ནར་མ་སོན་པའི་བྱིས་པས་ཆང་འཐུང་ནས་རླངས་འཁོར་དོན་རྐྱེན་བཟོས་ན་འགན་ཇི་ལྟར་འཁུར་དགོས།

གྱོད་གཞི།

2020ལོའི་ཟླ12པའི་ཚེས10ཉིན་གྱི་ནམ་གུང་། ལོ16ལ་སོན་མ་ཐག་པའི་ཚེ་དཔལ་གྱིས་རླངས་འཁོར་བསྐོར་ཏེ་མཉམ་མ་བཞག་པར་རླངས་འཁོར་འཇོག་སར་བཞག་ཡོད་པའི་རླངས་འཁོར་གཞན་པ་ཞིག་ལ་གདོང་ཐུག་བརྒྱབ། རླངས་འཁོར་དེའི་བདག་པོས་ཁོ་རང་ནར་མ་སོན་པའི་བྱིས་པ་ཞིག་ཡིན་པ་ཤེས་རྗེས། མྱུར་དུ་ཉེན་རྟོག་པར་གཏུག་བཤེར་བྱས། ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་བ་ན། ཚེ་དཔལ་ནི་ནར་མ་སོན་པའི་བྱིས་པ་ཞིག་ཡིན་པར་མ་ཟད། ད་དུང་ལུས་ཧྲིལ་པོར་ཆང་དྲིས་ཁྱབ་འདུག་ཅིང་། གསལ་འབྱེད་བྱས་པ་བརྒྱུད། ཚེ་དཔལ་གྱི་ཁྲག་རྒྱུན་ཁྲོད་དུ་ཆང་བཅུད་འདུས་ཚད124mg∕100%ལ་བུད་ཡོད་པས། ཆང་གིས་བཟི་རྗེས་རླངས་འཁོར་བསྐོར་བའི་རིགས་སུ་གཏོགས་པ་རེད། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འགྲིམ་འགྲུལ་དོན་རྐྱེན་འདིའི་འགན་ཡོངས་རྫོགས་ཚེ་དཔལ་གྱིས་འཁུར་དགོས་པར་ཐག་བཅད།

2021ལོའི་ཟླ8པའི་ཚེས5ཉིན། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཚེ་དཔལ་གྱི་འགྲིམ་འགྲུལ་དོན་རྐྱེན་དེ་ཧུའུ་ཀྲུའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་སྤྲད་དེ་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན་པ་དང་། དོགས་ཡོད་ཉེས་ཅན་ཚེ་དཔལ་ནར་སོན་མེད་པའི་དབང་གིས། ཧུའུ་ཀྲུའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཧུའུ་ཀྲུའུ་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་པའི་བརྡ་སྦྱོར་བཏང་།

རོགས་སྐྱོར།

2021ལོའི་ཟླ8པའི་ཚེས10ཉིན། ཧུའུ་ཀྲུའུ་རྫོང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་ཅེ་ཨན་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་ཀུའོ་ཆེ་གེ་མོ་མངགས་ནས་ཚེ་དཔལ་གྱི་དག་འབུད་ཁྲིམས་རྩོད་པའི་འགན་འཁུར་དུ་བཅུག འགན་འཁྲི་དེ་དང་ལེན་བྱས་རྗེས། རོགས་སྐྱོར་ཁྲིམས་རྩོད་པ་ཀུའོ་ཆེ་གེ་མོ་ཡིས་ཚེ་དཔལ་དང་ཁོའི་ཁྱིམ་མི་ལ་འབྲེལ་གཏུག་བྱས་ཏེ་བཅའ་ཁྲིམས་རོགས་སྐྱོར་ཐད་ཀྱི་དབང་ཆ་དང་འོས་འགན་སོགས་ངོ་སྤྲོད་གསལ་པོ་བྱས་པ་དང་། གྱོད་དོན་གྱི་གནས་ཚུལ་རྒྱུས་ལོན་གསལ་པོ་བྱས་པར་མ་ཟད། དུས་ཐོག་ཏུ་ཞིབ་དཔྱོད་ཁང་དུ་སོང་ནས་གྱོད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ཤིང་། དེ་ནས་ཡང་བསྐྱར་ཚེ་དཔལ་དང་ངོ་ཐུག་ནས་འབྲེལ་ཡོད་གནས་ཚུལ་ལ་ཞིབ་བཤེར་བྱས།

རྒྱུས་ལོན་བྱས་པ་བརྒྱུད། ཚེ་དཔལ་ནི་སློབ་མ་ཞིག་ཡིན་ལ། ཕ་མ་གཉིས་བཟའ་འཐོར་བྱུང་ཡོད་པ་དང་། སྤྱི་ཚོགས་འབྲེལ་བ་སྟབས་བདེ་ཡིན་ལ་དེ་སྔར་ཉེས་པ་གང་ཡང་བསགས་མྱོང་མེད་པར་མ་ཟད། ཚེ་དཔལ་རང་ཉིད་ཀྱང་ཉེས་བསགས་བྱ་སྤྱོད་ལ་འགྱོད་གདུང་དྲག་པོ་སྐྱེ་བཞིན་ཡོད་ཅིང་། ཚེ་དཔལ་དང་ཁོའི་ཁྱིམ་མིས་ཁྲིམས་འཛིན་ལས་ཁུངས་ཀྱི་བརྟག་དཔྱད་དང་ཐག་གཅོད་དང་ལེན་བྱེད་རྒྱུ་དང་། གནོད་སྐྱོན་ཐེབས་པའི་འཁོར་བདག་གི་གྱོང་གུན་ཡོངས་རྫོགས་གསབ་རྒྱུའི་འདུན་པ་གསལ་པོར་བསྟན། རོགས་སྐྱོར་ཁྲིམས་རྩོད་པ་ཀུའོ་ཆེ་གེ་མོས་སུན་སྣང་མེད་པར་ཚེ་དཔལ་ལ་ཉེན་ཁའི་འཁོར་གཏོང་ནག་ཉེས་ཀྱི་གྲུབ་རྐྱེན་དང་བྱས་ཉེས་ཚད་འབེབས་སོགས་ཀྱི་ཁྲིམས་ལུགས་ཤེས་བྱ་འགྲེལ་བཤད་བྱས་པ་དང་། གྱོད་དོན་གྱི་དོན་དངོས་དང་དག་འབུད་ལྟ་ཚུལ་དེ་ཚེ་དཔལ་དང་ཁོའི་ལྟ་སྐྱོང་བར་གསལ་པོར་བཤད་རྗེས། ཁོར་ཞུ་གཏུག་མི་བྱེད་པ་བརྩོན་ལེན་བྱེད་རྒྱུ་འཐད་པ་བྱུང་། ཚེ་དཔལ་གྱིས་རང་གིས་ནོར་འཁྲུལ་ཚབས་ཆེན་བཟོས་པ་ངོས་ཟིན་ཏེ། རོགས་སྐྱོར་ཁྲིམས་རྩོད་པས་ཁོར་ཅིས་ཀྱང་དག་འབུད་ཡག་པོ་བྱེད་རོགས་ཞུ་དགོས་པའི་རེ་བ་ནན་མོ་ཞུས་ཤིང་། ཁོ་རང་མུ་མཐུད་དུ་སློབ་གྲྭར་འགྲིམས་ནས། རྗེས་ཕྱོགས་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ཏེ། ཁྲིམས་འགལ་བྱ་བར་གཏན་ནས་མི་ཞུགས་པའི་ཁས་བླངས།

དེའི་རྗེས་སུ། རོགས་སྐྱོར་ཁྲིམས་རྩོད་པ་ཀུའོ་ཆེ་གེ་མོས་ཡང་བསྐྱར་ཞིབ་དཔྱོད་དཔོན་ལ་གནས་ཚུལ་ཡང་ཡང་བཤད་དེ། ལོ་དེའི་ཟླ9པའི་སློབ་མགོ་མ་བརྩམས་པའི་སྔོན་དུ་ཚེ་དཔལ་གྱི་གྱོད་གཞི་ཐག་གཅོད་བྱེད་རྒྱུའི་གྲོས་གཞི་བཏོན། 2021ལོའི་ཟླ8པའི་ཚེས26ཉིན། གྱོད་གཞི་འདིར་ཧུའུ་ཀྲུའུ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་དཔང་ཉན་ཚོགས་འདུ་བསྡུས་པ་དང། ཞིབ་དཔྱོད་ཁང་གིས་མི་དམངས་ཟུར་དཔྱོད་པ་སོགས་སྤྱི་ཚོགས་ཚོགས་སྒྲིལ་གྱི་འབྲེལ་ཡོད་འཐུས་མི་ཚོགས་འདུར་ཞུགས་པར་གདན་ཞུ་བྱས།

དཔང་ཉན་གོ་རིམ་གྱི་བར་མཚམས་སུ། རོགས་སྐྱོར་ཁྲིམས་རྩོད་པ་ཀུའོ་ཆེ་གེ་མོས་ཚེ་དཔལ་གྱི་གནས་ཚུལ་ཐད་ནས་དག་འབུད་ལྟ་ཚུལ་སྤེལ། ཁོས་བཤད་རྒྱུར། ཚེ་དཔལ་གྱིས་རང་ཉེས་ངོས་ལེན་བྱས་པར་མ་ཟད་ནར་མ་སོན་པའི་མི་ཡང་ཡིན་པ་དང་། ཐེངས་དང་པོར་ཁྲིམས་དང་འགལ་བ་དང་དེ་སྔ་རྣམ་འགྱུར་ལེགས་ཤིང་ཁྲིམས་འགལ་གྱི་བྱ་བ་གང་ཡང་བསྒྲུབས་མྱོང་མེད་པ། རང་རྟོགས་སྒོས་ཉེས་པ་ངོས་ལེན་དང་འགྱོད་བཤགས་བྱེད་ཀྱིན་ཡོད་ལ། ཁྱིམ་མིས་ཀྱང་རང་རྟོགས་སྒོས་འཁོར་བདག་གི་གྱོང་གུན་གསབ་པར་མ་ཟད། འཁོར་བདག་གི་གུ་ཡངས་ཐོབ་ཡོད་པ་དང་། དོགས་ཡོད་ཉེས་ཅན་ཚེ་དཔལ་ནི་ནར་མ་སོན་པའི་མི(སློབ་གྲྭ་རུ་ཡོད་པའི་སློབ་མ)ཡིན་པས། ཁྲིམས་ཐག་བཅད་ཚེ་སྦྱོང་ཚན་ལ་འགོར་འགྱངས་ཐེབས་ཁོ་ཐག་ཡིན་པར་མ་ཟད་མི་ཚེ་ལ་ནག་ཐིག་འབབ་སྲིད་པ་སོགས་ཀྱི་དབང་གིས། ཚེ་དཔལ་ལ་ཞུ་གཏུག་མི་བྱེད་པའི་རེ་འདུན་ཞུས།

2021ལོའི་ཟླ9པའི་ཚེས10ཉིན། ཧུའུ་ཀྲུའུ་རྫོང་ཞིབ་དཔྱོད་ཁང་གིས་ཚེ་དཔལ་གྱི་ཉེས་བསགས་བྱ་སྤྱོད་ལ་ཞུ་གཏུག་མི་བྱེད་པའི་ཐག་བཅད།

གྱོད་གཞི་དཔྱད་འཇོག

གྱོད་གཞི་འདིར་ཞིབ་བཤེར་ཞུ་གཏུག་བྱེད་སྐབས། ཞིབ་དཔྱོད་ཁང་གིས་ཚེ་དཔལ་གྱི་རྒྱུན་ལྡན་གྱི་བྱ་སྤྱོད་དང་འཚར་ལོངས་ཀྱི་བརྒྱུད་རིམ་ལ་བརྟག་དཔྱད་བྱས་པ་དང་། ཚེ་དཔལ་གྱིས་ཐེངས་འདིར་ཉེས་པ་བསགས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་རྗེས། ནར་མ་སོན་པའི་མིས་ཁྲིམས་འགལ་ནག་ཉེས་བསགས་པར“སློབ་གསོ་དང་བློ་འགུག སྐྱོབ་ཐབས”བཅས་ཀྱི་བྱེད་ཕྱོགས་གཞིར་འཛིན་པ་དང་། “སློབ་གསོ་གཏོང་བ་གཙོ་བོ་དང་ཆད་པ་གཅོད་པ་ཕལ་བ་ཡིན་པའི་རྩ་དོན”རྒྱུན་འཁྱོངས་བྱས་ནས། ཚེ་དཔལ་ལ་ཞུ་གཏུག་མི་བྱེད་པའི་ཐག་བཅད། ཕྱོགས་གཅིག་ནས་ཚེ་དཔལ་ནར་སོན་མེད་པས། ལུས་ཁམས་དང་སེམས་ཁམས་གང་ཡིན་རུང་ད་རུང་འཚར་ལོངས་བྱུང་ཡག་མིན་པས། བདེན་རྫུན་དབྱེ་འབྱེད་དང་རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་ལ་རྨོངས་པས། བསམ་སྦྱོར་གཉིས་ཀྱི་ཐད་རྟག་པར་ཕྱོགས་ལྷུང་དང་མུན་འཐོམས། ཧོལ་རྒྱུག་བཅས་ཀྱི་རང་བཞིན་ཡོད་པ་རེད། དེའི་ཕྱིར། ཁྱིམ་ཚང་དང་སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་མཛུབ་སྟོན་ལེགས་པོ་བྱས་ཏེ། རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ། མི་ཚེ་ལྟ་བ་ཡང་དག་ཅིག་འཛུགས་པ་དང་།ལོག་ལམ་དུ་འགྲོ་བར་གཡོལ་ཅི་ཐུབ་བྱེད་དགོས། ད་ལྟའི་གནས་ཚུལ་ལ་གཞིགས་ན། ནར་མ་སོན་པའི་མིའི་ལྟ་སྐྱོང་བ་ཞིག་ཡིན་པའི་ཆ་ནས། བྱིས་པར་ལྟ་སྐྱོང་ལེགས་པོ་མ་བྱས་པའི་དབང་གིས་དོན་རྐྱེན་འདི་རིགས་བྱུང་བ་ཡིན་པས། ལྟ་སྐྱོང་བས་དམངས་དོན་གུན་གསབ་འགན་འཁྲི་འཁུར་འོས་ཤིང་། དེས་ཚེ་དཔལ་ལ་ཁྲིམས་ཆད་མི་གཅོད་པར་གཞོགས་འདེགས་ནུས་ལྡན་བྱས་ཡོད། ཡང་གཅིག་བཤད་ན། ཚེ་དཔལ་ཁྲིམས་ལ་འགལ་ཐེངས་དང་པོ་ཡིན་པ་དང་། དེ་སྔའི་བྱ་སྤྱོད་ལེགས་པ་དང་བྱས་ཉེས་ངན་པ་གང་ཡང་བསགས་མེད་པ། རང་རྟོགས་སྒོས་ཉེས་པ་ངོས་ལེན་བྱས་ཤིང་འགྱོད་བཤགས་ལེགས་པོ་བྱས་པ། ལྟ་སྐྱོང་པས་རང་རྟོགས་སྒོས་འཁོར་བདག་གི་གྱོང་གུན་གསབ་པ་དང་། འཁོར་བདག་གི་གུ་ཡངས་ཐོབ་པ་སོགས། ཞིབ་དཔྱོད་ལས་ཁུངས་ཀྱི་བྱེད་སྟངས་དེས་ཁྲིམས་འཛིན་ལས་ཁུངས་ཀྱིས་ནར་མ་སོན་པའི་མིའི་ཉེས་དོན་གྱོད་གཞི་སྒྲུབ་སྐབས་བརྩི་དགོས་པའི་རྩ་དོན་གང་ལེགས་ཀྱིས་མཚོན་ཡོད།

“བགྲོད་ལམ་ཁྲི་སྟོང་མང་པོ་ཡོད་རུང་། བདེ་འཇགས་ཀྱི་བགྲོད་ལམ་ནམ་ཡང་དང་པོར་འཇོག་དགོས”ཞེས་པ་ལྟར་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་དོན་དག་ཡིན་ལ། ནར་མ་སོན་པའི་མི་ལ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་སློབ་གསོ་གཏོང་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ཁྱིམ་བདག་ནི་ནར་མ་སོན་པའི་མིའི་མི་ལུས་བདེ་འཇགས་ལ་འགན་འཁུར་མཁན་དང་པོ་ཡིན་པས། ནར་མ་སོན་པའི་མི་ལ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཁྲིམས་སྲོལ་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་པ་དང་། རང་དཔེ་གཞན་སྟོན་བྱེད་ཞོར་ཁྱིམ་གྱི་རླངས་འཁོར་ལ་དོ་དམ་ལེགས་པོ་བྱས་ནས། ནར་མ་སོན་པའི་མི་ལ་རླངས་འཁོར་བསྐོར་དུ་འཇུག་མི་རུང་བ་དང་། ནར་མ་སོན་པའི་བྱིས་པར་སློབ་གསོ་དང་དོ་དམ་ནན་མོ་བྱས་ཏེ། ནར་མ་སོན་པའི་མིའི་བདེ་འཇགས་ལ་འགན་ལེགས་པོར་འཁུར་དགོས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།