ཀྲུང་གོ་བོད་ཀྱི་དྲ་བ།

ཉའེ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་སྒྲུབ་གཉེར་བྱེད་པར་ཁ་གཡར་ཏེ་མགོ་སྐོར་བཏང་བའི་སྐོར་གྱི་ཉེས་དོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག གྱོད་དོན་གྱི་གཞི་རྩའི་གནས་ཚུལ།

གྱོད་དོན་གྱི་མིང་། ཉའེ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་སྒྲུབ་གཉེར་བྱེད་པར་ཁ་གཡར་ཏེ་མགོ་སྐོར་བཏང་བའི་སྐོར་གྱི་ཉེས་དོན།

ཞུ་འབུལ་ལས་ཁུངས། རྐང་ཚ་རྫོང་སྤྱི་བདེ་ཅུའུ།

གཉིས། གྱོད་དོན་གནད་བསྡུས།

2019ལོའི་ཟླ་དང་པོར་བསྟན་ཆེ་གེ་མོས་གྲོགས་པོ་བརྒྱུད་དེ་ཉེས་གསོག་དོགས་ཅན་ཉའེ་ཆེ་གེ་མོར་ངོ་ཤེས་ཤིང་ཕན་ཚུན་གླེང་མོལ་སྐབས་བསྟན་ཆེ་གེ་མོས་ཕར་ཕྱོགས་ལ་ཁ་ལོ་བའི་ལག་ཁྱེར་སྤྲོད་འདོད་ཡོད་ཅེས་བརྗོད་ཅིང་ལག་རྟགས་ཀྱི་རྒྱུགས་ལ་ཞུགས་ན་ཧ་ཅང་རྙོག་དྲ་ཆེ་ཚུལ་བཤད།  དོགས་ཡོད་ཉེས་ཅན་ཉའེ་ཆེ་གེ་མོས་རང་ཉིད་ནི་ལས་ཁུངས་ག་གེ་མོ་ཡི་ལས་བྱེད་མི་སྣ་ཡིན་པར་མ་ཟད། སྒེར་གྱི་འབྲེལ་བར་བརྟེན་ཏེ་སྒོར་ཁྲི་གཅིག་གིས་འགྲོ་སོང་བཏང་ན་མིང་ཐོ་དང་རྒྱུགས་ལེན་མི་དགོས་པར་ཁ་ལོ་བའི་ལག་རྟགས་ལེན་ཆོག་ཅིང་། གལ་ཏེ་ཟླ་བདུན་གྱི་ནང་འགྲུབ་མ་ཐུབ་ན། དངུལ་ཚང་མ་ཕྱིར་སྤྲད་ཆོག་ཚུལ་བཤད། བསྟན་ཆེ་གེ་མོས་བདེན་པར་འདོད་ནས་སྒོར་ཁྲི་གཅིག་བྱིན། རྗེས་སུ། བསྟན་ཆེ་གེ་མོས་ཐེངས་མང་པོར་འགྲོ་ལུགས་དེ་འགྲུབ་མིན་གྱི་གནས་ཚུལ་དྲིས་པར། ཚང་མ་དོགས་ཡོད་ཉེས་ཅན་ཉའེ་ཆེ་གེ་མོས་རྒྱུ་མཚན་སྣ་ཚོགས་ཀྱི་སྒོ་ནས་དུས་འགྱངས་བྱས་པ་རེད། 2021ལོའི་ཟླ1པོར། བསྟན་ཆེ་གེ་མོས་ཐེངས་མང་པོར་རྒྱུ་མཚན་དྲིས་པར་འབྲས་བུ་མ་ཐོན་པས་ད་གཟོད་རང་ཉིད་ལ་མགོ་སྐོར་ཐེབས་སོང་པ་ཤེས་ཏེ་མྱུར་དུ་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་དུ་གྱོད་དོན་སྙན་ཞུ་བྱས།

གསུམ། བརྟག་དཔྱད་དང་ཐག་གཅོད།

གྱོད་དོན་སྙན་ཞུ་འབྱོར་རྗེས། རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་མགྱོགས་མྱུར་གྱིས་ཧྲག་དམག་སྒྲིག་འཛུགས་བྱས་ནས་གྱོད་གཞིར་གསེད་བཀྲོལ་བྱས། འཚོལ་ཞིབ་དང་ཞིབ་བསྡུར་གང་མང་བརྒྱུད་མཐར་ཟི་ལིང་གི་གཞས་ཁུལ་ག་གེ་མོ་ཞིག་ཏུ་ཉེས་གསོག་དོགས་ཅན་ཉའེ་ཆེ་གེ་མོ་འཛིན་བཟུང་བྱས། ཉེས་གསོག་དོགས་ཅན་ཉའེ་ཆེ་གེ་མོ་འཛིན་བཟུང་ཐེབས་རྗེས་ད་གཟོད་རང་གིས་བསླུ་བྲིད་བྱ་སྤྱོད་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་རེད།

སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བརྟག་དཔྱད་བྱས་པ་བརྒྱུད། 2019ལོའི་ཟླ་དང་པོ་ནས་བཟུང་དོགས་ཡོད་ཉེས་ཅན་ཉའེ་ཆེ་གེ་མོས་གཞུང་ལས་མི་སྣའི་མིང་ཐོག་ནས་འགེབས་སྲུང་བྱས་པ་དང་། མི་སྒེར་གྱི་འབྲེལ་བའི་ཐོག་ནས་ཁ་ལོ་བའི་ལག་ཁྱེར་གཉེར་ཆོག་ཅེས་རྫུན་བཤད། སྔ་རྗེས་སུ་ཏན་ཆེ་གེ་མོ་དང་སུའོ་ཆེ་གེ་མོ་སོགས་གནོད་འཚེ་ཕོག་མཁན་བརྒྱད་ལ་དངུལ་སྨར་སྒོར་ཁྲི8ལྷག་ཙམ་གཡོ་ལེན་བྱས་པ་དང་། དེ་ལས་བྱུང་བའི་བཙོག་དངུལ་ཁག་གཅིག་བུ་ལོན་འཇལ་རྒྱུར་སྤྱད་པ་དང་། ཁག་གཅིག་མི་སྒེར་གྱི་བག་མེད་ལོངས་སྤྱོད་ལ་སྤྱད་པ་རེད།

མིག་སྔར་ཉེས་གསོག་དོགས་ཅན་ཉའེ་ཆེ་གེ་མོ་ཁ་བསླུས་བརྒྱབ་ནས་བསགས་པའི་དོགས་ཡོད་ཉེས་ཅན་དེ་ངེད་ཅུའུ་ཡིས་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་འདྲི་ཞིབ་དང་སྔོག་འདོན་བྱེད་བཞིན་ཡོད།

གསུམ། ཁྲིམས་ལུགས་དབྱེ་ཞིབ།

མགོ་སྒོར་གཏོང་བའི་བྱས་ཉེས་ཞེས་པ་ནི་ཁྲིམས་འགལ་གྱིས་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྫུན་བཟོའི་དོན་དངོས་སམ་ཡང་ན་གནས་ཚུལ་ངོ་མ་སྦས་གསང་བྱེད་པའི་བྱ་ཐབས་ལ་བརྟེན་ནས་གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་ཟེར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པར། གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཀྱང་མཉམ་དུ་གཅོད་རྒྱུའམ་གཅིག་པུར་གཅོད་རྒྱུ། རྒྱུ་ནོར་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། དངུལ་ཆད་ཀྱང་མཉམ་དུ་གཅོད་རྒྱུ། རྒྱུ་ནོར་ཧ་ཅང་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཧ་ཅང་ཆེ་བའི་གནས་ཚུལ་གཞན་དག་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་ཀྱང་མཉམ་དུ་གཅོད་རྒྱུ། ཁྲིམས་འགྲེལ(2011)ཨང7པ《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་སྐོར་གྱོད་གཞིའི་ཞིབ་ཕྲའི་ཉེར་སྤྱོད་བཅའ་ཁྲིམས་སྐོར་གྱི་གནད་དོན་འགའ་ཞིག་གི་འགྲེལ་བཤད》ཀྱི་གཏན་འབེབས་ལ་གཞིགས་ན། གཞུང་སྒེར་གྱི་རྒྱུ་ནོར་གྱི་རིན་ཐང་སྒོར་སུམ་སྟོང་ནས་ཆིག་ཁྲི་ཡན་དང་། སྒོར་ཁྲི་གསུམ་ནས་ཆིག་འབུམ་ཡན་བར། སྒོར་འབུམ་ལྔ་ཡན་གཡོ་ལེན་བྱས་པའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པར་གཏན་འབེབས་བྱས་པའི“གྲངས་འབོར་ཅུང་ཆེ་བ”དང་།“གྲངས་འབོར་ཧ་ཅང་ཆེ་བ།”“གྲངས་འབོར་ཤིན་ཏུ་ཆེ་བ”བཅས་སོ་སོར་ངོས་འཛིན་བྱ་དགོས།

གྱོད་དོན་འདིའི་ཁྲོད་དུ་དོག་ཡོད་ཉེས་ཅན་ཉའེ་ཆེ་གེ་མོས་ལས་བྱེད་མི་སྣར་བརྫུས་ཏེ། མི་སྒེར་གྱི་འབྲེལ་བ་ལས་ཁ་ལོ་བའི་ལག་ཁྱེར་ལེན་ཐུབ་ཚུལ་བཅས་ཀྱི་སྣང་ཚུལ་གྱིས་གྱོང་གུན་ཐེབས་མཁན་ལ་ནོར་འཁྲུལ་གྱི་ངོས་འཛིན་བྱུང་དུ་བཅུག་ནས་རྒྱུ་ནོར་བླངས་པའི་བྱ་སྤྱོད་དེ་མགོ་སྐོར་གྱི་བྱས་ཉེས་སུ་གྲུབ་ཡོད་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལྟར་ན། དོགས་ཡོད་ཉེས་ཅན་ཉའེ་གེ་མོས་ཉེས་དོན་གྱི་འགན་འཁུར་དགོས།

བཞི། དཔེར་འོས་དོན་སྙིང་།

ཉེ་བའི་ལོ་ཤས་རིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་ཆབས་ཅིག རླངས་འཁོར་ཡང་མང་ཚོགས་ཚང་མས་བཀོལ་སྤྱོད་བྱས་དང་བྱེད་མུས་ཡོད་ཅིང་། ཁ་ལོ་བའི་ལག་ཁྱེར་ལེན་པའི་དགོས་མཁོ་ཡང་ཆེ་རུ་ཕྱིན་ཡོད། འོན་ཀྱང་མི་འགའ་ཞིག་གིས་སྒྱིད་ལུག་བྱེད་པ་དང་རྒྱུགས་ལེན་མི་འདོད་པའི་སེམས་ཁམས་ཀྱིས་ཁྲིམས་འགལ་བ་ཚོར“ཚོང་ལས་ཀྱི་གོ་སྐབས”སྤྲད་དེ་མགོ་སྐོར་ཐེབས་ཀྱིན་ཡོད། འདིར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་རྣམས་ལ་གསལ་འདེབས་ཞུ་རྒྱུ་ཞིག་ལ། ཉིད་ཀྱིས་ཚད་ལྡན་གྱི་ཁ་ལོ་བའི་སློབ་གྲྭ་བརྒྱུད་ནས་མིང་ཐོ་འགོད་པ་དང་ཁ་ལོ་པའི་ལག་ཁྱེར་ལེན་དགོས་པ་ལས། དངུལ་སྤྲད་དེ་ལག་ཁྱེར་ལེན་ཐུབ་པའི་བསླུ་བྲིད་ཀྱི་བྱ་སྤྱོད་ལ་ཡིད་ཆེས་བྱ་མི་རུང་བར། རང་ཉིད་ཀྱི་རྒྱུ་ནོར་ལ་རང་ཉིད་ཀྱིས་སྲུང་སྐྱོབ་བྱེད་དགོས།  །

(འཕྲིན་གཏོང་པ། བཙུན་ཐར་རྒྱལ། ཧུའུ་ཅུན་ཆི། སྒྲོལ་མ་སྐྱིད། ཨན་ཡུང་ཀྲོང་།)

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།