རྡོ་རྗེ་རྒྱལ་མཚན་ལ་ཆད་པ་གཅད་དགོས་སམ།

གྱོད་དཔེ།

རྡོ་རྗེ་རྒྱལ་མཚན་དང་ཁྱིམ་མཚེས་བན་དེ་གཉིས་སྔོན་ནས་བཟུང་མི་འགྲིག་པས། ཉིན་ཞིག་ལ་བན་དེ་བྱ་བ་ཕྲན་ཚེགས་ཤིག་གི་དབང་གིས་རྡོ་ཐར་ཚང་གི་ར་སྐོར་ནང་སོང་ནས་རྣམ་རྒྱལ་དང་ཁ་བརྡ་བྱེད་བཞིན་ཡོད་པ་དང་། དེ་རྗེས་ཁོ་གཉིས་བར་དུ་ཁ་རྩོད་བྱུང་། རྩོད་གླེང་གི་སྐབས་སུ་རྡོ་རྗེ་རྒྱལ་མཚན་གྱིས་རང་ཁྱིམ་ན་བཏགས་ཡོད་པའི་སྤྱང་ཁྱི་བན་དེའི་སྟེང་ལ་བཏང་བ་ན་ཁོ་རང་སྐྲག་ཐག་ཆོད་དེ་ས་ལ་འགྱེལ་སོང་། བན་དེ་སར་འགྱེལ་ནས་རྨས་ཕོག་སྟེ་སྨན་ཁང་དུ་ནད་བཅོས་བྱས་པ་དང་སྨན་རིན་ལ་སྒོར་སྟོང་ཕྲག་ལྷག་ཤོར། དེས་ན་རྡོ་རྗེ་རྒྱལ་མཚན་གྱིས་བསམ་གཟས་ནས་སྤྱང་ཁྱི་བཏང་སྟེ་མི་ལ་རྨས་སྐྱོན་བཟོས་པ་དེར་བདེ་འཇགས་ཉེས་ཆད་གཅད་དགོས་སམ།

ཕྲན་དཔྱད།

རྡོ་རྗེ་རྒྱུ་མཚན་གྱིས་སྤྱང་ཁྱི་བཏང་སྟེ་མི་གཞན་ལ་རྨུག་ཏུ་བཅུག་པ་ནི་བསམ་གཟས་ནས་མི་གཞན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཅིག་ཡིན་པས། བདེ་འཇགས་ཉེས་ཆད་བཅད་ན་འགྲིག

མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་སྲོག་ཆགས་གསོ་བ་སྟེ་ཁྱད་པར་གཅེས་པའི་སྲོག་ཆགས་གསོ་བའི་སྣང་ཚུལ་ནི་ཇེ་མང་ནས་ཇེ་མང་ཡིན། འོན་ཀྱང«བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས»ལྟར་ན། སྲོག་ཆགས་གསོས་ཏེ་མི་གཞན་གྱི་རྒྱུན་ལྡན་གྱི་འཚོ་བར་བར་ཆད་གཏོང་བའི་ཁྲིམས་འགལ་ཅན་ལ་ཐ་ཚིག་སྒྲོག་དགོས་པ་དང་། གལ་ཏེ་ཐ་ཚིག་བསྒྲགས་རྗེས་ཡོ་བསྲང་མི་བྱེད་པ་དང་ཡང་ན་སྲོག་ཆགས་ལ་བརྟེན་ནས་མི་གཞན་ལ་འཇིགས་སྐུལ་བ་སོགས་ལ་སྒོར200ཡན་དང་སྒོར400མན་གྱི་དངུལ་ཆད་གཅད་དགོས། སྲོག་ཆགས་ལ་བཙན་སྐུལ་གྱིས་མི་གཞན་ལ་གནོད་བསྐྱལ་དུ་འཇུག་པ་དེ་བསམ་བཞིན་དུ་མི་གཞན་གྱི་ལུས་པོར་གནོད་བསྐྱལ་བ་ལྟར་ཐག་གཅོད་བྱ་དགོས་ཏེ། ཉིན་ལྔའི་ཡན་དང་ཉིན་བཅུའི་མན་གྱི་བཀག་སྐྱིལ་བྱ་དགོས་པར་མ་ཟད་སྒོར200ཡན་དང500མན་གྱི་དངུལ་ཆད་གཅད་དགོས། གནས་ཚུལ་ཚབས་ཆེན་མིན་པ་རྣམས་ཉིན་ལྔའི་མན་གྱི་བཀག་ཉར་བྱ་དགོས་པ་དང་ཡང་ན་སྒོར500མན་གྱི་དངུལ་ཆད་གཅད་དགོས། འདིར་བཤད་བཞིན་པའི་སྲོག་ཆགས་ནི་ཁྱིམ་དུ་གསོ་བའི་གཅེས་པའི་སྲོག་ཆགས་ཆུང་ཆུང་མིན་པར་མིའི་ཐབས་ཀྱིས་གསོ་ཐུབ་པའི་སྲོག་ཆགས་ནི་ཁྱིམ་དུ་གསོ་བའི་སྲོག་ཆགས་ཐམས་ཅད་ལ་གོ་སྟེ། དཔེར་ན། རྟ་དང་བ་གླང་། ཕག ལུག ཁྱི། བོང་བུ། དྲེལ་སོགས་སྒོ་ཕྱུགས་ཀྱི་རིགས་དང་། བྱ་ཕོ་དང་ཆུ་བྱ། ངང་བ་སོགས་ཁྱིམ་བྱའི་རིགས། བྱ་སོགས་འདབ་ཆགས་ཀྱི་རིགས་སྣ་ཚོགས་ཀྱང་འདུས། མི་གཞན་གྱི་རྒྱུན་ལྡན་འཚོ་བར་བར་ཆད་གཏོང་བ་ཞེས་པ་ནི་གཅེས་པའི་སྲོག་ཆགས་ཀྱིས་འཛེར་སྒྲ་འབྱིན་པ་དང་གཅིན་སྐྱག་སོགས་བཏང་ནས་མི་གཞན་གྱི་རྒྱུན་ལྡན་བྱ་བ་དང་འཚོ་བར་ཤུགས་རྐྱེན་ཐེབས་པ། ཡང་ན་གཞན་གྱིས་བཏབ་ཡོད་པའི་ལོ་ཏོག་དང་གསོ་འཇོག་བྱས་ཡོད་པའི་འབྲུ་རིགས་བརྐུས་ནས་ཟ་བ་སོགས་གཞན་གྱི་ཁྲིམས་མཐུན་རྒྱུ་རྫས་ལ་གནོད་པ་སྐྱེལ་བ་ལ་གོ

གོང་གི་གྱོད་དོན་འདིའི་ནང་དུ། རྡོ་རྗེ་རྒྱལ་མཚན་གྱིས་བསམ་གཟས་ནས་སྤྱང་ཁྱི་བཏང་སྟེ་མི་གཞན་ལ་གནོད་བསྐྱལ་བའི་བྱ་སྤྱོད་དེབ«དེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས»ཀྱི་འབྲེལ་ཡོད་གཏན་ཁེལ་དང་འགལ་ཞིང་། སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གཏོར་བརླག་བཟོས་ཡོད་པར་མ་ཟད་གཞན་གྱི་མི་ལུས་དབང་ཆར་གནོད་བསྐྱལ་ཡོད། དེར་བརྟེན། སྤྱི་བདེ་ལས་ཁུངས་ཀྱིས་རྡོ་རྗེ་རྒྱལ་མཚན་ལ་བསམ་བཞིན་དུ་གཞན་གྱི་ལུས་པོར་གནོད་སྐྱེལ་བའི་བྱ་སྤྱོད་ལྟར་ཆད་གཅོད་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།