ཀྲུང་གོ་བོད་ཀྱི་དྲ་བ།

ཁང་པ་གླ་སྐབས་གན་རྒྱ་བཞག་མེད་ཚེ་དུས་ངེས་མེད་དུ་ཕྱིར་སློག་བྱེད་ཆོག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2023-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ལ་ཕ་ཡུལ་དུ་ཁང་སྟོང་ཞིག་ཡོད། ན་ནིང་ངའི་གཉེན་ཉེ་ཞིག་གིས་ང་ལ་འབྲེལ་གཏུག་བྱས་ནས་དེ་གླ་རྒྱུ་ཡིན་ཟེར། སྐབས་དེར་ངེད་གཉིས་ཀྱིས་ཁ་པར་གྱི་ལམ་ནས་གླ་ཡུན་ལོ་གཉིས་ཀྱི་ཁ་ཆད་བཞག་པ་དང་མཉམ་དུ། གླ་རིན་སོགས་ཀྱི་ཁ་ཆད་ཀྱང་བཞག་རྗེས། ངས་ཁང་པའི་ལྡེ་མིག་ཁོར་སྤྲད་པ་ཡིན།

ཉེ་ལམ་གཉེན་ཉེ་དེས་ང་ལ་ཁ་པར་བཏང་སྟེ་དེ་མ་མྱུར་དུ་ཁང་པ་ཕྱིར་སློག་བྱེད་རྒྱུ་ཡིན་ཟེར། ང་རང་དེར་མི་འཐད་མོད། འོན་ཀྱང་ཁོས་དང་ཐོག་ངེད་གཉིས་ཀྱིས་ཁ་པར་གྱི་ལམ་ནས་བཞག་པའི་གླ་ཡུན་ལོ་གཉིས་ཀྱི་ཁ་ཆད་དེ་ཁས་མི་ལེན་པ་རེད།

འདིར་འདྲི་རྒྱུ་ཞིག་ནི་གནས་ཚུལ་འདི་ནི་ཁ་ཆད་དང་འགལ་བའི་རིགས་སུ་གཏོགས་སམ།

ཞེས་བློ་མཐུན་ཚེ་རིང་ནས།

བློ་མཐུན་ཚེ་རིང་ལགས།

དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། གླ་ཡུན་ཟླ་ངོ6གི་ཡན་ཡིན་ཚེ། ཡིག་ངོས་ཀྱི་རྣམ་པ་བརྒྱུད་དེ་གན་རྒྱ་འཇོག་དགོས། དོ་བདག་པས་ཡིག་ངོས་ཀྱི་གན་རྒྱ་བཞག་མེད་པའི་དབང་གིས། གླ་ཡུན་གཏན་འཁེལ་བྱེད་དཀའ་བའི་རིགས་ནི་གླ་ཡུན་ངེས་གཏན་མིན་པའི་གླ་ཐབས་སུ་བརྩི་དགོས།

དོ་བདག་པས་གླ་ཡུན་ཐད་ཀྱི་ཁ་ཆད་བཞག་མེད་པ་དང་ཡང་ན་ཁ་ཆད་གསལ་པོ་མིན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན510པའི་གཏན་འབེབས་ལྟར་གཏན་འཁེལ་བྱེད་མི་ཐུབ་ཚེ། གླ་ཡུན་ངེས་གཏན་མིན་པར་བརྩི་དགོས། དོ་བདག་གིས་དུས་ངེས་མེད་དུ་གན་རྒྱ་མེད་པར་བཟོས་ཆོག་མོད། འོན་ཀྱང་ལུགས་མཐུན་གྱི་དུས་ཡུན་ཞིག་གི་སྔོན་ལ་ཕ་རོལ་པོར་བརྡ་རྒྱག་དགོས།

དེའི་ཕྱིར། ཁྱེད་གཉིས་ཀྱིས་ཁང་པ་གླ་སྐབས་ཡིག་ངོས་ཀྱི་གན་རྒྱ་བཞག་མེད་པར་མ་ཟད། གླ་ཡུན་གྱི་ཐད་ནས་ཀྱང་ལྟ་ཚུལ་མི་མཐུན་པས། གལ་ཏེ་ཁྱོད་ཀྱིས་དང་ཐོག་ཁང་པ་གླ་སྐབས་ཀྱི་གླ་ཡུན་ལོ2ཡིན་པ་བདེན་དཔང་བྱེད་མ་ཐུབ་ན། གླ་ཡུན་ངེས་གཏན་མིན་པའི་གླ་ཐབས་སུ་བརྩི་དགོས་པ་རེད།

གླ་ཡུན་ངེས་གཏན་མིན་པའི་གླ་ཐབས་སྤྱད་པ་གཞིར་བཞག་ཐོག གླ་མཁན་གྱི་ངོས་ཐད་ནས་དུས་སྔོན་དུ་ཁྱེད་ལ་ཁང་པ་གླས་པ་ཕྱིར་བསློག་རྒྱུའི་རེ་བ་བཏོན་པས། སྤྱིར་བཏང་དུ་ཁ་ཆད་དང་འགལ་བའི་ཁོངས་སུ་མི་གཏོགས་པ་རེད།

ཡང་གཅིག་བཤད་ན། ཁྱེད་གཉིས་ཀྱིས་ཁང་པ་གླ་སྐབས་ཡིག་ངོས་ཀྱི་གན་རྒྱ་བཞག་མེད་པས། ཕྱོགས་གཉིས་ཀའི་སུ་ཡིན་ཡང་དུས་ངེས་མེད་དུ་ཁ་ཆད་མེད་པར་བཟོས་ཆོག་གོ །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།