རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མ་མཐའི་འཚོ་བ་འགན་སྲུང་བྱ་བར་སྔར་ལས་ལྷག་པར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བརྡ་སྦྱོར།(སྨད་ཆ)

རྒྱལ་སྤེལ(2012)ཡིག་ཨང45བ།

  (གསུམ།) རོགས་སྐྱོབ་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ནང་རྐྱེན་འཛུགས་དགོས། 

ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་དང་ཁྱིམ་མཚེས་གཡས་གཡོན་ལ་འདྲི་རྩད། ཡིག་རིགས་ལས་བདེན་དཔང་འཚོལ་ཞིབ་སོགས་བརྟག་དཔྱད་བྱེད་ཐབས་ཤུགས་དྲག་ཏུ་བཏང་བའི་རྨང་གཞིའི་སྟེང་། སྡེ་ཁག་བརྒལ་བ་དང་རིམ་པ་མང་བ། ཆ་འཕྲིན་མཉམ་དུ་ལོངས་སྤྱོད་པ་སོགས་ཀྱི་རོགས་སྐྱོབ་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ནང་རྐྱེན་གང་མགྱོགས་ཀྱིས་འཛུགས་པ་དང་། བྱ་བའི་ལས་ཁུངས་དང་ཆ་འཕྲིན་ཞིབ་བསྡུར་ལས་སྟེགས་འཐུས་ཚང་དུ་བཏང་ནས། མ་མཐའི་འཚོ་བ་འགན་སྲུང་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱ་ཡུལ་ཡང་དག་དང་ནུས་ལྡན། དྲང་གཞག་བཅས་ཀྱི་སྒོ་ནས་ངོས་ལེན་བྱེད་པ་ཁག་ཐེག་བྱེད་དགོས། རོགས་སྐྱོབ་རེ་འདུན་ཞུ་མཁན་དང་དེའི་ཁྱིམ་མིས་དབང་སྤྲད་པ་བརྒྱུད་དེ། སྤྱི་བདེ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། དངུལ་ལོར། འགན་བཅོལ། བཟོ་ཚོང་། ཁྲལ་དོན། སྡོད་ཁང་གི་སྤྱི་གསོག་གྲོན་དངུལ་སོགས་སྡེ་ཁག་དང་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་ཕབ་དང་མ་མཐའི་འཚོ་བ་འགན་སྲུང་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱ་ཡུལ་ངོས་ལེན་བྱ་བའི་དགོས་མཁོ་གཞིར་བཟུང་སྟེ། དམངས་སྲིད་སྡེ་ཁག་ལ་ཁྱིམ་ཐོ་དང་འཕྲུལ་སྒུལ་འཁོར་ལོ། ལས་ཞུགས། འགན་བཅོལ། སྡོད་ཁང་། གསོག་དངུལ། དངུལ་འཛིན། སྒེར་བའི་བཟོ་ཚོང་བ། ཁྲལ་འཇལ། སྤྱི་གསོག་གྲོན་དངུལ་སོགས་ཕྱོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་འདོན་སྤྲོད་བྱེད་དགོས། དམངས་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆ་འཕྲིན་འཚོལ་ཞིབ་བྱེད་ཐབས་ཞིབ་ཕྲ་ཞིབ་འཇུག་གཏན་འབེབ་བྱེད་དགོས་པ་མ་ཟད། ཞིང་ཆེན(ཆུའུ་དང་གྲོང་ཁྱེར)བརྒལ་བའི་ཆ་འཕྲིན་འདྲི་རྟོག་བྱ་བའི་འགན་ཁུར་དགོས། "ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"དུས་མཇུག་ཏུ་བསླེབས་སྐབས། རྒྱལ་ཡོངས་སུ་རོགས་སྐྱོབ་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ནང་རྐྱེན་ཕལ་ཆེར་འཛུགས་དགོས།

  (བཞི།) མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་འགུལ་རྣམ་དོ་དམ་བྱེད་ཐད་ཤུགས་སྣོན་དགོས། 

མ་མཐའི་འཚོ་བ་འགན་སྲུང་ཁྱབ་ཁོངས་སུ་བཅུག་པའི་རོགས་སྐྱོབ་བྱ་ཡུལ་ལ་བྱེད་སྟངས་སྣ་མང་སྤྱད་ནས་དོ་དམ་ཞབས་འདེགས་ལ་ཤུགས་སྣོན་པ་དང་། འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་གནས་ཚུལ་འགྱུར་ལྡོག་འབྱུང་ཚུལ་གྱི་རྗེས་དེད་ནས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ནང་འཇུག་ཕྱིར་འབུད་ཡོད་ལ། ཁ་གསབ་ཚད་གཞི་འཕར་ཆག་ཡོད་པའི་འགུལ་རྣམ་དོ་དམ་ནང་རྐྱེན་ཆགས་སུ་འཇུག་དགོས། ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་བཟའ་ཁ་དང་ཡོང་སྒོ། རྒྱུ་ནོར་གྱི་གནས་ཚུལ་དུས་བཅད་ལྟར་སྙན་ཞུ་འབུལ་བའི་ལམ་ལུགས་འཛུགས་དགོས་པ་མ་ཟད། སྙན་ཞུའི་གནས་ཚུལ་གཞིར་བཟུང་སྟེ་རིགས་བཀར་ནས་དུས་བཅད་ལྟར་ཞིབ་བཤེར་བྱས་ཏེ། ཆ་རྐྱེན་དང་མི་མཐུན་པ་འགན་སྲུང་གི་ཁྱབ་ཁོངས་ནས་དུས་ཐོག་ཏུ་ཕྱིར་འཐེན་དགོས། འཚོ་བའི་ཡོང་ཁུངས་དང་ངལ་རྩོལ་ནུས་པ་མེད་པའི་ཁར་བསྙེན་བཀུར་དང་གསོ་སྐྱོང་། སྙོར་སྐྱོང་གི་འོས་འགན་ཁུར་མཁན་ཡང་མེད་པའི"གསུམ་མེད་མི་སྣ"ལ་ལོ་རེར་ཞིབ་བཤེར་ཐེངས་རེ་བྱེད་པ་དང་། དུས་ཡུན་ཐུང་ངུའི་ནང་ཡོང་སྒོའི་འགྱུར་ལྡོག་མི་ཆེ་བའི་ཁྱིམ་ཚང་ལ་ལོ་ཕྱེད་རེར་ཞིབ་བཤེར་ཐེངས་རེ་བྱེད་ཅིང་། ཡོང་སྒོའི་ཡོང་ཁུངས་གཏན་འཇགས་མིན་ཡང་ཁྱིམ་མིར་ངལ་རྩོལ་ནུས་པ་དང་ངལ་རྩོལ་ཆ་རྐྱེན་ཡོད་པའི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་ལ་རྩ་དོན་ཐོག་གྲོང་ཁྱེར་དུ་ཟླ་རེ་དང་ཞིང་སྡེར་དུས་ཚིགས་ལྟར་ཞིབ་བཤེར་བྱེད་དགོས།

  (ལྔ།) མ་མཐའི་འཚོ་བ་འགན་སྲུང་བྱ་བའི་ལྟ་སྐུལ་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། 

ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མ་མཐའི་འཚོ་བ་འགན་སྲུང་སྲིད་ཇུས་དངོས་འབེབ་བྱས་པའི་གནས་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་དང་བསྒྲུབ་པར་ལྟ་སྐུལ་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། དུས་བཅད་ལྟར་རྩ་འཛུགས་བྱས་ནས་ཆེད་དོན་ཞིབ་བཤེར་བྱེད་དགོས། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྒྱལ་ཡོངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བ་གནད་སར་བཟུང་ནས་ཞིབ་བཤེར་བྱེད་དགོས། ནོར་སྲིད་དང་ཞིབ་རྩིས། ལྟ་ཞིབ་སྡེ་ཁག་བཅས་ཀྱིས་མ་མཐའི་འཚོ་བ་འགན་སྲུང་གྲོན་དངུལ་དོ་དམ་དང་བེད་སྤྱོད་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཐད་ཤུགས་བསྣན་ནས། བཙན་སྤྱོད་དང་གཞན་སྤྱོད། གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་སྒྲུབ་གཉེར་པ་དང་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་གཉེན་ཉེས་མ་མཐའི་འཚོ་བ་འགན་སྲུང་ལོངས་སྤྱོད་པར་སྙན་སེང་ཐོ་འགོད་བྱེད་པའི་ལམ་ལུགས་བཙུགས་ཏེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྙན་སེང་ཐོ་འགོད་བྱས་པའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་ཞིབ་བཤེར་དང་དོ་དམ་ནན་མོ་བྱེད་དགོས། གླེང་ཕྱོགས་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། སྨྱན་བྱེད་ཀྱིས་ཤེས་ནས་ཐེར་འདོན་བྱས་པའི་གནད་དོན་དུས་ཐོག་ཏུ་ཞིབ་གཅོད་བྱེད་པ་མ་ཟད། ཐག་བཅད་པའི་མཇུག་འབྲས་ཁྲོམ་བསྒྲགས་བྱེད་དགོས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་བྱེད་སྟངས་སྤྱད་ནས་སྤྱི་ཚོགས་རྩ་འཛུགས་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་ཁྲོད་ཞུགས་པ་དང་དེར་གདེང་འཇོག་དང་ལྟ་སྐུལ་བྱེད་པར་སྐུལ་བསྟོད་བྱེད་པ་དང་། ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་བ་བརྒྱུད་དེ་རོགས་སྐྱོར་བྱེད་དགོས།

  (དྲུག) ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱས་པར་ཞིབ་བཤེར་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། 

ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་གི་ལྟ་སྐུལ་འདྲི་རྟོག་ཁ་པར་ཁྲོམ་བསྒྲགས་བྱེད་པ་དང་། ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཐོགས་མེད་ཡོང་བར་བྱས་ཐོག ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱས་པར་ཞིབ་བཤེར་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཞིང་ཆེན་སྡེ་ཚན་བྱས་ནས་གཅིག་གྱུར་གྱི་ཐེར་འདོན་ཞུ་གཏུག་ཁ་པར་སྒྲིག་འཛུགས་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་ཡིག་བསྐུར་ངོ་གཏུག་བྱ་བར་དངོས་གནས་ཤུགས་སྣོན་པ་དང་། ཆེད་བསྐོས་མི་སྣས་འགན་ཁུར་བ་དང་ཐོག་མའི་འགན་འཁྲིར་འདྲི་རྩད་བྱེད་པ་སོགས་ཀྱི་ལམ་ལུགས་ཁྱབ་སྤེལ་བྱེད་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་ཡིག་བསྐུར་ངོ་གཏུག་དོན་དག་ཞིབ་གཅོད་བྱ་རྒྱུ་དང་དུ་བླངས་པའི་ཉིན60ཡི་ནང་དུ་སྒྲུབ་ཚར་དགོས། ཡིག་བསྐུར་ངོ་གཏུག་པས་ཡིག་བསྐུར་ངོ་གཏུག་དོན་དག་ཞིབ་གཅོད་བྱས་པའི་བསམ་འཆར་ཁས་མི་ལེན་ན། ཡིག་ཐོག་གི་ལན་འབྱོར་ཉིན་ནས་བཟུང་ཉིན30ཡི་ནང་དུ་སྒྲུབ་གཉེར་སྲིད་འཛིན་ལས་ཁུངས་ཀྱི་རིམ་པ་གོང་མའི་སྲིད་འཛིན་ལས་ཁུངས་ལ་བསྐྱར་བཤེར་བྱེད་པའི་རེ་བ་བཏོན་ཆོག་ཅིང་། བསྐྱར་བཤེར་རེ་བ་འབྱོར་བའི་སྲིད་འཛིན་ལས་ཁུངས་ཀྱིས་བསྐྱར་བཤེར་རེ་བ་འབྱོར་ཉིན་ནས་བཟུང་ཉིན30ཡི་ནང་དུ་བསྐྱར་བཤེར་བསམ་འཆར་འདོན་དགོས་པ་མ་ཟད། ཡིག་ཐོག་ནས་ལན་འདེབས་དགོས། ཡིག་བསྐུར་ངོ་གཏུག་པས་བསྐྱར་བཤེར་བསམ་འཆར་ཁས་མི་ལེན་ན། ཡིག་ཐོག་གི་ལན་འབྱོར་ཉིན་ནས་བཟུང་ཉིན30ཡི་ནང་དུ་བསྐྱར་བཤེར་ལས་ཁུངས་ཀྱི་རིམ་པ་གོང་མའི་སྲིད་འཛིན་ལས་ཁུངས་ལ་བསྐྱར་ཞིབ་བྱེད་པའི་རེ་བ་བཏོན་ཆོག་ཅིང་། བསྐྱར་ཞིབ་རེ་བ་འབྱོར་བའི་སྲིད་འཛིན་ལས་ཁུངས་ཀྱིས་བསྐྱར་ཞིབ་རེ་བ་འབྱོར་ཉིན་ནས་བཟུང་ཉིན30ཡི་ནང་དུ་བསྐྱར་ཞིབ་བསམ་འཆར་འདོན་དགོས། ཡིག་བསྐུར་ངོ་གཏུག་པས་བསྐྱར་ཞིབ་བསམ་འཆར་ཁས་མི་ལེན་པར་སྔར་བཞིན་དོན་དག་གཅིག་འདྲ་ལ་གནས་ལུགས་གཅིག་འདྲ་སྒོས་ཡིག་བསྐུར་ངོ་གཏུག་བྱས་ཚེ། ཡང་བསྐྱར་དང་ལེན་མི་བྱེད་ལ། དམངས་སྲིད་སོགས་སྡེ་ཁག་གིས་ཡིག་བསྐུར་ངོ་གཏུག་པར་སྲིད་ཇུས་ཧུར་ཐག་གིས་འགྲེལ་བཤད་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་ཡིག་བསྐུར་ངོ་གཏུག་དོན་དག་ཆེན་པོའམ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་དོན་རྐྱེན་དེ་དམངས་སྲིད་པུའུ་འམ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཡིག་བསྐུར་ངོ་གཏུག་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐད་ཀར་ཞིབ་གཅོད་བྱེད་པར་སྐུལ་ཆོག

  (བདུན།) མ་མཐའི་འཚོ་བ་འགན་སྲུང་དེ་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞན་པ་དང་ནུས་ཡོད་ཀྱིས་འབྲེལ་མཐུད་བྱེད་ཐད་ཤུགས་སྣོན་དགོས། 

ཡོང་སྒོ་ཉུང་བའི་ཁྱིམ་ཚང་ངོས་ལེན་བྱ་བར་གང་མགྱོགས་ཀྱིས་སྐུལ་འདེད་བཏང་སྟེ། སྨན་བཅོས་རོགས་སྐྱོབ་དང་སློབ་གསོར་རོགས་སྐྱོབ། སྡོད་ཁང་འགན་སྲུང་སོགས་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་དེ་ཡོང་སྒོ་ཉུང་བའི་ཁྱིམ་ཚང་ཕྱོགས་སུ་རྒྱ་བསྐྱེད་པར་འདེགས་སྐྱོར་འདོན་སྤྲོད་དང་། སྐབས་ཐོག་གི་རོགས་སྐྱོབ་ལམ་ལུགས་སྒོ་ཀུན་ནས་བཙུགས་ཏེ། ཡོང་སྒོ་ཉུང་བའི་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་གནས་སྐབས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ནུས་ཡོད་ཀྱིས་སེལ་དགོས་ཤིང་། མ་མཐའི་འཚོ་བ་འགན་སྲུང་དེ་རྒན་གསོ་དང་སྨན་བཅོས་སོགས་སྤྱི་ཚོགས་ཉེན་སེལ་ལམ་ལུགས་གཞན་པ་དང་ནུས་ཡོད་ཀྱིས་འབྲེལ་མཐུད་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་རྒན་པ་དང་ནར་མ་སོན་པའི་བྱིས་པ། དབང་བོ་སྐྱོན་ཅན་ཚབས་ཆེན། ནད་པ་ཚབས་ཆེན་སོགས་རོགས་སྐྱོབ་བྱ་ཡུལ་གཙོ་བོར་བྱེད་ཐབས་སྣ་མང་སྤྱད་ནས་རོགས་སྐྱོབ་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ལས་ཁུངས་དང་ཁེ་དོན་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་དབུལ་སྐྱོར་བྱ་འགུལ་ཧུར་ཐག་གིས་སྤེལ་བར་སྐུལ་བསྟོད་བྱས་ཏེ། དགེ་བའི་ལས་དང་སྤྱི་ཚོགས་རོགས་སྐྱོབ་ནུས་ཡོད་ཀྱིས་འབྲེལ་མཐུད་བྱེད་དགོས།གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་དང་ལས་ཞུགས་མཉམ་འབྲེལ། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་དང་དབུལ་སྐྱོར་གསར་སྤེལ་འབྲེལ་མཐུད་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཧུར་ཐག་གིས་ལས་ཀར་ཞུགས་པར་སྐུལ་བསྟོད་དང་། ངལ་རྩོལ་ནུས་པ་ཡོད་པའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ངལ་རྩོལ་གྱི་ན་ཚོད་ནང་ངལ་རྩོལ་ནུས་པ་ཡོད་ཀྱང་ལས་ཀ་ཤོར་བའི་གྲོང་ཁྱེར་གྱི་མང་ཚོགས་དཀའ་ངལ་ཅན་གྱིས་མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་སྐབས། ཐོག་མར་ས་དེ་གའི་སྤྱི་པའི་ལས་ཞུགས་ཞབས་འདེགས་ལས་ཁུངས་སུ་སོང་ནས་ལས་ཤོར་ཐོ་འགོད་བྱེད་དགོས་ཤིང་། སྤྱི་པའི་ལས་ཞུགས་ཞབས་འདེགས་ལས་ཁུངས་ཀྱིས་ལས་ཤོར་ཐོ་འགོད་བྱས་པའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་དུས་ཐོག་ཏུ་ལས་ཞུགས་ཞབས་འདེགས་ཞུ་བ་དང་གནད་སར་བཟུང་སྟེ་རོགས་རམ་བྱེད་དགོས། ལས་ཀར་ཞུགས་པའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་དེའི་ཁྱིམ་ཚང་གི་ཡོང་སྒོ་ཞིབ་རྩིས་རྒྱག་སྐབས། དགོས་ངེས་ཀྱི་ལས་ཞུགས་མ་རྩ་ཕྱིར་འཐེན་དགོས།

  གསུམ། བྱ་བའི་འགན་སྲུང་ཤུགས་དྲག་ཏུ་བཏང་སྟེ། བྱེད་ཐབས་དང་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འབེབ་པར་ཁག་ཐེག་བྱེད་དགོས།

  (གཅིག) ནུས་པའི་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས། 

ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་ནུས་ཤུགས་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། འགན་སྲུང་བྱ་ཡུལ་གྱི་གྲངས་ཚད་སོགས་རྒྱུ་རྐྱེན་ལྟར་དེར་མཐུན་གྱི་ལས་བྱེད་མི་སྣ་བསྐོ་གཞག་བྱེད་ཐབས་ཞིབ་ཕྲ་གཅིག་གྱུར་གྱིས་ཞིབ་འཇུག་གཏན་འབེབ་བྱེད་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ས་གནས་རང་གི་དོན་དངོས་དང་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་སྒོ་ཀུན་ནས་དངོས་འབེབ་བྱེད་པའི་བླང་བྱ་ལྟར། རྫོང(གྲོང་ཁྱེར། ཆུའུ།)དང་ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)གི་དོ་དམ་ལས་ཁུངས་དང་མི་ཤུགས་ཐོན་ཁུངས་ཚན་རིག་དང་མཐུན་པར་གཅིག་བསྡུ་བྱས་ཏེ། གཞི་རིམ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་ནུས་ཤུགས་ཆེར་བསྐྱེད་པའི་ཐད་ཁ་གསབ་བྱས་ནས་དོན་དག་དོ་དམ་བྱེད་མཁན་དང་འགན་འཁྲི་ཁུར་མཁན་ཡོད་པ་ཁག་ཐེག་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་བྱ་བ་སྒྲུབ་མཁན་གྱི་བྱེད་སྒོ་གསོ་སྦྱོང་ཐད་ཤུགས་སྣོན་པ་དང་། བྱ་བ་སྒྲུབ་གནས་དང་ཆ་རྐྱེན། ཐོབ་ཐང་བཅས་འགན་སྲུང་བྱས་ནས། མ་མཐའི་འཚོ་བ་འགན་སྲུང་བྱ་བའི་དོ་དམ་དང་ཞབས་འདེགས་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས། ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པར་གང་མགྱོགས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཆ་འཕྲིན་དོ་དམ་མ་ལག་སྒོ་ཀུན་ནས་བཀོད་སྒྲིག་བྱེད་དགོས།

  (གཉིས།) གྲོན་དངུལ་འགན་སྲུང་བྱེད་ཐད་ཤུགས་སྣོན་དགོས།

  ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འགྲོ་སྒོའི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས། མ་མཐའི་འཚོ་བ་འགན་སྲུང་མ་དངུལ་གཏོང་ཚད་དངོས་གནས་ཇེ་མང་དུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཁ་གསབ་རོགས་དངུལ་དེ་གཙོ་བོ་འགན་སྲུང་ལས་འགན་ལྗིད་ཅིང་། ནོར་སྲིད་ཐད་དཀའ་ངལ་ཡོད་པའི་ས་ཁུལ་ལ་གཟིགས་སྐྱོང་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་གི་ཁ་གསབ་རོགས་དངུལ་བགོ་བཤའ་རྒྱག་སྐབས། ནོར་སྲིད་པུའུ་ཡིས་དམངས་སྲིད་པུའུ་དང་མཉམ་དུ"བྱ་དགས་ཁ་གསབ་རོགས་དངུལ་གྱི་ཚབ་བྱེད་པའི"ཐབས་ཤེས་ཞིབ་འཇུག་བྱས་ནས། བྱ་བའི་གྲུབ་འབྲས་འབུར་ཐོན་བླངས་པའི་ས་ཁུལ་ལ་བྱ་དགའ་སྟེར་བ་དང་། ས་གནས་སོ་སོས་ལམ་ལུགས་སྔར་ལས་ལྷག་པར་འཐུས་ཚང་གཏོང་བ་དང་དོ་དམ་ཐད་ཤུགས་སྣོན་པར་ཁྲིད་སྟོན་བྱེད་དགོས། གཞི་རིམ་གྱི་བྱ་བའི་གྲོན་དངུལ་དངོས་གནས་འགན་སྲུང་བྱེད་དགོས་ཤིང་། མ་མཐའི་འཚོ་བ་འགན་སྲུང་བྱ་བར་མཁོ་བའི་གྲོན་དངུལ་དེ་ས་གནས་རིམ་པ་སོ་སོའི་ནོར་སྲིད་སྔོན་རྩིས་ནང་འགོད་དགོས། གཞི་རིམ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བར་མཁོ་བའི་གྲོན་དངུལ་མི་འདང་བའི་ས་ཁུལ་ལ་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་འོས་འཚམ་གྱིས་ཁ་གསབ་རོགས་དངུལ་སྟེར་དགོས།

  (གསུམ།) སྲིད་ཇུས་དྲིལ་སྒྲོག་ཐད་ཤུགས་སྣོན་དགོས།

  ཏང་དང་སྲིད་གཞུང་གི་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་འབྲེལ་ཡོད་བླང་བྱ་དང་ངོས་ལེན་ཆ་རྐྱེན། ཞིབ་བཤེར་དང་ཞིབ་མཆན་འགོད་པ། ཆད་འབོར་གཏོང་སྤྲོད། སྟབས་བསྟུན་གྱིས་དོ་དམ་སོགས་སྐོར་གྱི་སྲིད་ཇུས་གཏན་ཕབ་གཙོ་བོར་བཟུང་སྟེ། མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་སྲིད་ཇུས་དྲིལ་སྒྲོག་གཏིང་ཟབ་མོ་བྱེད་དགོས། རྒྱང་སྒྲིག་དང་བརྙན་འཕྲིན། དྲ་ཚིགས་སོགས་སྨྱན་བྱེད་དང་སྒྲོག་བྱང་། སྒྲོག་དེབ། གསལ་སྟོན་ཤོག་བུ་སོགས་མང་ཚོགས་ཀྱིས་བལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་ནས། མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་ཆ་འཕྲིན་ཁྲོམ་བསྒྲགས་ཀྱི་དམིགས་གཏད་རང་བཞིན་དང་གོ་ཆོད་པའི་ཡུན་ཚད། ཁ་ཚང་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས། གསར་འགྱུར་སྨྱན་བྱེད་ཀྱི་གླེང་ཕྱོགས་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམངས་ཀྱི་འཚོ་བ་འགན་སྲུང་དང་བརྟན་འཇགས་སྲུང་སྐྱོང་། འཆམ་མཐུན་ལ་སྐུལ་འདེད་སོགས་ཕྱོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ནུས་པ་གལ་ཆེན་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ་དང་། ཚོགས་སྤྱིས་མ་མཐའི་འཚོ་བ་འགན་སྲུང་བྱ་བར་དོ་སྣང་དང་རྒྱབ་སྐྱོར། དེའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་ཡོངས་སུ་གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

  བཞི། རྩ་འཛུགས་དང་འགོ་ཁྲིད་ཐད་ཤུགས་སྣོན་པ་དང་། དོ་དམ་འགན་འཁྲི་སྔར་ལས་ལྷག་པར་དངོས་འབེབ་བྱེད་དགོས།

  (གཅིག) རྩ་འཛུགས་དང་འགོ་ཁྲིད་ཐད་ཤུགས་སྣོན་དགོས།

  སྲིད་གཞུང་གིས་འགོ་ཁྲིད་པ་དང་དམངས་སྲིད་ཀྱིས་སྣེ་ཁྲིད་པ། སྡེ་ཁག་གིས་རམ་འདེགས། སྤྱི་ཚོགས་དེའི་ཁྲོད་ཞུགས་པ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་བྱ་བའི་ནང་རྐྱེན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་དགོས། དམངས་སྲིད་པུའུ་ཡིས་སྣེ་ཁྲིད་པའི་སྤྱི་ཚོགས་རོགས་སྐྱོབ་བྱེད་པའི་པུའུ་ཕན་ཚུན་བར་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ། མ་མཐའི་འཚོ་བ་འགན་སྲུང་དང་སྨན་བཅོས། སློབ་གསོ། སྡོད་ཁང་སོགས་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་གཞན་པ་དང་ལས་ཞུགས་སྐུལ་འདེད་སྲིད་ཇུས་མཐུན་སྦྱོར་ངང་གོང་འཕེལ་དང་ནུས་ཡོད་ཀྱིས་འབྲེལ་མཐུད་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བཟང་པོ་བྱེད་པ་དང་། རོགས་སྐྱོབ་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་སོགས་ཆ་འཕྲིན་མཉམ་དུ་ལོངས་སྤྱོད་པའི་གནད་དོན་ཞིབ་འཇུག་བྱས་ནས་ཐག་གཅོད་པ་དང་། སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་པར་སྐུལ་ཁྲིད་བྱེད་དགོས། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མ་མཐའི་འཚོ་བ་འགན་སྲུང་བྱ་བ་དེ་གྲོས་རིམ་ཉིན་ཐོ་གལ་ཆེན་ནང་དང་། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱི་ཡོངས་འཆར་གཞིའི་ནང་འགོད་པ་དང་། ཚན་རིག་ལྟར་འཕེལ་རྒྱས་བཏང་བར་ཞིབ་དཔྱད་བྱེད་པའི་མ་ལག་ནང་བཀོད་ཐོག དེར་མཐུན་གྱི་སྤྱི་ཚོགས་རོགས་སྐྱོབ་མཐུན་སྦྱོར་བྱ་བའི་ནང་རྐྱེན་བཙུགས་ཏེ་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དང་སྲིད་ཇུས་དངོས་འབེབ། ལྟ་སྐུལ་དངོས་འབེབ་སོགས་བྱ་བ་སྣ་ཚོགས་ལེགས་བསྒྲུབ་བྱེད་པར་རམ་འདེགས་བྱེད་དགོས།

  (གཉིས།) དོ་དམ་འགན་འཁྲི་དངོས་འབེབ་བྱེད་དགོས།

  མ་མཐའི་འཚོ་བ་འགན་སྲུང་བྱ་བར་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་འགན་ཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། སྲིད་གཞུང་གི་འགན་ཁུར་བ་གཙོ་བོས་རང་སྲིད་འཛིན་ས་ཁོངས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་སྤྱི་ཡོངས་ལ་འགན་ཁུར་དགོས། རྫོང་རིམ་པ་ཡན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་སྲིད་ཇུས་གཏན་འབེབ་དང་མ་དངུལ་གཏོང་བ། བྱ་བར་འགན་སྲུང་། ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁྲི་དངོས་གནས་ཁུར་བ་དང་། ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)གིས་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་རེ་འདུན་དང་ལེན་དང་བརྟག་དཔྱད། དཔྱད་བསྡུར། ཁྲོམ་བསྒྲགས་སོགས་ཞིབ་དཔྱད་འགན་འཁྲི་དངོས་གནས་ལག་བསྟར་བྱས་ཏེ། སྡེ་བ་འགན་གཙང་ལེན་བྱེད་མཁན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་སྲིད་ཇུས་དངོས་འབེབ་བྱས་པའི་གནས་ཚུལ་དེ་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ནང་དོན་དུ་བརྩི་བ་དང་། ཞིབ་དཔྱད་བྱས་པའི་མཇུག་འབྲས་དེ་སྲིད་གཞུང་གི་འགོ་ཁྲིད་ཚན་སྐོར་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་སྒོས་ཞིབ་དཔྱད་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དང་། ལས་བྱེད་པ་བསྐོ་སྤྱོད་དང་དོ་དམ་ལྟ་སྐུལ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། དམངས་སྲིད་པུའུ་ཡིས་ནོར་སྲིད་པུའུ་སོགས་སྡེ་ཁག་དང་མཉམ་དུ་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་གྲུབ་འབྲས་གདེང་འཇོག་ཞིབ་དཔྱད་དམིགས་ཚད་མ་ལག་དང་གདེང་འཇོག་བྱེད་ཐབས་ཞིབ་འཇུག་བྱས་ནས་འགོད་དགོས་པ་མ་ཟད། ཞིང་ཆེན(ཆུའུ། གྲོང་ཁྱེར)སོ་སོའི་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་ལོ་མཇུག་གི་གྲུབ་འབྲས་ལ་གདེང་འཇོག་བྱེད་པར་རྩ་འཛུགས་བྱེད་དགོས།

  (གསུམ།) འགན་འཁྲིར་རྩད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

  བྱ་བར་མཐོང་ཆེན་མི་བྱེད་པ་དང་དོ་དམ་ནུས་ལྡན་མིན་པ། གནད་དོན་ཆེན་པོ་བྱུང་བ། སྤྱི་ཚོགས་ལ་གནོད་རྐྱེན་ཚབས་ཆེན་བཟོས་པའི་ས་གནས་སྲིད་གཞུང་དང་སྡེ་ཁག་གི་འགན་ཁུར་བ་དང་། དེ་མིན་མ་མཐའི་འཚོ་བ་འགན་སྲུང་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཁྲོད་འགན་དབང་གང་འདོད་དུ་སྤྱོད་པ་དང་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། འགན་འཛོལ་བྱུང་བ་བཅས་ཀྱི་ལས་བྱེད་པར་སྒྲིག་ཁྲིམས་ལྟར་འགན་འཁྲིར་རྩད་གཅོད་བྱེད་དགོས། དེ་དང་ཆབས་ཅིག་ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་ཐོབ་ཐང་གཡོ་ལེན་བྱེད་མཁན་ལ་ཞིབ་གཅོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གཡོ་ལེན་བྱས་པའི་མ་མཐའི་འཚོ་བ་འགན་སྲུང་ཐོབ་ཐང་ཕྱིར་ལེན་པ་ལས་གཞན། ད་དུང་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་པ་དང་། ནག་ཉེས་བཟོས་པར་ཁྲིམས་འཛིན་ལས་ཁུངས་སུ་སྐྱེལ་ནས་ཐག་གཅོད་དགོས། དོན་མེད་དུ་རྩོད་གླེང་སློང་བ་དང་འཇིགས་སྐུལ་ནས་མ་མཐའི་འཚོ་བ་འགན་སྲུང་ཐོབ་ཐང་བཙན་ལེན་བྱེད་པ་ལ། སྤྱི་བདེ་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་ཐ་ན་འབྲེལ་ཡོད་ཆད་པ་གཅོད་དགོས། དཔང་ཡིག་རྫུན་མ་བཏོན་པའི་སྡེ་ཚན་དང་མི་སྒེར་ལ་ས་གནས་སོ་སོས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ཕབ་ལྟར་ཐག་གཅོད་པ་ལས་གཞན། ད་དུང་འབྲེལ་ཡོད་ཆ་འཕྲིན་དེ་ཆ་འཕྲིན་བསྡུ་ལེན་མ་ལག་ནང་འགོད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།