རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མ་མཐའི་འཚོ་བ་འགན་སྲུང་བྱ་བར་སྔར་ལས་ལྷག་པར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་བརྡ་སྦྱོར།(སྟོད་ཆ)

རྒྱལ་སྤེལ(2012)ཡིག་ཨང45བ།

  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།མ་མཐའི་འཚོ་བ་འགན་སྲུང་བྱ་བ་དེ་མང་ཚོགས་དཀའ་ངལ་ཅན་དག་གི་ལྟོ་རྒྱབ་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས། དྲང་གཞག་དྲང་བདེན་ཡོང་མིན་དང་འབྲེལ་བ་ཡོད་པས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དངོས་འབེབ་བྱེད་པའི་ཐབས་ཤེས་གལ་ཆེན་ཡིན་ལ། མང་ཚོགས་དཀའ་ངལ་ཅན་དག་གི་གཞི་རྩའི་འཚོ་བའི་ཁེ་དབང་སྲུང་སྐྱོང་བྱེད་པའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། འབྲེལ་ཡོད་ཆ་ཚང་སྡེབ་སྒྲིག་གི་སྲིད་ཇུས་སྔ་གཞུག་ཏུ་ཕྱིར་བཏོན་པ་དང་བསྟུན་ནས། མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་གྱིས་དམངས་ཀྱི་འཚོ་བར་ཕན་ཁེ་བསྐྲུན་པ་དང་དམངས་ཀྱི་དཀའ་ངལ་སེལ་བ། བརྟན་འཇགས་ཁག་ཐེག་བྱེད་པ། འཆམ་མཐུན་ལ་སྐུལ་འདེད་བྱེད་པ་སོགས་ཕྱོགས་སུ་བྱས་རྗེས་འབུར་དུ་ཐོན་པ་བཞག་ཅིང་། མང་ཚོགས་དཀའ་ངལ་ཅན་དག་གི་གཞི་རྩའི་འཚོ་བ་ནུས་ཡོད་སྒོས་འགན་སྲུང་བྱས་པ་རེད། འོན་ཀྱང་ས་ཁུལ་ཁ་ཤས་སུ་མ་མཐའི་འཚོ་བ་འགན་སྲུང་བྱ་བར་མཐོང་ཆེན་བྱས་པ་མི་འདང་པ་དང་འགན་འཁྲི་དངོས་འབེབ་མི་བྱེད་པ། དོ་དམ་ཚད་ལྡན་མིན་པ། ལྟ་སྐུལ་དོ་དམ་དམིགས་སར་མི་འབྱོར་བ། བྱ་བའི་འགན་སྲུང་ནུས་ལྡན་མིན་པ། བྱ་བའི་ནང་རྐྱེན་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཚད་མི་འདྲ་བའི་སྒོ་ནས་གནས་ཡོད་པ་རེད། མ་མཐའི་འཚོ་བ་འགན་སྲུང་བྱ་བར་དངོས་གནས་ཤུགས་སྣོན་དང་ལེགས་སྒྱུར་བྱ་ཆེད། ད་ལྟ་བསམ་འཆར་འགའ་བཏོན་པ་གཤམ་གསལ་ལྟར།

  གཅིག སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན།

  (གཅིག) སྤྱིའི་བླང་བྱ། མ་མཐའི་འཚོ་བ་འགན་སྲུང་བྱ་བ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་དང་། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་སྒྱུར་བྱེད་པ་བརྗོད་བྱ་གཙོ་བོ། འགན་འཁྲི་ཤུགས་དྲག་ཏུ་གཏོང་རྒྱུ་བྱེད་ཕྱོགས་གཙོ་བོ་བཅས་བྱས་ཐོག གཞི་རྩ་འགན་སྲུང་དང་རྒྱུན་སྐྱོང་ཐུབ་པ། དྲང་གཞག་ལ་བརྩི་མཐོང་། ཕན་འབྲས་དངོས་བརྩོན་ལེན་བཅས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྲོལ་དང་སྲིད་ཇུས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཚད་གཞི་ལྟར་དོ་དམ་ནན་མོ་བྱེད་པ། ནུས་པའི་འཛུགས་སྐྲུན་ཐད་ཤུགས་སྣོན་པ་དང་། ཚད་གཞི་ཚན་རིག་དང་མཐུན་ཞིང་འགན་སྲུང་བྱ་ཡུལ་ནོར་མེད་པ། ཐོབ་ཐང་དྲང་གཞག་ཡིན་པ། ནང་འཇུག་ཕྱིར་འབུད་གོ་རིམ་ཡོད་པ་བཅས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་བའི་རྣམ་པ་འབད་བརྩོན་སྒོས་བསྐྲུན་ནས། མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཀྱི་ཚན་རིག་རང་བཞིན་དང་ལག་བསྟར་བྱེད་ཤུགས་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བ་དང་། མང་ཚོགས་དཀའ་ངལ་ཅན་དག་གི་གཞི་རྩའི་འཚོ་བའི་ཁེ་དབང་དངོས་གནས་སྲུང་སྐྱོང་བྱེད་དགོས།

  (གཉིས།) གཞི་རྩའི་རྩ་དོན། འགན་སྲུང་བྱེད་དགོས་པ་ཚང་མ་གང་ཐུབ་ཀྱིས་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མང་ཚོགས་དཀའ་ངལ་ཅན་དག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱ་རྒྱུ་དེ་གོ་གནས་དེ་བས་གཙོ་བོར་བཞག་སྟེ། སྲིད་གཞུང་གི་འགན་འཁྲི་དངོས་འབེབ་དང་སྲིད་གཞུང་གི་གཏོང་འཇོག་ཇེ་མང་དུ་གཏོང་བ། སྡེ་ཁག་བར་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ། ལྟ་སྐུལ་དང་འགན་འཁྲི་འདྲི་རྩད་བྱེད་ཐད་ཤུགས་བསྣན་ཏེ། ཆ་རྐྱེན་དང་མཐུན་པའི་མང་ཚོགས་དཀའ་ངལ་ཅན་ཡོངས་རྫོགས་མ་མཐའི་འཚོ་བ་འགན་སྲུང་ཁྱབ་ཁོངས་སུ་འཇུག་དགོས།དྲང་སྙོམ་དྲང་གཞག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་སྐོར་གྱི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དང་གོ་རིམ་གཏན་ཕབ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཞུགས་པའི་ཐབས་ལམ་ཐོགས་པ་མེད་པར་བྱེད་ཅིང་། སྲིད་ཇུས་དང་བརྡ་འཕྲིན་ཁྲོམ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཐོག ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་མངོན་གསལ་ཡིན་པ་དང་ཞིབ་བཤེར་མཆན་འགོད་ཀྱི་མཇུག་འབྲས་དྲང་སྙོམ་དྲང་གཞག་ཡོང་བར་བྱེད་དགོས།འགུལ་རྣམ་དོ་དམ་རྒྱུན་འཁྱོངས་བྱེད་དགོས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དུས་བཅད་ལྟར་སྙན་ཞུ་འབུལ་བ་དང་དོ་དམ་མཆན་འགོད་ལས་ཁུངས་ཀྱིས་རིགས་བཀར་ནས་བསྐྱར་ཞིབ་བྱེད་པ་ཟུང་དུ་སྦྲེལ་བ་སོགས་བྱེད་ཐབས་སྤྱད་དེ། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ལ་ནམ་རྒྱུན་དོ་དམ་དང་ཞབས་འདེགས་ཞུ་བའི་ཐད་ཤུགས་བསྣན་ཏེ། དངོས་གནས་འགན་སྲུང་བྱ་ཡུལ་ནང་འཇུག་ཕྱིར་འབུད་ཡོད་ལ། ཁ་གསབ་ཚད་གཞི་འཕར་ཆག་ཡོད་པར་བྱེད་དགོས།གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། དཔལ་འབྱོར་སྤྱི་ཚོགས་བཅས་འཕེལ་རྒྱས་སུ་འགྲོ་བར་གཅིག་གྱུར་འཆར་འགོད་བྱས་ནས། མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་ཆུ་ཚད་དང་མཐུན་པར་བྱེད་པ་དང་། མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་དེ་སྤྱི་ཚོགས་འགན་སྲུང་ལམ་ལུགས་གཞན་པ་དང་འབྲེལ་མཐུད་བྱས་ནས། མང་ཚོགས་དཀའ་ངལ་ཅན་དག་གི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་དགོས།

  གཉིས། མ་མཐའི་འཚོ་བ་འགན་སྲུང་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས།

  (གཅིག) མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ངོས་ལེན་གྱི་ཆ་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁྱིམ་ཐོའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་སྒོ། ཁྱིམ་ཚང་གི་རྒྱུ་ནོར་ནི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ངོས་ལེན་གྱི་གཞི་རྩའི་ཆ་རྐྱེན་གསུམ་ཡིན། ས་གནས་སོ་སོས་ས་དེ་གའི་གནས་ཚུལ་གཞིར་བཟུང་སྟེ་མ་མཐའི་འཚོ་བ་འགན་སྲུང་ཐོབ་ཐང་ལོངས་སྤྱོད་པའི་བྱེ་བྲག་གི་ཆ་རྐྱེན་གཏན་འབེབ་བྱེད་པ་མ་ཟད་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས་ནས། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ངོས་ལེན་གྱི་ཚད་གཞི་མ་ལག་འཐུས་ཚང་ཞིག་ཆགས་སུ་འཇུག་དགོས། དེ་དང་ཆབས་ཅིག་མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་ཡོང་སྒོ་དང་རྒྱུ་ནོར་ཞིབ་རྩིས་དང་གདེང་འཇོག་བྱེད་ཐབས་ཞིབ་ཕྲ་གསལ་བོར་འགོད་དགོས་པ་མ་ཟད། བསྙེན་བཀུར་དང་གསོ་སྐྱོང་། སྙོར་སྐྱོང་གི་འོས་འགན་ཁུར་མཁན་གྱིས་འབྲེལ་ཡོད་ཁྲིམས་བཅད་ཀྱི་འོས་འགན་བསྒྲུབ་པར་བྱེ་བྲག་གི་བླང་བྱ་འདོན་དགོས། མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འབེབ་བྱེད་པ་དང་། རོགས་སྐྱོབ་ཚད་གཞི་དང་དངོས་གོང་འཕར་བ་འབྲེལ་མཐུད་བྱེད་པའི་མཉམ་འབྲེལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་འཚོ་བའི་འགྲོ་གྲོན་གཏོང་ཐབས་དང་ཨང་གིར་བཏགས་གྲངས་རྩིས་ཐབས། འཛད་སྤྱོད་འགྲོ་གྲོན་བསྡུར་ཚད་རྩིས་ཐབས་སོགས་དཔག་རྩིས་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱད་དེ། མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་འགུལ་རྣམ་དང་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས་ལ། མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་ལས་དམའ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གནས་ཚུལ་གཞིར་བཟུང་སྟེ། རང་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་བལྟོས་བཅས་ཀྱིས་གཅིག་གྱུར་ཡིན་པའི་ས་ཁོངས་ཀྱི་ཚད་གཞིར་ཞིབ་འཇུག་གཏན་འབེབ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་དང་ས་ཁོངས་ཀྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས།

  (གཉིས།) མ་མཐའི་འཚོ་བ་འགན་སྲུང་བྱེད་པར་ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་དགོས། རེ་འདུན་ཞུ་བའི་གོ་རིམ་ཚད་ལྡན་དུ་གཏོང་དགོས། ཆ་རྐྱེན་དང་མཐུན་བསམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཚང་མར་རང་གི་ཁྱིམ་ཐོ་ཡོད་སའི་ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)ལ་ཐད་ཀར་མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་དབང་ཡོད། ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)གིས་གནས་ལུགས་མེད་པར་དང་ལེན་མ་བྱས་ན་མི་ཆོག མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་མཁན་གྱི་མངག་བཅོལ་ལྟར། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་དེའི་ཚབ་ཏུ་རེ་འདུན་ཞུ་ཆོག མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་བར་ཁྱིམ་ཚང་སྡེ་ཚན་བྱེད་པ་དང་། གཏན་ཕབ་ལྟར་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་། ཁྱིམ་ཚང་གི་ཡོང་སྒོ་དང་རྒྱུ་ནོར་གྱི་གནས་ཚུལ་ཡིག་ཐོག་ནས་གསལ་བཤད་བྱེད་དགོས་པ་མ་ཟད། རེ་འདུན་ཞུ་མཁན་གྱིས་མིང་བཀོད་ནས་ངོས་ལེན་བྱེད་དགོས།ཞིབ་བཤེར་གྱི་གོ་རིམ་ཚད་ལྡན་དུ་གཏོང་དགོས། ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)ནི་མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་ཡིག་ལ་ཞིབ་བཤེར་བྱེད་པའི་འགན་ཁུར་བ་གཙོ་བོ་ཡིན་ལ། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གི་རོགས་འདེགས་འོག མ་མཐའི་འཚོ་བ་འགན་སྲུང་གི་རེ་འདུན་ཞུ་མཁན་ཁྱིམ་ཚང་རེ་རེར་སོང་ནས་བརྟག་དཔྱད་བྱས་ནས། རེ་ཞུའི་དཔྱད་གཞིའི་ཡིག་རིགས་དང་གསལ་བསྒྲགས་དོན་ཚན་སོ་སོའི་དྲང་བདེན་རང་བཞིན་དང་ཁ་ཚང་རང་བཞིན་ལ་ཞིབ་ཏུ་ཞིབ་བཤེར་བྱེད་དགོས་པ་མ་ཟད། བརྟག་དཔྱད་བྱེད་མཁན་དང་རེ་འདུན་ཞུ་མཁན་གྱི་མིང་བཀོད་ནས་ངོས་ལེན་བྱེད་དགོས།དམངས་གཙོས་དཔྱད་བསྡུར་བྱེད་ཐབས་ཚད་ལྡན་དུ་གཏོང་དགོས། ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་བྱས་ཚར་རྗེས། ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)གིས་སྡེ(སྡོད)དམངས་ཀྱི་འཐུས་མིའམ་སྡེ་གླིང་གི་དཔྱད་བསྡུར་ཚན་ཆུང་རྩ་འཛུགས་བྱས་ནས། རེ་འདུན་ཞུ་མཁན་གྱིས་གསལ་བསྒྲགས་བྱས་པའི་ཁྱིམ་ཚང་གི་ཡོང་སྒོ་དང་རྒྱུ་ནོར་གྱི་གནས་ཚུལ། དེ་མིན་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་བྱས་པའི་མཇུག་འབྲས་ཀྱི་དྲང་བདེན་རང་བཞིན་ལ་དཔྱད་བསྡུར་བྱེད་དགོས། ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་བྱེད་པར་དམངས་གཙོས་དཔྱད་བསྡུར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དཔྱད་བསྡུར་གྱི་གོ་རིམ་དང་བྱེད་སྟངས། ནང་དོན། ཁོངས་ཞུགས་མི་སྣ་བཅས་ཚད་ལྡན་དུ་གཏོང་དགོས།ཞིབ་མཆན་འགོད་པའི་གོ་རིམ་ཚད་ལྡན་དུ་གཏོང་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ནི་མ་མཐའི་འཚོ་བ་འགན་སྲུང་བྱེད་མིན་ལ་ཞིབ་མཆན་འགོད་པའི་འགན་ཁུར་བ་གཙོ་བོ་ཡིན་ལ། ཞིབ་མཆན་མ་བཀོད་པའི་སྔོན་ལ་ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)གིས་ཞུ་འབུལ་བྱས་པའི་བརྟག་དཔྱད་ཡིག་རིགས་དང་ཞིབ་བཤེར་བསམ་འཆར(དམངས་གཙོས་དཔྱད་བསྡུར་བྱས་པའི་མཇུག་འབྲས་འདུས།)ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས་པ་མ་ཟད། 30%ལས་མི་ཉུང་བའི་བསྡུར་ཚད་ལྟར་ཁྱིམ་ཚང་དུ་སོང་ནས་འཐེན་བཤེར་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་གནས་སུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)དང་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གདན་དྲངས་ནས་ཞིབ་མཆན་འགོད་པའི་ཁྲོད་ཞུགས་སུ་བཅུག་སྟེ། ཞིབ་མཆན་འགོད་པའི་གོ་རིམ་མངོན་གསལ་ཡོང་བར་སྐུལ་འདེད་བཏང་ཆོག བརྟག་དཔྱད་མ་བྱས་པར་ཚོགས་སྤྱིའམ་མི་སྒེར་གང་རུང་མ་མཐའི་འཚོ་བ་འགན་སྲུང་ཁྱབ་ཁོངས་སུ་གཏན་ནས་འཇུག་མི་རུང་།ཁྲོམ་བསྒྲགས་བྱེད་པའི་གོ་རིམ་ཚད་ལྡན་དུ་གཏོང་དགོས། ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་བྱེད་པར་ཞིབ་བཤེར་མཆན་འགོད་དང་ཁྲོམ་བསྒྲགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཁྲོམ་བསྒྲགས་ཀྱི་ནང་དོན་དང་རྣམ་པ། དུས་བཅད་སོགས་ཚད་ལྡན་དུ་གཏོང་དགོས། སྡེ་གླིང་གིས་གཏན་འཇགས་ཀྱི་སྒྲོག་བྱང་གཅིག་གྱུར་གྱིས་སྒྲིག་འཛུགས་བྱེད་དགོས་ཤིང་། ཞང་བརྡལ་མི་དམངས་སྲིད་གཞུང(སྲང་ལམ་དོན་སྒྲུབ་ཁང)གི་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་དང་དམངས་གཙོས་དཔྱད་བསྡུར། ཞིབ་བཤེར་མཇུག་འབྲས་བཅས་དུས་ཐོག་ཏུ་ཁྲོམ་བསྒྲགས་བྱེད་དགོས་པ་མ་ཟད། ཁྲོམ་བསྒྲགས་བྱས་པའི་དྲང་བདེན་རང་བཞིན་དང་ཡང་དག་རང་བཞིན་ཁག་ཐེག་བྱེད་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་ཁོངས་མི་དང་ཡོང་སྒོའི་གནས་ཚུལ། འགན་སྲུང་དངུལ་འབོར་སོགས་དེའི་སྡོད་ཡུལ་དུ་ཡུན་རིང་བོར་ཁྲོམ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་ཁ་ཕྱོགས་པའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་ཆ་འཕྲིན་འདྲི་རྟོག་ནང་རྐྱེན་རིམ་བཞིན་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། བསམ་འཆར་མི་མཐུན་པ་ཡོད་པར་བསྐྱར་ཞིབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁྲོམ་བསྒྲགས་བྱེད་སྐབས་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་མི་སྒེར་གྱི་གསང་བ་སྲུང་སྐྱོང་བྱ་རྒྱུར་དོ་སྣང་བྱས་ནས། མ་མཐའི་འཚོ་བ་འགན་སྲུང་ཐོབ་ཐང་ལོངས་སྤྱོད་པར་འབྲེལ་མེད་ཀྱི་ཆ་འཕྲིན་གཏན་ནས་ཁྲོམ་བསྒྲགས་བྱས་མི་ཆོག གཏོང་སྤྲོད་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་དགོས། ས་གནས་སོ་སོས་མ་མཐའི་འཚོ་བ་འགན་སྲུང་གྲོན་དངུལ་སྤྱི་ཚོགས་ཅན་དུ་གཏོང་སྤྲོད་བྱེད་པ་སྒོ་ཀུན་ནས་ཁྱབ་སྤེལ་བྱེད་པ་དང་། ནོར་སྲིད་རྒྱལ་མཛོད་དོ་དམ་ལམ་ལུགས་ལྟར་མ་མཐའི་འཚོ་བ་འགན་སྲུང་གྲོན་དངུལ་ཐད་ཀར་འགན་སྲུང་བྱ་ཡུལ་ཁྱིམ་ཚང་གི་རྩིས་ཐོའི་སྟེང་བཞག་ནས། མ་མཐའི་འཚོ་བ་འགན་སྲུང་གྲོན་དངུལ་ཁ་ཚང་དུས་ཐོག་ཏུ་མཁོ་སར་གཏོང་སྤྲོད་བྱེད་པ་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།