ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་བཞི་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

166.ཞོར་འགན་གླ་དངུལ་སྤྲོད་སྐབས། མགོ་སྐོར་བས་ཁྱོད་ཀྱི་མ་དངུལ་གཡོ་ལེན་བྱེད་པར་གཟབ་དགོས། 

[གྱོད་དཔེ།] ཝང་ཆེ་གེ་མོས་སྐད་འཕྲིན་རྒྱབ་ལྗོངས་སུ་ཞོར་འགན་གླ་སྤྲོད་ཀྱི་བརྡ་ཁྱབ་ཅིག་མཐོང་རྗེས། རང་འགུལ་གྱིས་ཕ་རོལ་བ་ནང་འཇུག་བྱས་པར་མ་ཟད། ཕ་རོལ་པའི་བླང་བྱ་ལྟར་རྩ་གཉིས་ཨང་བཤེར་བརྒྱུད་དེ་སྔ་རྗེས་སུ་སྒོར39007སྤྲད་ཀྱང་། ཕ་རོལ་པས་ཁས་ལེན་ལྟར་མ་དངུལ་དང་གླ་དངུལ་ཕྱིར་མ་བྱིན། 

[དབྱེ་ཞིབ།] འདི་ནི་དཔེ་མཚོན་རང་བཞིན་ལྡན་པའི་དྲ་རྒྱའི་ཞོར་འགན་མགོ་སྐོར་ཞིག་ཡིན། ད་ལྟ་ལས་འཚོལ་པ་མང་པོ་ཞིག་གིས་ལས་ཀ་ཡག་པོ་ཞིག་བཙལ་ནས་འཚོ་བ་ལེགས་བཅོས་དང་འབབ་འཕར་ཕྱུག་འགྱུར་བྱ་འདོད་ཆེ། མགོ་སྐོར་པ་རྣམས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ཀྱི་སེམས་ཁམས་འདི་བེད་སྤྱད་དེ། མགོ་སྐོར་ཉེས་གསོག་བྱེད་བཞིན་ཡོད། མགོ་སྐོར་པས་བརྡ་ཁྱབ་རྫུན་མ་བཟོས་ཏེ་གླ་དངུལ་མཐོན་པོར་བརྟེན་ནས་གནོད་འཚེ་ཐེབས་མཁན་འགུག་བཞིན་ཡོད། ཁྱོད་ཀྱིས་ཕ་རོལ་པ་སྐད་འཕྲིན་དུ་ནང་འཇུག་བྱས་པ་ནས་བཟུང་ཁྱོད་རང་བཤའ་ཉེར་སླེབས་པའི“ལུ་གུ”ཞིག་ཏུ་གྱུར་ཡོད།

167.དྲ་ལམ་མཛའ་གྲོགས་ཀྱི་རྗེས་དེད་ནས་མ་འཇོག་དངུལ་འཚོལ་བྱེད་འདོད་དམ། ཁྱོད་རང“ཕག་གསོད་མཐེབ་གཞུང”གི་མགོ་སྐོར་ལ་འཕྲད་པ་ཡིན་སྲིད།

[གྱོད་དཔེ།] ཝང་ཆེ་གེ་མོས་གྲོགས་འཚོལ་སྟེགས་བུ་ཞིག་བརྒྱུད་ནས་སྐྱེས་པ་ཞིག་ངོ་ཤེས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྐད་འཕྲིན་ནང་འཇུག་བྱས་ཏེ་མཛའ་གྲོགས་བསྒྲིགས། ཕ་རོལ་པས་མོ་ཁྲིད་དེ་དྲ་ལམ་ནས་དངུལ་གཏོང་ཡོང་སྒོ་འཚོལ་ཟེར་བ་ལྟར། ཝང་ཆེ་གེ་མོས་དངུལ་གཏོངAppཕབ་འཇུག་བྱས་ནས་ཐོ་འགོད་རྩིས་ཐོ་བྱས་ཤིང་སྔ་རྗེས་སུ་སྒོར་ཁྲི8དངུལ་འཇོག་བྱས། རྗེས་སུ་མགོ་སྐོར་ཐེབས་པ་རྟོགས།

[དབྱེ་ཞིབ།] མགོ་སྐོར་ཐབས་འདིའི་རིགས་ལ་མིང་དམིགས་བསལ་བ་ཞིག་ཡོད་པ་ནི“ཕག་གསོད་མཐེབ་གཞུང”ཟེར། ཕག་གསོད་མཐེབ་གཞུང་ལ་ཁྱད་ཆོས་ཆེན་མོ་ཞིག་ཡོད་པ་ནི་སྐུད་པ་རིང་པོ་བྱས་ནས་ཕག་གསོ་བ་དེ་ཡིན། གསོ་ཚད་རིང་ན་གསོད་ཐབས་ལ་དེ་ལྟར་གདུག་རྩུབ་ཆེ། དེའི་རྒྱུན་མཐོང་གི་རྣམ་པ་ནི་ཝང་ལྕམ་མོ་བརྒྱུད་མྱོང་བའི་བརྩེ་དུང་མགོ་སྐོར་ཡིན། མགོ་སྐོར་ཐབས་འདིས་རྒྱུན་ལྡན་དུ་གནོད་འཚེ་ཐེབས་མཁན་ལ“ཕག”ཟེར་ཞིང་། མཛའ་གྲོགས་སྒྲིག་པ་ལ“ཕག་གསོ་བ”ཟེར། ཚིག་སྙན་མོས་མགོ་སྐོར་བཏང་བའི་བརྒྱུད་རིམ་ལ“ཕག་གསོད་པ”ཟེར། བརྩེ་དུང་ནི་མ་གཞི་ནས་ཞིབ་མངར་ལྡན་ཞིང་བླ་ན་མེད་པ་ཞིག་ཡིན་ཡང་། མགོ་སྐོར་པས་བརྩེ་དུང་ནི་གཞན་ལ་གནོད་འཚེ་གཏོང་བའི་མཚོན་ཆ་ཞིག་ཏུ་བཏང་ཡོད། དྲ་ལམ་གྲོགས་སྒྲིག་ལ་གཟབ་དགོས། ལྷག་པར་དུ་བརྩེ་བ་དང་འབྲེལ་བ་བྱུང་དུས། ངེས་པར་དུ་ཕ་རོལ་པའི་གཞི་རྩའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱེད་དགོས་ཤིང་། མགོ་སྐོར་པའི་ཚིག་སྙན་མོར་ལས་སླ་མོས་ཡིད་ཆེས་མི་རུང་། ངེས་པར་ཡིད་ལ་འཛིན་དགོས་པ་ནི་ཕ་རོལ་པས་རྒྱུ་ནོར་གྱི་གནད་དོན་གླེང་སྐབས། སྔར་བས་ཀྱང་གཟབ་གཟབ་བྱེད་དགོས། བརྩེ་དུང་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་མོད། དྲ་ལམ་མཛའ་གྲོགས་ལ་ངེས་པར་གཟབ་དགོས་ཏེ། མགོ་སྐོར་བར་བརྩེ་དུང་ལ་ཡོད་འོས་པའི་རྣམ་པ་བརླག་ཏུ་འཇུག་མི་རུང་།

168.རོལ་རྩེད་དངུལ་འཇོག་ལ་ཕབ་གཅོག་མང་པོ་ཡོད། ཁྱོད་རང་མགོ་སྐོར་ཐེབས་པར་མཉམ་འཇོག་བྱེད་དགོས།

[གྱོད་དཔེ།] ལིའུ་ཆེ་གེ་མོས་གློག་ཀླད་རོལ་རྩེད་རྩེ་བའི་གོ་རིམ་ཁྲོད། རོལ་རྩེད་ནང་མི་ཞིག་གིས་ཚབ་ཚོང་དངུལ་འཇོག་གི་བརྡ་ཁྱབ་བསྒྲགས་པ་མཐོང་། རིན་གོང་བདེ་བས་རང་འགུལ་གྱིས་ཕ་རོལ་པར་འབྲེལ་གཏུག་བྱས་ཏེ་དངུལ་འཇོག་ཏུ་བཅུག ཨང་རིས་བཤེར་ནས་སྒོར3000སྤྲད་རྗེས་མགོ་སྐོར་ཐེབས་པ་ཤེས།

[དབྱེ་ཞིབ།] དྲ་ལམ་རོལ་རྩེད་རྩེ་སྐབས་རོལ་རྩེད་ཁྲོད་མི་ཆ་མེད་ཀྱིས་དངུལ་འཇོག་བརྡ་ཁྱབ་བསྒྲགས་པར་ཡིད་ཆེས་མི་རུང་། གཞུང་ཕྱོགས་དྲ་ལམ་དུ་བསྒྲགས་པ་མ་ཡིན་པའི་ཆ་འཕྲིན་ཐམས་ཅད་རྫུན་མ་ཡིན།

169.རོལ་རྩེད་རྩེ་ཞོར་དང་སྒོར་མོ་འཚོལ་ཞོར་ཟེར་བར། རང་ཉིད་མགོ་སྐོར་ཐེབས་པར་མཉམ་འཇོག་བྱེད་དགོས།

[གྱོད་དཔེ།] ཧྥན་ཆེ་གེ་མོ་བུད་མེད་ཆ་མེད་ཅིག་གིས་སྐད་འཕྲིན་ཚོགས་པ་ཞིག་ཏུ་བཅུག བུད་མེད་དེས་ཧྥན་ཆེ་གེ་མོར“ཁ་པར་སྐར་གསོག”ཅེས་པའི་རོལ་རྩེད་ཅིག་ངོ་སྤྲོད་བྱས་པར་མ་ཟད། མིང་ལ“ཐོ་རངས་སྐར་ཚོགས”ཞེས་པའིAppཞིག་འོས་སྦྱོར་བྱས། ཧྥན་ཆེ་གེ་མོས་ཕབ་འཇུག་བྱས་ཏེ་ཐོ་འགོད་བྱས་པ་མ་ཟད་སྔ་རྗེས་སུAppནང་སྒོར17000བཞག་རྗེས། Appདེ་ཁ་འབྱེད་ཐབས་མེད་པ་ཤེས།

[དབྱེ་ཞིབ།] ཉེ་བའི་ལོ་འགའི་རིང་། དྲ་ལམ་དུ་རོལ་རྩེད་རྩེ་ཞོར་དུ་སྒོར་མོ་འཚོལ་བའིAppམང་པོ་འབྱུང་བཞིན་ཡོད། མི་མང་པོ་ཞིག་གིས་འདི་ནི་མ་འཇོག་ཞིག་ཏུ་བཟུང་ནས། དངུལ་བཏང་རྗེས་ཁེ་བཟང་ལེན་ཐུབ་པར་འདོད་ལ། མི་འགྱང་བར་མ་སྒོར་ཡང་སླར་ལེན་ཐུབ་པར་འདོད། དེ་ལས་ཚབས་ཆེ་བ་ནི་མི་ལ་ལས་འདི་དག་ནི་མགོ་སྐོར་ཡིན་པར་དོགས་པ་ཆེ་ན་ཡང་། ད་དུང་གཡོ་འོག་ཏུ་ཚུད་པར་འཇུག་ཅིང་། རང་ཉིད་བདེ་འཇགས་ངང་སླར་ཡོང་ཐུབ་པར་འདོད། མ་འཇོག་ལ་ཧ་ཅང་གཟབ་དགོས། སྐྱེད་ཀ་མཐོན་པས་མགོ་ཐོམས་པར་འཇུག་མི་རུང་། དྲ་ལམ་གྱི་ཁྲིམས་འགལ་དངུལ་བསྡུ་དང་བརྒྱུད་ཚོང་གི་མགོ་སྐོར་ཐེབས་པར་གཡོལ་དགོས། རང་དགར་གྱིས་དངུལ་གཏོང་རྒྱུ་ནོར་བདག་གཉེར་སྟེགས་བུ་ཟེར་བ་ཕབ་འཇུག་བྱེད་མི་རུང་བར། རིག་པ་དང་ལྡན་པའི་སྒོ་ནས་དངུལ་གཏོང་བརྒྱུད་ལམ་འདེམ་དགོས། གལ་ཏེ་མགོ་སྐོར་ཐེབས་པ་ཤེས་མ་ཐག དུས་ཚོད་དང་པོའི་ནང་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་གཏོང་དགོས།

170.དཔེ་ཁྲིད་དགེ་རྒན་གྱིས་སློབ་མའི་སྐར་གྲངས་བསྐུར་བྱུང་། ཡོང་ཁུངས་མི་གསལ་བའི་སྦྲེལ་ཐག་ཏུ་འཇུག་མི་རུང་།

[གྱོད་དཔེ།] ཁྲིམས་འགལ་མགོ་སྐོར་པས་དཔེ་ཁྲིད་དགེ་རྒན་གྱི་མིང་ཐོག་ནས། སློབ་གྲྭའི་ཕྱོགས་དང་འཛིན་བདག་སོགས་སུ་བརྫུས་ཏེ། སྦྲེལ་ཐག་ཡོད་པའི་མགོ་སྐོར་ཡིག་ཟམ་བསྐུར་ཞིང་། སློབ་མའི་སྐར་གྲངས་དང་སློབ་གྲྭ་ནང་གི་སློབ་མའི་གནས་ཚུལ་སོགས་ལ་ཁ་གཡར་ནས། སློབ་མ་དང་ཁྱིམ་བདག་གིས་སྦྲེལ་ཐག་མནན་ནས་མགོ་སྐོར་གཏོང་བ།

[དབྱེ་ཞིབ།] ད་ལྟ་དྲ་ལམ་དུ་ཉ་འཛིན་པའི་ཡིག་ཟམ་ཐབས་ལམ་གསར་པ་བསྟུད་མར་འབྱུང་བཞིན་ཡོད། མགྲོན་ནག་མི་ཉུང་བ་ཞིག་ཡིག་ཟམ་བསྐུར་མཁན་དུ་བརྫུས་ནས། ཡིག་ཟམ་བསྐུར་ཡིག་ཏུ་མགོ་སྐོར་སྦྲེལ་ཐག་སྦས། རྫུ་ཐབས་ཤིན་ཏུ་མཐོ་བའི་དབང་གིས་སྤྱིར་བཏང་གི་མི་ལ་མགོ་སྐོར་ཐེབས་སླ། གལ་ཏེ་སྦྲེལ་ཐག་མནན་ཚེ། མི་སྒེར་གྱི་ཆ་འཕྲིན་གསང་བ་ཤོར་ཡང་སྲིད་ལ། ཀྲི་ཧྥུ་པའོ་དང་སྐད་འཕྲིན་སོགས་རྒྱུ་ནོར་ཆ་འཕྲིན་ཡང་བོར་སྲིད། དེའི་ཕྱིར། ང་ཚོས་བདེ་འཇགས་ངང་ཁ་པར་བཀོལ་སྤྱོད་བྱེད་པའི་གོམས་གཤིས་སློབ་དགོས། ཡོང་ཁུངས་མི་གསལ་བའི་སྦྲེལ་ཐག་ཏུ་འཇུག་མི་རུང་ལ། རིན་མེདWILIསྦྲེལ་བར་གཟབ་དགོས། གལ་ཏེ་ཆ་རྐྱེན་ཡོད་ཚེ། ཁ་པར་དུ་དུག་སེལ་མཉེན་ཆས་ཕབ་འཇུག་བྱས་ན་ལེགས། ཁ་པར་དུག་སེལ་མང་པོས་བརྡ་འཕྲིན་སྦྲེལ་ཐག་ལ་དབྱེ་འབྱེད་བྱེད་ཅིང་། དུས་ལྟར་ཉེན་ཁའི་གསལ་བརྡ་གཏོང་བ་དང་། ཉེན་ཟོན་ནུས་པ་མཐོར་འདེགས་གཏོང་དགོས། (མུ་འགོད།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།