ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་ཟླའི་ཐུན་མོང་རྒྱུ་ནོར་ཐད་ཀྱི་ཤེས་བྱ་ཕྲན་བུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2023-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱུ་ནོར་གང་དག་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་སམ།

དྲིས་ལན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1062པའི་གཏན་འབེབས་དང་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འཁེལ་ལྟར་ན། གཤམ་གྱི་རྒྱུ་ནོར་འདི་དག་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་ཡིན།

དང་པོ། གླ་ཕོགས་དང་བྱ་དགའི་དངུལ། ངལ་རྩོལ་གླ་ཆ་སོགས།

གཉིས་པ། ཐོན་སྐྱེད་དང་གཉེར་སྐྱོང་། མ་དངུལ་གཏོང་འཇོག་བྱས་པ་ལས་ཐོབ་པའི་ཡོང་སྒོ། གལ་ཏེ་བཟའ་ཟླ་ཕྱོགས་གཉིས་ཀྱི་གཅིག་གིས་ཀུང་སི་གཉེར་བཞིན་པ་དང་། གཅིག་ཁྱིམ་བདག་མ(མཁན)བྱེད་ཀྱིན་ཡོད་ན། ཀུང་སིའི་རྐང་དབང་ཡོང་སྒོ་དང་ཁེ་སྤོགས་ཀྱང་ཕྱོགས་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་ཡིན།

གསུམ་པ། ཤེས་བྱའི་ཐོན་དབང་གི་ཡོང་སྒོ།

བཞི་པ། རྒྱུན་འཛིན་དང་གཞན་གྱིས་ཕུལ་བ་ལས་ཐོབ་པའི་རྒྱུ་ནོར། ཡིན་ཡང་ཁ་ཆེམས་དང་འབུལ་ཡིག་གན་རྒྱའི་ནང་གཏན་འཁེལ་གསལ་པོ་བྱས་ཡོད་ཚེ། མི་སྒེར་ལ་གཏོགས་པ་ཡིན།

ལྔ་པ། བཟའ་ཟླ་ཐུན་མོང་ལ་དབང་འོས་པའི་རྒྱུ་ནོར་གཞན་དག འདིར་བསྟན་པའི“གཞན་དག”ཅེས་པའི་ནང་དུ། ཕྱོགས་གཅིག་གིས་མི་སྒེར་གྱི་རྒྱུ་ནོར་བཏང་བ་བརྒྱུད་ནས་ཐོབ་པའི་ཡོང་སྒོ་དང་། ཕྱོགས་གཉིས་ཀར་དོན་དངོས་སུ་ཐོབ་པ་དང་ཡང་ན་ཐོབ་འོས་པའི་སྡོད་ཁང་ཁ་གསབ་དང་སྡོད་ཁང་སྤྱི་གསོག་དངུལ། གཞི་རྩའི་རྒན་གསོ་དངུལ། མ་རྩ་བརྡིབས་པའི་བདེ་འགོད་ཁ་གསབ་དངུལ་བཅས་འདུ་བ་ཡིན།

འདིར་ཆེད་དུ་གསལ་འདེབས་བྱེད་རྒྱུ་ཞིག་ནི། བཟའ་ཟླ་གཉིས་ལས་ཅིག་ཤོས་ཀྱི་མི་སྒེར་རྒྱུ་ནོར་ལས་ཐོབ་པའི་ཡོང་སྒོའི་སྐྱེད་ཀ་དང་རང་བྱུང་འཕར་ཐང་ཕུད་པའི་ཡོང་སྒོ་དེ། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་ངོས་འཛིན་བྱེད་འོས། གལ་ཏེ་ཕྱོགས་གཅིག་གི་གཉེན་མ་བསྒྲིགས་པའི་སྔོན་གྱི་སྒེར་གྱི་ཁང་ནོར་ལ་གཉེན་བསྒྲིགས་རྗེས་གླ་དངུལ་ཐོབ་པ་དེ། ཕྱོགས་གཉིས་ཀས་དུས་ཚོད་དང་སེམས་ཤུགས་བཏོན་ནས་གཉེར་སྐྱོང་བྱས་པ་ལས་ཐོབ་པ་ཡིན་པས། དེའང་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཀྱི་དོན་ཚན66པའི་ནང་གཏན་འཁེལ་གསལ་པོ་བྱས་དོན། བུད་མེད་ལ་ཁྱོ་ག་དང་འདྲ་མཉམ་གྱི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་བདག་འཛིན་དང་བཀོལ་སྤྱོད། ཡོང་སྒོ་ལེན་པ། ཐག་གཅོད་པ་བཅས་ཀྱི་དབང་ཆ་ཡོད་ལ། དེར་ཕྱོགས་གཉིས་ཀའི་ཡོང་འབབ་གནས་ཚུལ་སོགས་ཀྱིས་ཤུགས་རྐྱེན་མི་ཐེབས་པ་ཡིན།

དེ་ལས་གཞན། འབྲེལ་ཡོད་ཀྱི་ཁྲིམས་འཛིན་འགྲེལ་བཤད་ཀྱིས་ད་དུང་གཏན་འཁེལ་བྱས་དོན། ཕྱོགས་གཉིས་ཀ་ལས་གཅིག་གིས་གཉེན་མ་བསྒྲིགས་པའི་སྔོན་ལ་བོགས་མར་བླངས་པ་དང་། གཉེན་བསྒྲིགས་རྗེས་ཐུན་མོང་རྒྱུ་ནོར་སྤྱད་དེ་ཉོས་པའི་ཁང་པ་དེ་ཕྱོགས་གཅིག་གི་མིང་ཐོག་ཏུ་ཐོ་འགོད་བྱས་ཡོད་ནའང། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་ངོས་འཛིན་བྱེད་འོས།

གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་སྐབས་སུ། ཕྱོགས་གཅིག་གིས་རྒྱུ་ནོར་སྦ་གསང་བྱས་ན་ཇི་ལྟར་བྱ།

དྲིས་ལན། གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ། ཐུན་མོང་རྒྱུ་ནོར་གྱི་དོ་དམ་དང་བཀོལ་སྤྱོད་བྱེད་སྟངས་སོགས་ཁྱིམ་ཚང་སོ་སོའི་གནས་ཚུལ་དངོས་ཀྱི་དགོས་མཁོ་དང་འཚོ་བའི་གོམས་གཤིས་ལྟར་གྲོས་བསྡུར་བྱས་ནས་ཐག་གཅོད་དགོས་མོད། འོན་ཀྱང་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལྟར་ན། གལ་ཏེ་ཕྱོགས་གཅིག་གིས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་གཏོང་བ། བག་མེད་ལོངས་སྤྱོད་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་བའམ། ཡང་ན་བཟའ་ཟླའི་ཐུན་མོང་བུ་ལོན་རྫུན་བཟོ་བྱེད་པ་སོགས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་ལ་གནོད་པ་ཚབས་ཆེན་བཟོ་བའི་བྱ་སྤྱོད་བྱུང་ཚེ། ཕྱོགས་གཞན་པ་དེས་ཁྲིམས་ཁང་ལ་ཁྲིམས་སྦྱོར་ཞུ་གཏུག་བྱས་ནས། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག

ཐ་ན་བཟའ་ཟླ་གཉེན་འཐོར་བའི་རྗེས་སུ་ཡིན་རུང་། ཕྱོགས་གཅིག་ལ་གོང་དུ་བརྗོད་པའི་བྱ་སྤྱོད་དེ་དག་ཡོད་པ་ཤེས་ཚེ། མི་དམངས་ཁྲིམས་ཁང་ལ་ཁྲིམས་སྦྱོར་ཞུ་གཏུག་བྱས་ནས། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་དགོས་པའི་རེ་བ་བཏོན་ཆོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།