་གཟབ་ནན་གྱིས་ལག་བསྟར་བྱ་དགོས། མགོ་ཁྲིད་ལས་བྱེད་པས་དུས་ཡུན་རིང་བོར་མགྲོན་ཁང་དང་ཆང་ཁང་གླས་ནས་གཞུང་སྤྱོད་ཁང་པ་བྱས་མི་ཆོག བཀོད་སྒྲིག་བྱས་ཏེ་བཀོལ་སྤྱོད་བྱེད་ཀྱིན་པའི་གཞུང་སྤྱོད་ཁང་པ་དེ་ལས་འཁྱུར་ངལ་གསོ་དང་ཡང་ན་ལས་གནས་སྤོ་བསྒྱུར་བྱེད་སྐབས་དུས་ལྟར་སྔོན་གྱི་ལས་ཁུངས་ལ་ཕྱིར་སྤྲད་དགོས།

  ལེའུ་བརྒྱད་པ། ཐོན་ཁུངས་གྲོན་ཆུང་།

  དོན་ཚན་ཞེ་གཉིས་པ། ཏང་སྲིད་ལས་ཁུངས་ཀྱིས་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བྱས་ཏེ་བེད་སྤྱོད་བྱ་དགོས་པ་དང་། གོ་རིམ་ཡོངས་ཀྱིས་གྲོན་ཆུང་དོ་དམ་ལ་ཤུགས་སྣོན་པ་དང་། ནུས་ཁུངས་དང་ཆུ། འབྲུ་རིགས། གཞུང་སྒྲུབ་སྒྲིག་ཆས། གཞུང་སྒྲུབ་ཡོ་བྱད། གཞུང་སྒྲུབ་མཁོ་རྫས་སོགས་བེད་སྤྱོད་ཕན་ནུས་དང་ཡོང་སྒོ་མཐོར་འདེགས་སུ་བཏང་སྟེ། ས་ཞིང་གཅིག་གྱུར་འཆར་འགོད་སྒོས་བེད་སྤྱོད་དང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་གཏན་འགོག་བྱ་དགོས།

  དོན་ཚན་ཞེ་གསུམ་པ། ནུས་ཁུངས་དང་ཆུ་བཀོལ་སྤྱོད་བྱེད་པར་ཁག་བགོས་བཅད་གྲངས་དང་དམིགས་འབེན་འགན་འཁྲི་དོ་དམ་ལག་བསྟར་བྱ་དགོས། ནུས་གྲོན་ལག་རྩལ་ཐོན་རྫས་ཁྱབ་གདལ་དང་བཀོལ་སྤྱོད་བྱ་དགོས་པ་དང་། ནུས་པའི་ཟད་ཚད་མཐོ་བའི་སྒྲིག་སྲོལ་དང་སྒྲིག་ཆས་འདོར་སྐྱུར་བྱས་ཏེ། གཙོ་བོ་ནུས་ཁུངས་གསར་བ་དང་བསྐྱར་འབྱུང་བྱ་ཐུབ་པའི་ནུས་ཁུངས་ཁྱབ་གདལ་དང་བཀོལ་སྤྱོད་བྱ་དགོས་པ་དང་། ཆུ་གྲོན་ཆུང་ཅན་གྱི་ཡོ་བྱད་ཧུར་བརྩོན་སྒོས་བཀོལ་སྤྱོད་དང་ཆུ་གྲོན་ཆུང་ཅན་གྱི་སྡེ་ཚན་འཛུགས་སྐྲུན་བྱ་དགོས།སྲིད་གཞུང་གིས་ནུས་ཁུངས་གྲོན་ཆུང་ཅན་གྱི་ཐོན་རྫས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གིས་ནུས་ཁུངས་གྲོན་ཆུང་ཅན་གྱི་ཐོན་རྫས་བཙན་ཤེད་ཀྱིས་ཉོ་སྒྲུབ་དང་དམིགས་སུ་བཀར་ཏེ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་ལག་བསྟར་གཟབ་ནན་བྱ་དགོས།

  དོན་ཚན་ཞེ་བཞི་པ། གཞུང་སྒྲུབ་ཡོ་བྱད་དང་གཞུང་ལས་སྒྲིག་བཀོད་སོགས་རྒྱུ་ནོར་གྱི་སྒྲིག་བཀོད་དང་བཀོལ་བ་ཇེ་ལེགས་སུ་བཏང་སྟེ། སྙོམ་སྒྲིག་བྱེད་ཐབས་སྤྱད་དེ་གསོག་འཇོག་རྒྱུ་ནོར་རྩིས་བཤེར་བྱེད་པ་དང་། ཉོ་སྒྲུབ་མ་དངུལ་གྲོན་ཆུང་བྱ་དགོས། གསར་བསྒྱུར་དུས་ཡུན་ལོངས་ནའང་ད་རུང་བཀོལ་སྤྱོད་བྱེད་ཆོག་ན། བེད་མེད་ཐག་གཅོད་བྱ་མི་རུང་།གསང་བ་མ་ཡིན་པའི་བེད་མེད་ཤོག་བུ་དང་བེད་མེད་གློག་ཆས་གློག་རྡུལ་ཐོན་རྫས་སོགས་ཀྱི་བེད་མེད་རྙིང་རྫས་གཅིག་བསྡུས་སྒོས་ཕྱིར་བསྡུ་ཐག་གཅོད་བྱས་ཏེ། འཁོར་རྒྱུག་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་ན། འབྲེལ་ཡོད་གསང་བའི་གཏན་འཁེལ་ལྟར་མེད་པར་བཟོ་དགོས།

  དོན་ཚན་ཞེ་ལྔ་བ།ཏང་སྲིད་ལས་ཁུངས་ཀྱི་སྲིད་དོན་ཆ་འཕྲིན་མ་ལག་འཛུགས་པར་ངེས་པར་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་སྒོས་རྩ་འཛུགས་དང་ལག་བསྟར་བྱས་ཏེ། འཛུགས་སྐྲུན་བསྐྱར་མ་དང་བསྟུད་མར་རིམ་འཕར་བྱེད་པ་སྔོན་འགོག་བྱ་དགོས།མཉམ་རོལ་མཉམ་སྤྱོད་བྱེད་པའི་ལམ་ལུགས་འཛུགས་པ་དང་། ཐོན་ཁུངས་ཧྲག་སྡེབ་བྱེད་པར་ཤུགས་བསྣན་ནས། སྲིད་དོན་གལ་ཆེན་གྱི་ཆ་འཕྲིན་མ་ལག་མཉམ་འབྲེལ་མཉམ་བརྒྱུད་བྱེད་པ་དང་། ཆ་འཕྲིན་མཉམ་རོལ་དང་བྱེད་སྒོ་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉེན་ཆས་གསར་སྤེལ་དང་མ་ལག་སྲུང་སྐྱོང་དང་རིམ་འཕར་བྱེད་པ་སོགས་ཕྱོགས་ཀྱི་གྲོན་དངུལ་ཇེ་དམའ་རུ་བཏང་ནས། ཐོན་ཁུངས་ཆུད་ཟོས་སུ་གཏོང་བར་སྔོན་འགོག་བྱ་དགོས།ཆ་འཕྲིན་ཅན་གྱི་ཐབས་ལམ་ཧུར་བརྩོན་སྒོས་བེད་སྤྱོད་བྱས་ཏེ། ཤོག་བུ་མི་བཀོལ་བའི་གཞུང་ལས་ལ་སྐུལ་འདེད་དང་། ཐེངས་གཅིག་རང་བཞིན་གྱི་གཞུང་ལས་སྤྱོད་ཆས་ཟད་ཚད་ཇེ་ཉུང་དུ་གཏོང་དགོས།

  ལེའུ་དགུ་པ། དྲིལ་བསྒྲགས་སློབ་གསོ།

  དོན་ཚན་ཞེ་དྲུག་པ། དྲིལ་བསྒྲགས་སྡེ་ཁག་གིས་ངེས་པར་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བ་དེ་དྲིལ་བསྒྲགས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རིམ་པ་དང་རིགས་སོ་སོའི་སྨྱན་བྱེད་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས། དྲ་སྦྲེལ་སོགས་ཀྱི་སྨྱན་བྱེད་གསར་བའི་བཀོལ་སྤྱོད་ལ་མཐོང་ཆེན་བཅས་བྱས་ཏེ། གསར་འགྱུར་འགོད་སྤེལ་དང་རིག་གནས་བརྩམས་ཆོས། སྤྱི་ཕན་བརྡ་ཁྱབ་སོགས་ཀྱི་རྣམ་པས་ཀྲུང་ཧྭ་མི་དམངས་ཀྱི་བསྲི་ཚགས་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་རྒྱ་ཆེར་དྲིལ་བསྒྲགས་དང་། འབྲེལ་ཡོད་གཏན་འཁེལ་དང་ལམ་ལུགས་དྲིལ་བསྒྲགས་དང་རྒྱས་འགྲེལ་བྱེད་པ། གྲོན་ཆུང་ནན་ཏན་གྱི་ཉམས་མྱོང་ཐབས་ལམ་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་ཁྱབ་གདལ། ལྗང་མདོག་དང་ཐན་ཉུང་བའི་འཛད་སྤྱོད་འདུ་ཤེས་དང་སྐྱོན་བྲལ་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་བཅས་བྱ་དགོས།

  དོན་ཚན་ཞེ་བདུན་པ། ཏང་སྲིད་ལས་ཁུངས་ཀྱིས་ངེས་པར་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་སློབ་གསོར་ཤུགས་སྣོན་པ་དེ་ཀུན་སྤྱོད་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དང་ལས་ཁུངས་ཀྱི་དུས་རྒྱུན་དོ་དམ་ཁྲོད་འདྲེས་སུ་བཅུག་སྟེ། རྒྱུན་ལུགས་ཅན་གྱི་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་དང་བྱ་སྤྱོད་སྣ་ཚོགས་ལ་སྐྱོན་བརྗོད་ནན་མོ་དང་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས།སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་ངེས་མེད་དུ་རྒྱས་སྤྲོས་ཆུད་ཟོས་བྱེད་ཀྱིན་པའི་དཔེ་མཚོན་མངོན་བསྒྲགས་བྱས་ཏེ། ཉེན་བརྡ་སློབ་གསོའི་ནུས་པ་འདོན་སྤེལ་བྱ་དགོས།རྩ་འཛུགས་དང་མི་དོན་སྡེ་ཁག་དང་ཏང་གི་སློབ་གྲྭ། སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་བཅས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བ་དེ་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ཏེ། སློབ་གསོ་ཐབས་ལམ་གསར་སྐྲུན་དང་། སློབ་གསོ་དང་གསོ་སྦྱོང་གི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་དངོས་གནས་ཇེ་དྲག་ཏུ་གཏོང་དགོས།

  དོན་ཚན་ཞེ་བརྒྱད་པ། ཏང་སྲིད་ལས་ཁུངས་ཀྱིས་ངེས་པར་གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། རྣམ་པ་མང་ལ་ཞུགས་བདེ་བའི་བྱ་འགུལ་རྩ་འཛུགས་བྱེད་པ་དང་། ལས་བྱེད་པ་དང་ལས་བཟོ་པའི་གྲོན་ཆུང་གི་འདུ་ཤེས་ཇེ་དྲག་དང་ནོར་ཤུགས་དང་དངོས་ཤུགས་ལ་གས་སྤྲས་བྱ་དགོས་ལ། སྤྱི་བཀུར་གྲོན་ཆུང་དང་གྲོན་ཆུང་ནན་ཏན། ཆུད་ཟོས་ལ་རྒོལ་བའི་ལས་ཁུངས་ཀྱི་རིག་གནས་ཧུར་བརྩོན་སྒོས་གསོ་སྐྱོང་དང་ཆགས་སུ་བཅུག་ནས། སྤྱི་ཚོགས་ཡོངས་སུ་གྲོན་ཆུང་གི་ཚ་རླབས་འཕྱུར་བའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།

  ལེའུ་བཅུ་པ། ལྟ་སྐུལ་ཞིབ་བཤེར།

  དོན་ཚན་ཞེ་དགུ་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བར་ལྟ་སྐུལ་དོ་དམ་བྱེད་པའི་ཞིབ་བཤེར་ནང་རྐྱེན་འཛུགས་པ་དང་། ལྟ་སྐུལ་ཞིབ་བཤེར་བྱ་ཡུལ་དང་འགན་ནུས། ནང་དོན། བྱེད་ཐབས། གོ་རིམ་སོགས་གསལ་བོ་བྱས་ཏེ། རྒྱུན་ལྡན་རང་བཞིན་གྱི་སྐུལ་འདེད་དང་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། འབུར་ཐོན་གནད་དོན་ལ་ཁ་གཏད་དེ་གཙོ་གནད་ཞིབ་བཤེར་དང་ལྐོག་འདྲི་སོགས་ཀྱི་ཆེད་དམིགས་བྱ་འགུལ་སྤེལ་དགོས།འོག་རིམ་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་གོང་རིམ་ཏང་ཨུ་དང་སྲིད་གཞུང་ལ་རང་ས་གནས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་འབུལ་བ་དང་། ཏང་ཨུ་དང་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་དང་སྡེ་ཚན་གྱིས་ལོ་རེར་རིམ་མཚུངས་ཏང་ཨུ་དང་སྲིད་གཞུང་ལ་རང་སྡེ་ཁག་དང་རང་སྡེ་ཚན་གྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་གནས་ཚུལ་ཡར་ཞུ་བྱ་དགོས། སྙན་ཞུ་དེ་མགོ་ཁྲིད་ཚན་ཆུང་གི་ལོ་འཁོར་མོའི་དཔྱད་ཞིབ་དང་བྱ་བའི་སྙན་ཞུ་དང་མཉམ་དུ་འབུལ་དགོས།

  དོན་ཚན་ལྔ་བཅུ་པ། མགོ་ཁྲིད་ལས་བྱེད་པས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་གནས་ཚུལ་དེ་མགོ་ཁྲིད་ཚན་ཆུང་གི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་མགོ་ཁྲིད་ལས་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་ནང་དོན་གལ་ཆེན་ནང་འཇོག་དགོས་པར་མ་ཟད་དཔྱད་མོལ་དང་ལེན་བྱ་དགོས།

  དོན་ཚན་ང་གཅིག་པ། ཏང་ཨུ་གཞུང་ལས་ཐིན(ཁང)དང་སྲིད་གཞུང་གཞུང་ལས་ཐིན(ཁང)གྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ་འབྲེལ་ཡོད་སྡེ་ཁག་གིས་གྲོན་ཆུང་ནན་ཏན་དང་ཆུས་ཟོས་ལ་རྒོལ་བའི་བྱ་བ་སྤེལ་བར་ལྟ་སྐུལ་ཞིབ་བཤེར་བྱ་དགོས་པ་དང་། ལོ་རེར་ཆེས་ཉུང་ནའང་ཐེངས་གཅིག་ལ་ཆེད་དམིགས་ལྟ་ཞིབ་བྱ་དགོས་པར་མ་ཟད། ལྟ་ཞིབ་གནས་ཚུལ་དེ་ཚད་རན་པའི་ཁྱབ་ཁོངས་ནང་དུ་བརྡ་ཁྱབ་སྤེལ་དགོས། ཆེད་དམིགས་ལྟ་ཞིབ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འགན་འཁྲི་ལམ་ལུགས་ཀྱི་བརྟག་བཤེར་དཔྱད་ཞིབ་དང་། ལོ་མཇུག་གི་ཏང་འཛུགས་བྱ་བའི་ཞིབ་བཤེར་སོགས་དང་ཟུང་འབྲེལ་བྱ་དགོས་པ་དང་། ལྟ་ཞིབ་དཔྱད་ཞིབ་ཀྱི་མཇུག་འབྲས་དེ་ལས་བྱེད་པའི་དོ་དམ་དབང་ཚད་ལྟར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་མི་དོན་སྡེ་ཁག་ལ་བསྐྱལ་ཏེ། ལས་བྱེད་པའི་དོ་དམ་ལྟ་སྐུལ་དང་འདེམ་བསྐོ་བྱེད་པའི་གཞི་འཛིན་ས་བྱ་དགོས།

  དོན་ཚན་ང་གཉིས་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། མང་ཚོགས་ཀྱིས་ཞུ་གཏུག་དང་འབྲེལ་ཡོད་སྡེ་ཁག་གིས་སྤོ་སྐྱེལ་བྱས་པའི་གྱོད་གཞིའི་ཁུངས་སྣེ་བདག་སྤྲོད་བྱས་ཏེ། ཁྲིམས་འགལ་སྒྲིག་འགལ་གནད་དོན་དུས་ལྟར་ཐག་གཅོད་བྱ་དགོས།ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་འབྲེལ་ཡོད་གཏན་འཁེལ་ལྟར། འབྲེལ་ཡོད་ཏང་རྩ་འཛུགས་མགོ་ཁྲིད་ཚན་ཆུང་དང་དེའི་ཁོངས་མིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་གནས་ཚུལ་ལ་སྐོར་ཞིབ་ལྟ་སྐུལ་བྱེད་པར་ཤུགས་བསྣན་དགོས།

  དོན་ཚན་ང་གསུམ་པ། ནོར་སྲིད་སྡེ་ཁག་གིས་ཏང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་སྒྲིག་ཁོངས་དང་ལག་བསྟར་སོགས་ཀྱི་ནོར་སྲིད་དང་ནོར་དོན། སྲིད་གཞུང་གི་ཉོ་སྒྲུབ། རྩིས་གཉེར་དོན་ཚན་སོགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། སྒྲིག་འགལ་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པར་མ་ཟད། རིམ་མཚུངས་ཏང་ཨུ་དང་སྲིད་གཞུང་ལ་ལྟ་སྐུལ་ཞིབ་བཤེར་མཇུག་འབྲས་ཡར་ཞུ་བྱ་དགོས།རྩིས་གཉེར་སྡེ་ཁག་གིས་ངེས་པར་ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་འགྲོ་སྒོ་དང་གཞུང་དངུལ་འཛད་སྤྱོད་ཐད་རྩིས་བཤེར་བྱེད་ཚད་ཇེ་ཆེར་གཏོང་དགོས་པ་དང་། སྒྲིག་འགལ་གནད་དོན་ཁྲིམས་ལྟར་ཐག་གཅོད་དང་དག་ཐེར་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་འབྲེལ་ཡོད་སྡེ་ཁག་ལ་སྐྱེལ་སྤྲོད་བྱས་ཏེ་ཐག་གཅོད་དུ་འཇུག་དགོས།

  དོན་ཚན་ང་བཞི་པ། ཏང་སྲིད་ལས་ཁུངས་ཀྱིས་ངེས་པར་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་ཆ་འཕྲིན་སྤྱིར་གསལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་བླང་བྱ་ལྟར་གསང་བ་བྱ་དགོས་པའི་ནང་དོན་དང་དོན་བྱ་ལས། གཤམ་གྱི་ནང་དོན་འདི་དག་དུས་ལྟར་དང་སྟབས་བདེ། སྣ་མང་བཅས་ཀྱི་རྩ་དོན་ལྟར། བྱེད་སྟངས་འོས་འཚམ་སྒོས་སྤྱི་བསྒྲགས་བྱ་དགོས་པ་སྟེ།(གཅིག) སྔོན་རྩིས་དང་ངེས་རྩིས་ཀྱི་ཆ་འཕྲིན།(གཉིས)སྲིད་གཞུང་གི་ཉོ་བྱའི་ཡིག་ཆ་དང་། ཉོ་བྱའི་སྔོན་རྩིས་དང་གོང་འགྲིག་མཇུག་འབྲས། ཉོ་བྱའི་གན་རྒྱ་སོགས་ཀྱི་གནས་ཚུལ།(གསུམ)རྒྱལ་ནང་གི་གཞུང་དོན་སྣེ་ལེན་བྱེད་པའི་ཐེངས་གྲངས་དང་མི་གྲངས། གྲོན་དངུལ་སྤྱི་འབོར་སོགས་ཀྱི་གནས་ཚུལ།(བཞི)གྲོས་ཚོགས་ཀྱི་མིང་དང་ནང་དོན་གཙོ་བོ། མི་གྲངས། གྲོན་དངུལ་སོགས་ཀྱི་གནས་ཚུལ།(ལྔ)གསོ་སྦྱོང་གི་ལས་གཞི་དང་ནང་དོན། མི་གྲངས། གྲོན་དངུལ་སོགས་ཀྱི་གནས་ཚུལ།(དྲུག)དུས་ཆེན་གྱི་ཚོགས་འདུ་དང་རྟེན་འབྲེལ་ཞུ་བ། གླེང་སྟེགས། འགྲེམ་སྟོན་ཁང་། བཤམ་སྟོན། ལུས་རྩལ་འགྲན་ཚོགས། འགྲན་ཚོགས་གཞན་པ་སོགས་ཀྱི་བྱ་འགུལ་བསྡུས་པའི་ཆ་འཕྲིན།(བདུན)གཞུང་སྤྱོད་ཁང་པ་འཛུགས་སྐྲུན་དང་ཉམས་གསོ་བསྒྱུར་བཀོད། བཀོལ་སྤྱོད། འཁོར་རྒྱུག་འགྲོ་གྲོན་གཏོང་བ་སོགས་ཀྱི་གནས་ཚུལ།(བརྒྱད)གཞུང་དོན་འགྲོ་སྒོ་དང་གཞུང་དངུལ་འཛད་སྤྱོད་ཐད་ཀྱི་རྩིས་བཤེར་མཇུག་འབྲས།(དགུ)སྤྱིར་གསལ་བྱ་དགོས་པའི་ནང་དོན་གཞན་དག་བཅས་སོ། །

  དོན་ཚན་ང་ལྔ་པ། མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་སྲིད་ལས་ཁུངས་ཀྱི་གཞུང་དོན་འགྲོ་སྒོའི་སྔོན་རྩིས་ལ་ཁྲིམས་ལྟར་གཟབ་ནན་སྒོས་ཞིབ་བཤེར་དང་ཆོག་མཆན་འགོད་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཏེ། སྔོན་རྩིས་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་བསྣན་དགོས། མི་དམངས་འཐུས་མི་ཡི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བསམ་འཆར་དང་གྲོས་གཞི་འདོན་པ་དང་འདྲི་ཚིག་འདྲི་བ་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་ལྟ་སྐུལ་ལ་ཤུགས་བསྣན་དགོས།མི་དམངས་སྲིད་གྲོས་ཀྱིས་ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བར་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྲིད་གྲོས་ཨུ་ཡོན་གྱིས་བརྟག་ཞིབ་དང་ལྟ་ཞིབ། གྲོས་གཞི་བཅས་ཀྱི་བྱེད་སྟངས་བརྒྱུད་ནས་ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བར་ལྟ་སྐུལ་བྱེད་པ་རང་འགུལ་སྒོས་དང་ལེན་བྱ་དགོས་པར་མ་ཟད་ཧུར་བརྩོན་སྒོས་རྒྱབ་སྐྱོར་བྱ་དགོས།

  དོན་ཚན་ང་དྲུག་པ། རིམ་པ་དང་རིགས་སོ་སོའི་སྨྱན་བྱེད་སྣ་ཚོགས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་ཐད་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་པར་མཐོང་ཆེན་བྱ་དགོས། གླེང་ཕྱོགས་ཀྱི་གནས་ཚུལ་ཕྱིར་ལྡོག་པའི་ནང་རྐྱེན་བཙུགས་ཏེ། སྨྱན་བྱེད་ཀྱིས་གསལ་རྗེན་དུ་བཏོན་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་དུས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་དགོས།མང་ཚོགས་ཀྱིས་ཏང་སྲིད་ལས་ཁུངས་དང་དེའི་ལས་བྱེད་པས་རྒྱས་སྤྲོས་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་ནན་ཏན་གྱིས་བརྟག་དཔྱད་དང་ཐག་གཅོད་བྱ་དགོས།

  ལེའུ་བཅུ་གཅིག་པ། འགན་འཁྲི་རྩད་གཅོད།

  དོན་ཚན་ང་བདུན་པ། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བའི་འགན་འཁྲི་རྩད་གཅོད་ལམ་ལུགས་འཛུགས་དགོས།སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ཏེ་ཆུད་ཟོས་སུ་བཏང་ན། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་དགོས་པ་དང་། མགོ་ཁྲིད་ཀྱི་འགན་ཁུར་ཡོད་པའི་འགན་འཁྲི་པ་གཙོ་བོའམ་ཡང་ན་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བྱ་དགོས།

  དོན་ཚན་ང་བརྒྱད་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ན། འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་དགོས་པ་སྟེ།(གཅིག)གཏོང་སྤྲོད་ཀྱི་ཆོག་མཆན་མ་ཐོབ་པའི་ནོར་སྲིད་རང་བཞིན་གྱི་མ་དངུལ།(གཉིས)བྱེད་ཐབས་རྫུན་མ་སྤྱད་དེ་ཁྲིམས་འགལ་གྱི་ཆོག་མཆན་ཐོབ་པ།(གསུམ)ཆོག་མཆན་གྱི་བླང་བྱ་དང་འགལ་ནས་རང་འདོད་ལྟར་ལག་བསྟར་བྱས་པ།(བཞི)དོ་དམ་གཏན་འཁེལ་དང་འགལ་ནས་ཚད་གཞི་ལས་བརྒལ་བའམ་ཡང་ན་དོན་བྱ་རྫུན་མར་བརྟེན་ནས་གཏོང་སྤྲོད་བྱས་པ།(ལྔ)ལས་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་གཞུང་བསྙད་སྒེར་ཕན་བྱས་པ།(དྲུག)ཆོག་མཆན་དང་དོ་དམ། ལྟ་སྐུལ་བཅས་ཀྱི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་གཞན་དག་བཅས་སོ། །

  དོན་ཚན་ང་དགུ་པ། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་ན། འགན་འཁྲི་པ་གཙོ་བོའམ་ཡང་ན་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བྱ་དགོས་པ་སྟེ།(གཅིག)རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་ཀྱིས་རྒྱས་སྤྲོས་ཆུད་ཟོས་སུ་གཏོང་བ་དང་ཕྱུག་ཉམས་རྒྱས་སྤྲོས་བྱེད་པའི་གནད་དོན་ཚབས་ཆེན་ཡིན་པ་དང་། གནད་དོན་ཐག་གཅོད་བྱས་པ་མི་འདང་བ། ལས་བྱེད་པ་དང་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པ།(གཉིས)ཁོངས་གཏོགས་ལས་ཁུངས་སམ་ཡང་ན་མི་སྣས་སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་་ནས་ཆུད་ཟོས་སུ་གཏོང་བར་ངན་སྐུལ་དང་རྒྱ་ཡན་དུ་གཏོང་བ།(གསུམ)ནང་ཁུལ་གྱི་ཆོག་མཆན་འགོད་པ་དང་དོ་དམ། ལྟ་སྐུལ་བཅས་ཀྱི་འགན་འཁྲི་ལག་བསྟར་མི་བྱེད་པར་ཆུད་ཟོས་སུ་བཏང་བ།(བཞི)གཏན་འཁེལ་ལྟར་རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་ཀྱི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་བྱ་བ་དང་འབྲེལ་བའི་ཆ་འཕྲིན་དུས་ལྟར་སྤྱི་བསྒྲགས་མི་བྱེད་པ།(ལྔ)རྒྱས་སྤྲོས་ཆུད་ཟོས་གནད་དོན་ལ་མགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས་པའི་གནས་ཚུལ་གཞན་དག་བཅས་སོ། །

  དོན་ཚན་དྲུག་ཅུ་པ། སྲོལ་ཡིག་འདི་དང་འགལ་ནས་ཆུད་ཟོས་སུ་བཏང་ན། གནས་ཚུལ་གྱི་ཚབས་ཆེ་ཆུང་ལྟར། འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་དབང་མཚམས་གཞིར་བཟུང་ནས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་བརྟག་དཔྱད་བྱ་དགོས་པའི་བཀའ་འབེབས་པ། ཐ་ཚིག་སྒྲོག་པ། བརྡ་ཁྱབ་སྤེལ་ཏེ་སྐྱོན་བརྗོད་དམ་ཡང་ན་ལས་གནས་བརྗེ་བ། ལས་སྟེགས་ནས་འབབ་དགོས་པའི་བཀའ་འབེབས་པ། ལས་གནས་དབྱུང་བ། གོ་གནས་མར་འབེབས་པ་སོགས་ཀྱི་ཐག་གཅོད་བྱ་དགོས། ངེས་པར་ཏང་སྲིད་སྒྲིག་ཁྲིམས་རྩད་གཅོད་བྱ་དགོས་ན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པའི་ཆད་གཅོད་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་དེ་བསྟུན་གྱི་ཏང་སྲིད་སྒྲིག་ཁྲིམས་ཐག་གཅོད་བྱ་དགོས།

  དོན་ཚན་རེ་གཅིག་པ། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ནས་ཐོབ་པའི་དཔལ་འབྱོར་ཁེ་སྤོགས་གཞུང་སྡུད་དང་ཡང་ན་ཡོ་བསྲང་བྱ་དགོས།སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ནས་རང་ཉིད་ཀྱིས་སྤྲད་དགོས་པའི་གྲོན་དངུལ་དེ་གཞུང་དངུལ་སྤྱད་དེ་སྤྲོད་པའམ་ཡང་ན་རྩིས་ཞུ་བྱས་ན། ངེས་པར་ཕྱིར་བསློགས་ནས་སྐྱིན་ཚབ་འཇལ་བར་བཀའ་འབེབས་དགོས།

  དོན་ཚན་རེ་གཉིས་པ། འགན་འཁྲི་རྩད་གཅོད་བྱས་ཏེ་ཆད་པ་བཅད་པའི་མི་དེ་ཐག་གཅོད་མཇུག་འབྲས་ལ་མི་འཐད་ན། འབྲེལ་ཡོད་གཏན་འཁེལ་ལྟར་འབྲེལ་ཡོད་ལས་ཁུངས་ལ་རྒྱུ་མཚན་ཞུ་འབུལ་བྱ་དགོས་པ་དང་། རྒྱུ་མཚན་ཞུ་འབུལ་བདག་སྤྲོད་བྱེད་པའི་ལས་ཁུངས་ཀྱིས་ངེས་པར་འབྲེལ་ཡོད་གཏན་འཁེལ་ལྟར་ནན་ཏན་གྱིས་བདག་སྤྲོད་བྱས་ཏེ་སྡོམ་ཚིག་འགོད་དགོས།རྒྱུ་མཚན་ཞུ་འབུལ་བྱེད་པའི་སྐབས་སུ། ཐག་གཅོད་ལག་བསྟར་གྱི་མཚམས་འཇོག་མི་རུང་།

  ལེའུ་བཅུ་གཉིས་པ། ཞར་བྱུང་།

  དོན་ཚན་རེ་གསུམ་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོས་སྲོལ་ཡིག་འདི་གཞིར་བཟུང་ནས། དོན་དངོས་དང་སྦྲེལ་ཏེ་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་བཟོ་ཆོག་ལ། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་རང་གི་འགན་འཁྲི་ལྟར། འབྲེལ་ཡོད་ཆ་སྡེབ་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་དགོས།

  རྒྱལ་དབང་ཁེ་ལས་དང་རྒྱལ་དབང་དངུལ་རྩ་ཁེ་ལས། གཞུང་ཞབས་པའི་བཅའ་ཁྲིམས་ལ་ཟུར་ལྟ་བྱེད་ཀྱིན་མེད་པའི་ལས་དོན་སྡེ་ཁག་བཅས་ཀྱིས་སྲོལ་ཡིག་འདི་ལ་ཟུར་ལྟ་བྱས་ནས་ལག་བསྟར་བྱས་ཆོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དམག་དཔུང་གི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱས་ཆོག

  དོན་ཚན་རེ་བཞི་པ།སྲོལ་ཡིག་འདི་ལ་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འགྲེལ་བཤད་བྱ་དགོས།

  དོན་ཚན་རེ་ལྔ་པ།སྲོལ་ཡིག་འདི་བཀྲམ་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལ། 1997ལོའི་ཟླ5པའི་ཚེས25ཉིན་བཀྲམ་པའི《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་བྱས་ཏེ་རྒྱས་སྤྲོས་ཆུད་ཟོས་ཀྱི་བྱ་སྤྱོད་བཀག་འགོག་བྱེད་པའི་སྐོར་གྱི་གཏན་འཁེལ་འགའ》དུས་མཉམ་དུ་མི་དགོས་པར་བཟོས་པ་དང་། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་རྒོལ་བའི་སྐོར་གྱི་གཏན་འཁེལ་གཞན་དག་སྲོལ་ཡིག་འདི་དང་གཅིག་མཐུན་མིན་ན། སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས་སོ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།